DJYD-KABUM-05-CA-033: Difference between revisions

From Dudjom Wiki
DJYD-KABUM-05-CA-033
No edit summary
No edit summary
Line 7: Line 7:
|author=Dudjom Rinpoche
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|sourcerevealer=o rgyan gling pa
|sourcerevealertib=ཨོ་རྒྱན་གླིང་པ་
|terma=Yes
|deity=bka' brgyad
|cycle=dpal bka' 'dus chos kyi rgya mtsho
|cycletib=དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 5: . Kalimpong: Dupjung Lama, 1979-1985.
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཅ
|volumenumber=05
|volumenumber=05
|volumeLetter=CA
|volumeLetter=CA

Revision as of 09:55, 8 July 2024

Wylie title DJYD-KABUM-05-CA-033.pdf
Location bdud 'joms rin po che bka' 'bum
Volume 5, Text 33, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. . In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 5: . Kalimpong: Dupjung Lama, 1979-1985.
Side notes  
More details More details
Tertön ཨོ་རྒྱན་གླིང་པ་ (o rgyan gling pa)
Genre
Cycle དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ (dpal bka' 'dus chos kyi rgya mtsho)
Deity bka' brgyad
[edit]
༄༅། །སྒྲུབ་ཆེན་གྱི་གཏོང་ཐུན་སྤྱི་ཁྱབ་ལྷའི་

ཏམྦུ་རའི་དབྱངས་སྙན་ཞེས་ བྱ་བ་བཞུགས་སོ། །

(1བ)ཨོཾ་སྭསྟི། (སྒྲུབ་པ་པོ་རྣམས་གནས་སུ་འགོད་པའི་སྐབས་སུ་བབས་པ་ན་རྡོ་རྗེ་རྒྱལ་ཚབ་བམ་རྒྱལ་ཐེབས་ཀྱིས་གཙོ་བོས་གསལ་དག་བརྡ་དོན་འཕྲོད་པའི་སྒོ་ནས་འདི་སྐད་ཅེས་བྱ་སྟེ།) དེང་བཀྲ་ཤིས་པའི་དགེ་མཚན་རབ་ཏུ་འཆར་བའི་དུས་ཀྱི་ཆར། དཔལ་ཆེན་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་གནང་བ་ལ། ཇི་སྐད་དུ། གསང་བ་ཡོངས་རྫོགས་ཆེན་པོའི་རྒྱུད་ལས། རྒྱུད་དོན་གསང་བའི་སྒྲུབ་ཆེན་ལ། །བཞི་སྟེ་ཕུན་སུམ་ཚོགས་གཞི་བཟུང་། །སྟ་གོན་རིམ་པས་སྒྲོམ་དུ་གཞུག །དངོས་གཞི་བསྙེན་སྒྲུབ་གཞུང་བསྲང་སྟེ། །མཐའ་རྒྱས་ཆོ་གས་རྗེས་བསྐྱང་ངོ་། །ཞེས་གསུངས་པ་ལྟར། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་། སྔོན་འགྲོ་སྟྭ་(2ན)གོན་གྱི་རིམ་པས་སྒྲུབ་པ་སྒྲོམ་དུ་གཞུག །བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་། ལས་མཐའ་རྒྱས་ཀྱི་རིམ་པས་སྒྲུབ་པའི་རྗེས་བསྐྱང་བ་རྣམས་སུ་ཡོད་པ་ལས། ཐོག་མར་ས་བརྟག་བསླང་སྦྱོང་ཞིང་ཕྱི་ནང་གསང་བའི་མཚམས་བཅད། དཀྱིལ་འཁོར་བྲི་ཞིང་རྒྱན་འགོད་པ་སོགས་སྔོན་དུ་སོང་ནས། ད་ལམ་རྒྱལ་བའི་གདུང་འཛིན་སྟོན་པ་རྡོ་རྗེ་རྒྱལ་པོ་ལ་སོགས་པ་རིག་འཛིན་འདུས་པའི་ཚོམ་དུ་ཐམས་ཅད་གསང་བ་ཟབ་མོའི་དཀྱིལ་འཁོར་འདིར་ལྷག་པའི་ལྷ་དང་གཉིས་སུ་མེད་ཕྱིར་རང་རང་གི་ལས་ལ་འཇུག་པར་མངའ་གསོལ་ཏེ་ཆེ་བ་བསྐྱེད་པར་བགྱིད་པ་སྐབས་སུ་བབས་པ་སྟེ། དེ་ཡང་གནས་ཕུན་སུམ་ཚོགས་པ་སྤྱིར་བསྐལ་(2བ)བཟང་སྒྲོན་མེ་སྟོང་ཕྲག་གཅིག་གིས་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཞིང་ཁམས་ཁྱད་འཕགས་ལྷོ་རྒྱལ་འཛམ་བུ་གླིང་གི་ནང་ཚན་ཡུལ་ཆེན་ཉེར་བཞིའི་གཙོ་བོ་བོད་ཡུལ་ཁ་བ་ཅན་གྱི་ལྗོངས། འཕགས་མཆོག་ཕྱག་ན་པདྨོའི་འདུལ་ཞིང་། བྱེ་བྲག་སློབ་དཔོན་སངས་རྒྱས་གཉིས་པས་བྱིན་གྱིས་བརླབས་པའི་སྦས་ཡུལ་ཆེན་པོ་བཅུ་དྲུག་གི་ཡ་གྱལ་བདེ་ཆེན་པདྨ་རྣམ་པར་བཀོད་པའི་གྲོང་ཁྱེར་རྡོ་རྗེ་ཕག་མོ་ཀླུ་འདུལ་མའི་སྐུའི་བཀོད་པ་ལས་ཕྱག་གཡས་སྡིག་པ་འཛིན་པ་ཀོང་ཡུལ་ལྗོན་པའི་ལྗོངས་ཀྱི་ཐིག་ལེ་བུ་ཆུ་རིག་པ་འཛིན་པའི་དགའ་ཚལ་འོག་མིན་པདྨ་འོད་ཀྱི་གཞལ་མེད་ཁང་གཉིས་པ་ག་ལ་བར། དུས་ཕུན་སུམ་ཚོགས་པ་རབ་རྒྱལ་ལྕགས་ཡོས་ས་ཟླ་ཕྱི་མའི་ཡར་ངོ་། བདག་ཅག་གི་སྟོན་པ་མཉམ་མེད་དོན་ཀུན་གྲུབ་པ་ལུམྦི་ནིའི་སྐྱེད་ཚལ་དུ་བལྟམས་པ་དང་། རྡོ་རྗེ་གདན་དུ་མངོན་པར་སངས་རྒྱས་པ་དང་། རྩྭ་མཆོག་གྲོང་དུ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ་དུས་ཆེན་སུམ་འཛོམ་དུ་མ་ཟད་གུ་རུ་མཚོ་སྐྱེས་རྡོ་རྗེ་ཡབ་ཡུམ་ཨོ་རྒྱན་རྒྱལ་བློན་རྣམས་ཀྱིས་གསོན་བསྲེག་གི་སྦྱོར་བས་ཐོ་བརྩམས་པ་ན་མེ་དཔུང་མཚོར་བསྒྱུར་བའི་རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་བས་རྒྱལ་ཁམས་ཆོས་ལ་བཀོད་དེ་སྲས་མཆོག་པདྨ་རྒྱལ་པོ་ཞེས་པའི་མཚན་གྱི་དྲིལ་ཆེན་ས་གསུམ་སྐྱེ་(3ན)རྒུའི་རྣ་བའི་བཅུད་ལེན་དུ་བསྒྲགས་པར་མཛད་པའི་དུས་ཀྱི་ཆར། ཡོ་བྱད་ཕུན་སུམ་ཚོགས་པ་ལམ་རིམ་ལས། གོས་རྒྱན་བཟའ་བཏུང་གསང་བ་དང་། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་རྟེན་དང་བར་ཆད་ཟློག །ཡོ་བྱད་དག་པ་བསྡུ་བྱ་སྟེ། །ཞེས་པ་ལྟར། འཚོ་བ་ཟས། རྐྱེན་ཟློག་སྨན། སྒྲུབ་པ་རྫས། མཆོད་པའི་ཡོ་བྱད་སྤྱི་དང་བྱེ་བྲག་མཐའ་དག་གཙང་ཞིང་མ་ཚང་བ་མེད་པ། སྒྲུབ་པ་པོ་སྟོན་འཁོར་ཕུན་སུམ་ཚོགས་པ། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཛིན་བརྒྱད་འཆང་བ། །རྣལ་འབྱོར་མཐར་ལྡན་ཤིན་ཏུ་བརྟེན། །ཞེས་ལྟ་བ་ཏིང་ངེ་འཛིན་སྤྱོད་པའི་མཛོད་ཡོ་ག་གསུམ་ལ་མཁས་པའི་དོན་དང་ལྡན་ཞིང་ཕན་ནུས་ཟབ་མོའི་དབང་ཆུ་རྫོགས་པ། གསང་བའི་གཉེར་ཐུབ་ཅིང་རྒྱུད་ཀྱི་དངོས་པོ་བཅུ་ལ་མཁས་པ། སྒྲུབ་པའི་ལས་རིམ་ལ་མ་རྨོངས་ཤིང་མན་ངག་ཉམས་མྱོང་དང་ལྡན་པ། འཁོར་ཡང་རྒྱུད་རྒྱལ་གསང་བ་སྙིང་པོ་ལས། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །ཞེས་པའི་དོན་དང་ལྡན་ཅིང་། སྣོད་ཀྱི་སྐྱོན་གསུམ་བྲལ་ལ་ཡོན་ཏན་ལྔ་པོས་རྒྱུད་ཕྱུག་(3བ)པ། སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་གསང་སྔགས་གསར་མ་ལས་ཆེ་བ་དྲུག་གི་འཕགས་པ་སྔ་འགྱུར་རྙིང་མ། དེ་ལའང་རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ་གཉིས་ལས་ཟབ་མོ་གཏེར་གྱི་ཕྱོགས། རྒྱུད་ལུང་མན་ངག་རྒྱ་མཚོའི་ཉིང་ཁུ་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མར་ཡོངས་སུ་གྲགས་པ་ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱལ་མཚོ་ཞེས་རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོའི་རྣམ་རོལ་གཏེར་སྟོན་ཆེན་པོ་ཨོ་རྒྱན་གླིང་