TTDL-ZABTER-12-NA-061: Difference between revisions

From Dudjom Wiki
TTDL-ZABTER-12-NA-061
No edit summary
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 09:38, 4 June 2024

Wylie title TTDL-ZABTER-12-NA-061.pdf
Location bdud 'joms gling pa zab gter
Volume 12, Text 61, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༣༦༡ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ འཇིགས་

བྱེད་ནཱ་ག་རཀྴའི་སྒྲུབ་པ་ཀླུ་གཉན་གདུག་པ་ཚར་གཅོད་བཞུགས་སོ༔

༠༠༠༠༠བརྡ་ཡིག༣༦༢ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༣༦༢ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ གཏི་མུག་ཀླུ་གཉན་གདུག་པ་དར༔ ནད་རིགས་མི་གཅིག་སྣ་ཚོགས་གཏོང་༔ མི་རྣམས་ཕལ་ཆེར་དེ་ཡིས་འཆི༔ ཁྱད་པར་མཛེ་ཤུ་པགས་ནད་དང་༔ བད་ཀན་ལས་གྱུར་སྣ་ཚོགས་པ༔ མ་ངེས་སྐྱི་སེར་བཞིན་དུ་འཚུབས༔ མཐའ་ཡི་འབྱུང་པོ་སྨོན་ལོག་པས༔ རྫས་སྔགས་དམོད་པའི་ཆོ་འཕྲུལ་སྟོན༔ སྐྱེ་འགྲོའི་ཤེས་རྒྱུད་བསླད་ཅིང་བསླུས༔ མི་དགེ་སྡིག་པའི་ལས་ལ་སྤྱོད༔ དཀོན་མཆོག་དབུ་འཕང་སྨད་ཅིང་འཕེན༔ བསྟན་འཛིན་སྐྱེས་བུ་དག་ལ་འཚེ༔ དེ་ཚེ་བདུད་ཀྱི་མགོ་ནོན་ཅིང་༔ ཀླུ་གཉན་གདུག་པའི་སྲོག་གཅོད་པ༔ འཇིགས་བྱེད་ནཱ་ག་རཀྴ་འདི༔ སྒྲུབ་པ་བྱེད་པའི་སྐྱེས་བུ་རྣམས༔ སྲིད་པ་གསུམ་ལས་རྣམ་པར་རྒྱལ༔ སྒྲུབ་གནས་རབ་དབེན་སྐྱེད་ཚུལ་དུ༔ དཀྱིལ་འཁོར་བཀོད་ལེགས་མཛེས་ལྡན་དུ༔ སྒྲུབ་དང་མཆོད་རྫས་ཡོ་བྱད་བཤམས༔ དཀར་ཕྱོགས་སྲུང་མར་དཀར་གཏོར་འབུལ༔ ནག་ཕྱོགས་རིགས་ལ་དམར་གཏོར་བཏང་༔ བགེགས་རིགས་གླུད་ཀྱིས་མཉེས་པར་བྱ༔ དང་པོ་སྐྱབས་སུ་འགྲོ་བ་ལ༔ ན་མོ༔ བླ་མེད་བླ་མ་དཀོན་མཆོག་གསུམ༔ རྩ་གསུམ་དམ་ཅན་རྒྱ་མཚོ་དང་༔ རིག་པ་སྐུ་བཞིའི་བདག་ཉིད་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ དེ་ནས་སེམས་བསྐྱེད་བྱ་བ་ལ༔ ཀྱཻ༔ མ་རིག་མུན་པའི་ཁྲི་མུན་དུ༔ སྡུག་བསྔལ་གསུམ་གྱིས་གདུང་བ་ཡི༔ སེམས་ཅན་ཐམས་ཅད་རབ་སྒྲོལ་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ དེ་ནས་བཀའ་བསྒོ་བགེགས་བསྐྲད་ལ༔ ཧཱུྃ༔ ང་ནི་མ་བཅོས་དོན་གྱི་ལྷ༔ འཇིགས་བྱེད་ནཱ་ག་རཀྴ་ཆེ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ གཏོར་མ་ལོངས་ལ་ཕྱིར་དེངས་ཤིག༔ ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ དེ་ནས་སྲུང་འཁོར་བསྒོམ་པ་ལ༔ ཧཱུྃ༔ དྲག་པོའི་སྒྱུ་འཕྲུལ་རོལ་པའི་གར༔ ཡེ་ཤེས་མཚོན་ཐུན་མེ་རླུང་ཆུའི༔ གུར་དང་ར་བ་ལྷུན་གྱིས་གྲུབ༔ གཞོམ་མེད་རྡོ་རྗེའི་རྒྱ་ཡིས་བཏབ༔ ཧཱུྃ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུྃ༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ བདེ་གཤེགས་སྙིང་པོ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས༔ ཀུན་ཁྱབ་ཐུགས་རྗེ་སྤྲུལ་པའི་སྐུ༔ དབྱིངས་ནས་སྐུར་བཞེངས་དབང་བྱིན་ཕོབ༔ ན་མོ་དྷརྨ་ཀཱ་ཡ༔ སམྦྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ བཛྲ་ས་མ་ཡ་ཛ་ཛ་ཨ་ཝེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་བརླབ་ལ༔ ཧཱུྃ༔ ཡུལ་དྲུག་ཀློང་ཆེན་ཡངས་པའི་མཁར༔ འདོད་ཡོན་སྣང་བ་ནམ་མཁའ་མཛོད༔ ཤེས་རིག་སྒྱུ་འཕྲུལ་རོལ་པས་བརླབ༔ ཕྱི་ནང་གསང་མཆོད་རྒྱན་དུ་སྤེལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་ག་ཎ་པཱུ་ཛ་ཧོཿགཞན་ཡང་མཆོད་པའི་སྔགས་རྣམས་བརྗོད༔ དེ་ནས་ཏིང་འཛིན་རྣམ་གསུམ་ལ༔ ཨཱཿསྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ ཁྱབ་བརྡལ་སྟོང་ཉིད་ཆེན་པོར་ཞིག༔ མཁྱེན་གཟིགས་ཡེ་ཤེས་མངོན་དུ་བྱ༔ ཀུན་ཁྱབ་ཀུན་གཟིགས་ཀུན་ཏུ་སྣང་༔ མཁའ་ལ་འཇའ་ཚོན་ཤར་བ་ལྟར༔ རང་རིག་ཧཱུྃ་གི་ཡི་གེ་ཤར༔ འོད་འཕྲོས་རབ་འཇིགས་དྲག་པོའི་ཞིང་༔ བསྐལ་པའི་མེ་དཔུང་འབར་བའི་ཀློང་༔ གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་དབུས༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་༔ བསྣོལ་ཞིང་བརྩེགས་པའི་ཁྲི་སྟེངས་སུ༔ པདྨ་ཉི་སྟེང་ཧཱུྃ་བབ་པའི༔ འོད་འཕྲོས་འཁོར་འདས་གཟི་བྱིན་བསྡུས༔ ཡོངས་གྱུར་གཤིན་རྗེའི་གཤེད་ཆེན་པོ༔ ཁྲོ་མཆོག་ནཱ་ག་རཀྴ་ནི༔ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ རྩ་བདུན་སྤྱན་གདངས་ཁྲོ་གཉེར་བསྡུས༔ སྨ་ར་སྨིན་མར་མེ་སྟག་འཕྲོ༔ སྦྲུལ་མགོ་དགུ་ཡིས་ཐོད་གདེངས་བྱས༔ རིན་པོ་ཆེ་ཡིས་པྲོག་ཞུ་གསོལ༔ དམར་ནག་རལ་པ་སྲིད་རྩེར་སླེབ༔ རྩ་བའི་ཕྱག་གཉིས་ཐུགས་ཀ་རུ༔ གྲི་གུག་འབར་བས་སྦྲུལ་གཏུབ་རོལ༔ གཡས་ཕྱག་བརྒྱད་ཀྱིས་གྲི་གུག་གིས༔ རྒྱ་མཚོའི་གཏིང་ནས་ཀླུ་རྣམས་བཀུག༔ གཡོན་བརྒྱད་ཀྱིས་བསྡམ་ཆེམ་ཆེམ་རོལ༔ སྦྲུལ་དང་མི་མགོའི་དོ་ཤལ་བྱས༔ ཡན་ལག་སྦྲུལ་ལྔའི་ཆུན་པོས་བརྒྱན༔ སྐུ་སྨད་སྦྲུལ་མཇུག་དུག་རླངས་འཕྱོ༔ བཙན་དུག་ངད་རླངས་ནུས་ལྡན་པའི༔ མེ་དཔུང་འབར་བའི་ཀློང་དུ་བསྐྱེད༔ སྤྱི་བོར་བདེ་ཆེན་འཁོར་ལོ་རུ༔ ཀླུ་གཤེད་བྱ་ཁྱུང་ནག་པོ་ལས༔ སྤྲུལ་པ་ཡང་སྤྲུལ་སྐར་ལྟར་འཁྲིགས༔ མགྲིན་པར་རྟ་མགྲིན་དམར་ནག་རྔམས༔ རལ་གྲི་སྦྲུལ་འཛིན་འདོར་སྟབས་བསྒྲད༔ ཐུགས་ཀར་གསང་བདག་ཁྲོ་གཏུམ་མཐིང་༔ རྡོ་རྗེ་སྦྲུལ་འཛིན་འདོར་སྟབས་བསྒྲད༔ ཀུན་ཀྱང་ཡེ་ཤེས་མེ་དཔུང་ཀློང་༔ དུར་ཁྲོད་ཆས་རྫོགས་ཁྲོ་ཆུང་འགྱེད༔ ཤར་དུ་གཤིན་རྗེ་གསོད་བྱེད་མཐིང་༔ སྡིག་གདོང་འབར་བས་རྒྱལ་འགོང་འཇོམས༔ ལྷོ་རུ་གཤིན་རྗེ་འཇོམས་བྱེད་ནག༔ ཕག་གདོང་འབར་བས་གཉན་རིགས་འཇོམས༔ ནུབ་ཏུ་གཤིན་རྗེ་ཟ་བྱེད་དམར༔ ཁྱུང་གདོང་འབར་བས་ཀླུ་གདོན་འཇོམས༔ བྱང་དུ་གཤིན་རྗེ་སྒྲོལ་བྱེད་ལྗང་༔ གླང་གདོང་འབར་བས་ས་བདག་འཇོམས༔ ཀུན་ཀྱང་གཡས་པས་དགྲ་སྟྭ་དང་༔ གཡོན་པས་འགུགས་བྱེད་ལྕགས་ཀྱུ་བསྣམས༔ སྟེང་ཕྱོགས་རྒྱལ་རིགས་འཇོམས་པའི་ཁྱུང་༔ མཐིང་ནག་མེ་ཡི་གཤོག་པ་ཅན༔ ཤར་ལྷོ་རྗེ་རིགས་འཇོམས་པའི་ཁྱུང་༔ དཀར་པོ་རལ་གྲིའི་གཤོག་པ་ཅན༔ ལྷོ་ནུབ་དམངས་རིགས་འཇོམས་པའི་ཁྱུང་༔ སེར་པོ་སྤུ་གྲིའི་གཤོག་པ་ཅན༔ ནུབ་བྱང་བྲམ་ཟེ་འཇོམས་པའི་ཁྱུང་༔ དམར་ནག་རླུང་གི་གཤོག་པ་ཅན༔ བྱང་ཤར་གདོལ་བ་འཇོམས་པའི་ཁྱུང་༔ ལྗང་ནག་མེ་ཡི་གཤོག་པ་ཅན༔ ཀུན་ཀྱང་རྐང་པས་ཀླུ་གཉན་གནོན༔ ལག་པས་དོན་སྙིང་འདྲེན་ཞིང་ཟ༔ རྭ་ཡིས་སྟེང་གི་ལྷ་གདོན་འབིགས༔ གཤོག་པས་བར་སྣང་སྡེ་བརྒྱད་འདུལ༔ རང་འདྲའི་སྦྲུལ་པ་དཔག་མེད་ཀྱིས༔ ཉོན་མོངས་བརྒྱད་ཁྲིའི་རང་གཟུགས་ཀྱི༔ གདོན་བགེགས་མ་ལུས་ཚར་བཅོད་བསམ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དུས་གསུམ་སངས་རྒྱས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན༔ དབྱིངས་ནས་སྤྱན་དྲངས་གཉིས་མེད་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ འོག་མིན་བརྡལ་ཁྱབ་ཆེན་པོ་ནས༔ ལྷུན་གྲུབ་སྒྱུ་འཕྲུལ་རོལ་པའི་གདངས༔ གང་འདུལ་ཐབས་ཀྱི་སྐུར་སྟོན་པའི༔ རྒྱལ་བ་སྲས་བཅས་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ གདོད་ནས་རང་སྣང་བཀོད་པ་ཀུན༔ དཀྱིལ་འཁོར་གསུམ་དུ་ལྷུན་གྱིས་གྲུབ༔ གཉིས་མེད་རང་བྱུང་རོལ་པ་ཆེ༔ མངོན་གྱུར་ཆེན་པོར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ལ༔ ཧཱུྃ༔ མཚན་མ་ཚིག་དང་བྲལ་བའི་མཁར༔ ཤེས་རབ་ཡེ་ཤེས་ཉི་གཞོན་ཤར༔ མ་རིག་ཉོན་མོངས་བདུད་འཇོམས་པའི༔ བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ དེ་ནས་མཆོད་པ་འབུལ་བ་ལ༔ ཧཱུྃ༔ ཡུལ་དྲུག་འདོད་ཡོན་སྣང་བའི་ཆོས༔ ཕྱི་ནང་གསང་མཆོད་རྒྱན་དུ་ཤར༔ ཡེ་ཤེས་རོལ་པའི་སྟོབས་ཀྱིས་བརླབས༔ མི་ཟད་ནམ་མཁའ་མཛོད་དུ་སྤེལ༔ རྒྱལ་བའི་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ བསོད་ནམས་ཚོགས་གཉིས་རྫོགས་གྱུར་ཅིག༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཔྡ་པཱུ་ཛ་ཧོཿརཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་སརྦ་པཱུ་ཛ་ཧོཿམ་ཧཱ་སརྦ་པཉྩ་རཀྟ་བ་ལིཾ་ཏ་བོ་དྷི་ཙིཏྟ་ཏ་ན་ག་ན་སརྦ་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས༔ གདུལ་བྱ་འདུལ་མཛད་ཆུ་ཟླའི་གར༔ གཏི་མུག་གཟུགས་ཀྱིས་མ་རིག་འཇོམས༔ ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་ཁྱུང་ཆེན་སྐུ་ཡི་དབྱིངས༔ པདྨ་དབང་ཆེན་གསུང་གི་དབྱིངས༔ རྡོ་རྗེ་གཏུམ་པོ་ཐུགས་ཀྱི་དབྱིངས༔ ཡོངས་འདུས་དཔལ་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་རང་གདངས་འཁོར་དུ་ངོམས༔ མཐུ་སྟོབས་ནུས་པའི་རང་གཟུགས་ཀྱིས༔ ལས་མཁན་ཕོ་ཉ་དྲག་ཤུལ་ཅན༔ སྒྱུ་འཕྲུལ་འཁོར་གྱི་རོལ་པར་བསྟོད༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ བདག་ནི་ཚེ་རབས་ཐོག་མེད་ནས༔ གཟུང་འཛིན་འཁྲུལ་བའི་དབང་གྱུར་ཏེ༔ ཡེ་ཤེས་རང་ཞལ་སྒྲིབ་པའི་སེམས༔ འཁོར་འདས་དག་མཉམ་ཆེན་པོར་བཤགས༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཡི་གེ་བརྒྱ་པ་བརྗོད༔ དེ་ནས་སྔགས་ཀྱི་དམིགས་གནད་ནི༔ ཧཱུྃ༔ བདག་ཉིད་གཤིན་རྗེ་གཤེད་ཆེན་པོའི༔ ཐུགས་གསང་ཉི་ཟླའི་གྭའུའི་ནང་༔ ཧཱུྃ་མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔ ཡིག་འབྲུ་རང་ལས་རང་གི་སྒྲ༔ འབྲུག་སྟོང་དུས་གཅིག་ལྡིར་བ་བཞིན༔ སྣོད་བཅུད་འབར་འཁྲུགས་ཤིག་ཤིག་འགུལ༔ འོད་ཟེར་མེ་སྟག་ལྟ་བུ་ཡིས༔ ཀླུ་གཉན་ས་བདག་གདོན་གྱི་རིགས༔ ནད་དག་ཆུ་སེར་གྲིབ་དང་བཅས༔ སྦུར་མ་མེ་ལ་བསྲེགས་བཞིན་བསྒོམ༔ ཨོཾ་ཕེ་ལཾ་ཧཱུྃ༔ དྲག་ཤུལ་ཕྲིན་ལས་སྔགས་དམིགས་ལ༔ ཧཱུྃ༔ རང་ཉིད་དྲག་པོའི་ཐུགས་ཀ་རུ༔ མེ་དཔུང་དྲི་ངན་བཙན་དུག་གི༔ འབར་འཁྲིགས་རབ་འཐུལ་འུར་ཆེམ་སྒྲ༔ བསྐལ་པ་དུས་མཐའི་མེ་ལྟ་བུས༔ གཏི་མུག་ཀླུ་གཉན་ས་བདག་གདོན༔ རྩྭ་སྐམ་དག་ལ་མེ་མཆེད་བཞིན༔ རྗེས་ལྷག་མེད་པར་བསྲེག་པར་བསྒོམ༔ ནག་པོ་ཏི་པ་ཙ་པ་ནཱ་ག་རཱ་ཙ་ཧཱུྃ་ཕཊ༔ བསྐྱེད་དང་དམིགས་པའི་གནད་ལྡན་ན༔ མཆོག་ཐུན་དངོས་གྲུབ་མྱུར་ཐོབ་ཅིང་༔ སྲིད་པ་གསུམ་ལས་རྣམ་པར་རྒྱལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།