པས་ཡར་ལུང་ཤེལ་བྲག་པདྨ་བརྩེགས་པ་ནས་སྤྱན་དྲངས་པར་མཛད་པ་ཉིད་སླར་ཡང་བཀའ་བབས་བདུན་གྱི་ཤིང་རྟ་གངས་ཅན་མཁས་གྲུབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་ཉེ་བརྒྱུད་དུ་བཀའ་བབས་པའི་ཟབ་ཆོས་གཞན་ལས་དགོས་པ་ཁྱད་པར་འཕགས་པའི་ངོ་མཚར་ཤིན་ཏུ་ཆེ་བ་ཉིད་དེ། གསང་སྙིང་ལས། གནས་དང་ལོངས་སྤྱོད་ཅི་བདེ་དང་། མ་ཉམས་བློ་ནི་རབ་ལྡན་པས། །དང་པོར་དམ་ནོས་བཞིན་དུ་བྱ། །ལེ་ལོ་སྒྱིད་སྙོམས་མེད་པ་ཡིས། །ཐེ་ཚོམ་མེད་པར་བསྒྲུབ་བྱས་ན། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེའི་གསང་མཆོག་དམ་པ་ཐོབ། །ཅེས་པ་ལ་སོགས་ཇི་སྐད་གསུངས་པ་མཐའ་དག་ལེགས་པར་ཚོགས་ཏེ་སྒྲུབ་པའི་ལས་རིམ་དངོས་ལ་འཇུག་པའི་སྐབས་སུ་ལགས་ན། དཀྱིལ་(4ན)འཁོར་ཀུན་གྱི་ཁྱབ་བདག་སྟོན་པ་རྡོ་རྗེ་སློབ་དཔོན་ཉིད་རིག་འཛིན་འདུས་པ་རྒྱ་མཚོའི་མགོན་དུ་བཞུགས་ཏེ་ཏིང་འཛིན་ཟབ་མོའི་དགོངས་པ་ལས་ནམ་ཡང་གཡེལ་བ་མེད་པས་བྱིན་གྱིས་རློབ་པ་དང་། འདུས་པ་རྣམས་ལ་གང་ལ་གང་འཚམས་པའི་བསླབ་བྱ་དུས་ལས་མི་ཡོལ་བར་སྐྱོང་བའི་བཀའ་དྲིན་མཛད་པར་ཞུ། རྡོ་རྗེ་རྒྱལ་ཚབས་དང་རིགས་བཞིའི་རྒྱལ་ཐེབས་རྣམས་ཀྱིས་དམ་ཚིག་དང་ལྟ་སྤྱོད་ཀྱི་གནད་སྟོན་པ་དང་ཕྲིན་ལས་ཀྱི་གཞུང་སྲོང་བ་སོགས་སྔགས་ཀྱི་བྱ་བ་ཕལ་མོ་ཆེ་ལ་དབང་བསྒྱུར་ནས་སློབ་དཔོན་གྱི་གྲོགས་དན་མཛད་པར་ཞུ། རྡོ་རྗེ་གཟུངས་མས་ཁོག་ཡངས་ཆགས་སྡང་མིག་སེར་མེད་པར་ཏན་གན་གྱི་སྦྱོར་བ་ཟབ་མོས་བདེ་ཆེན་ཡེ་ཤེས་སྐྱེད་པའི་སྒྱུ་ཐབས་ལ་མཁས་པར་ཞུ། རྡོ་རྗེ་ལས་པས་སྒྲུབ་རྫས་མཆོད་པ་མཆེད་ལྕམ་ཐམས་ཅད་ཀྱི་བསྙེན་བཀུར་ཡོ་བྱད་སོགས་གང་ཡང་རྒྱུ་དངོས་དག་ཅིང་གཙང་སྦྲ་དང་ལྡན་པ་ཆགས་ཐོགས་མེད་པར་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལ་དབང་བསྒྱུར་བ་ལྟ་བུར་མཛད་པར་ཞུ། རྡོ་རྗེ་གིང་པས་ལས་ཀྱི་ཁྲོ་བོའི་ང་རྒྱལ་ལ་གནས་པས་དྲག་པོའི་ལས་སྔགས་སྲུབ་དབར་གང་བྱུང་དུ་བཟླ་བ་དང་བར་གཅོད་དམ་སྲི་འདུལ་བའི་སྟངས་སྟབས་དང་ཏིང་འཛིན་ལ་མཁས་པར་ཞུ། རྡོ་རྗེ་མཚམས་པས་སྒྲུབ་(4བ)ཁང་དུ་མཆེད་ལྕམ་དམ་ཚིག་མི་གཅིག་པ་སོགས་དངོས་གྲུབ་བཞུད་པར་བྱེད་པའི་རིགས་སྡོམ་གཅོད་ཀྱིས་མཚོན་བར་ཆད་སྲུང་བ་དང་ཕྱི་ནང་བརྡ་སྦྱོར་གྱི་ལས་ལ་མཁས་པར་ཞུ། རྡོ་རྗེ་སྤྱན་པས་ཟག་མེད་ཏིང་འཛིན་གྱིས་རྟོགས་པའམ་མེད་ན་ཟག་བཅས་མངོན་ཤེས་རྟོགས་པའི་ཐབས་དང་ལྡན་པས་བར་གཅོད་དང་དངོས་གྲུབ་ཀྱི་ལྟས་བརྟག་ལ་རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་ལ་བསྐུལ་མ་འདེབས་པར་ཞུ། རྡོ་རྗེ་དུས་མཚམས་པས་གཉིད་རྨུག་ལེ་ལོ་ཆུང་བས་སྒྲུབ་པའི་ནམ་ཚོད་དང་ཐུན་ཚོད་དུས་ལས་མི་ཡོལ་བར་ཞུ། རྡོ་རྗེ་ཕྱག་ཚང་པས་ཚོགས་དང་མཆོད་པའི་རྒྱུ་དངོས་ཕུད་མ་ཉམས་ཤིང་གཙང་སྦྲ་དང་ལྡན་པས་གསོལ་ཟས་དུས་ལས་མི་ཡོལ་བ་བདེ་བླག་དང་ལྡན་པར་ཞུ། རྡོ་རྗེ་བྱན་པ་ཕོ་མོས་གཙང་སྦྲ་དང་ལྡན་ཅིང་ཕུད་མ་ཉམས་པར་སྐྱེམས་འདྲེན་པའི་གོ་རིམ་དང་བྱ་བཞག་ལ་མཁས་པར་ཞུ། རྡོ་རྗེ་རྡུལ་ཕྱག་པས་སྒྲུབ་ཁང་ཕྱི་ནང་ཀུན་ཏུ་གད་བདར་བྱ་བ་དང་གང་དགོས་ཀྱི་བྱ་བ་ཕལ་མོ་ཆེ་སྒྲུབ་པ་ལ་སྒྱིད་ལུག་ཆུང་ཞིང་ཕྱིའི་ཉུལ་ལེ་སྐྲོད་པའི་གྲོགས་དན་མཛད་པར་ཞུ། དེར་མ་གཏོགས་པའི་རྡོ་རྗེའི་མཆེད་ལྕམ་གསེར་ཕྲེང་བྱིངས་ཐམས་ཅད་སྟོན་པ་རྡོ་རྗེ་སློབ་དཔོན་གྱི་བཀའ་ལས་མི་འདའ་ཞིང་བསྐྱེད་རྫོགས་ཏིང་འཛིན་ལྟ་སྒོམ་ལ་གནས་པས་ཆོ་གའི་གཞུང་སྲོང་བ་དང་། མཆེད་ལྕམ་ཐམས་ཅད་(5ན)གཅིག་གིས་གཅིག་ལ་བརྙས་སྨོད་ལོག་ལྟ་སོགས་སྤངས་ཏེ་དག་སྣང་སྦྱངས་ཤིང་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར་རྟོགས་པའི་གདིང་དང་ལྡན་པས་ཛཔྲ་ལ་བརྩོན་པ་དྲག་པོས་སྒྲུབ་འབྲས་བདེ་བླག་ཏུ་མཐར་ཕྱིན་པར་མཛད་པར་ཞུ་བ་ལགས་པས། དེང་འདིར་སྐྱེམས་དང་བཅས་སྙན་པའི་གདངས་ཀྱིས་བསྒོ་བའི་ཚེ་ན་རང་རང་གི་ལས་བསྒྲུབ་པར་སྤྲོ་བ་ཆེན་པོའི་ངང་ནས་འདི་དག་གི་རྗེས་ཟློས་གནང་བར་ཞུ། ༈ (དཔལ་གྱི་རྟགས་གདབ་པའི་སྐབས་སུ།)ད་ལམ་འདིར་འདུས་པའི་སྒྲུབ་པ་པོ་རྣམས་དོན་གྱི་དག་པ་སྦྱར་བས་ལྷ་དང་གཉིས་སུ་མེད་པར་རྟོགས་པ་དང་། རྟགས་ཀྱི་ཕྱག་རྒྱ་བཅིངས་པས་མཁའ་འགྲོ་དམ་ཅན་ཕོ་མོ་རྣམས་ཀྱིས་སྒྲུབ་པ་པོར་ཤེས་པ་དང་། བར་ཆད་བདུད་ཀྱིས་མི་ཚུགས་ཤིང་ཐབས་ཀྱི་ཐེག་པའི་རིགས་སུ་ངེས་པའི་འབྲས་བུ་མྱུར་དུ་འགྲུབ་པ་སོགས་དགོས་པ་དུ་མ་དང་ལྡན་པའི་ཧེ་རུ་ཀ་རོལ་པ་ཆེན་པོའི་ཆས་སུ་འཇུག་པའི་སྐབས་སུ་བབས་པ་སྟེ། ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལས། མ་འོང་དུས་ན་སྐྱེས་བུ་དག༔ དུས་གསུམ་སངས་རྒྱས་ཀུན་ངོ་བོ༔ སྐུ་གསུམ་ཕྲིན་ལས་ཆེ་བའི་མཆོག༔ ཀུན་ཏུ་བཟང་པོ་ཀུན་གྱི་བདག༔ ཧེ་རུ་ཀ་ཡི་ཚུལ་འཆང་བ༔ བརྟུལ་ཞུགས་བཟང་པོ་དེ་ལ་ནི༔ མ་རིག་ལོག་པར་ལྟ་བའི་ཚོགས༔ བདུད་བཞིའི་ཕྱོགས་སུ་གཏོགས་རྣམས་(5བ) ཀྱིས༔ འཚེ་ཞིང་བར་དུ་གཅོད་པའམ༔ གདུག་ཅིང་འདའ་བར་ནུས་མ་ཡིན༔ ཞེས་གསུངས། དེ་ཡང་རྟགས་ཕྱག་རྒྱའི་དབང་དུ་བྱས་ན། སྔོན་དཔལ་ཆེན་པོས་ཡི་དྭགས་ཀྱི་གཙོ་བོ་དུར་ཁྲོད་བདག་པོ་མ་ཏྲཾ་རུ་ཧ་བཏུལ་ཞིང་དེའི་ཆས་རྣམས་དཔའ་བའི་རྟགས་སུ་བཞེས་པ་ལས་བྱུང་བ་ཡིན་ཅིང་། བརྡའི་དག་སྦྱོར་གྱི་དོན་ཡང་། ཡེ་ཤེས་ལྔ་པོ་དོན་དམ་སྤྲོས་བྲལ་གྱི་དབྱིངས་སུ་གཅིག་པས་ཐོད་སྐམ་ལྔའི་དབུ་རྒྱན་རྒྱུ་མའི་ཁོང་སེང་གིས་སྦྲེལ་བ། ཟབ་མོ་ཐེག་ཆེན་གྱི་དོན་སྟོན་པས་གཏི་མུག་རྨོངས་པ་སེལ་བའི་གླང་ཆེན་གྱི་ཀོ་རློན། འཁོར་བ་མི་སྤངས་པའི་སྤྱོད་པས་འདོད་ཆགས་རྩད་ནས་གཅོད་པ་ཞིང་གི་གཡང་གཞི། ཕྱིན་ཅི་ལོག་དང་བྲལ་བས་ཞེ་སྡང་གི་རྟོགས་པ་འཇོམས་པ་སྤྲུལ་གྱི་ཆུན་པོ། ཕྲིན་ལས་རྣམ་པ་བཞི་ལྷུན་གྱིས་གྲུབ་པས་ང་རྒྱལ་གྱི་རི་བོ་བསྙིལ་བ་སྟག་གི་ཤམ་ཐབས། རྒྱུ་དྲུག་འཁོར་བའི་བཅུད་ཚོགས་གཉིས་ཀྱི་གསོས་སུ་བླངས་པ་ཞག་ཆེན་གྱི་ཟོ་རིས། ཁམས་གསུམ་གྱི་ཆགས་པ་དབང་དུ་སྡུད་པ་ཁྲག་ཆེན་གྱི་ཐིག་ལེ། འགྲོ་བའི་སྐྱེ་ཤི་རྩད་ནས་གཅོད་པ་ཐལ་ཆེན་གྱི་ཚོམ་བུ། དུག་གསུམ་སྐུ་གསུམ་དུ་ལྷུན་གྱི་རྫོགས་པ་ཐོད་ཕྲེང་ཚར་གསུམ། སྟོང་པ་ཉིད་ལ་ཅིས་ཀྱང་མི་ཤིགས་པའི་རྡོ་རྗེའི་གོ་ཁྲབ། མ་རིག་རྣམ་རྟོག་གི་ནགས་ཚོགས་ཡེ་ཤེས་ཆེན་པོའི་དབྱིངས་(6ན)སུ་སྲེག་བའི་མེ་དཔུང་བཅས་ཞིང་བཅུ་ཡོངས་སུ་སྒྲོལ་བ་དཔལ་གྱི་ཆས་བཅུ་སྟེ། ཁྲག་འཐུང་ཧེ་རུ་ཀའི་དཀྱིལ་འཁོར་འཁོར་ལོའི་གསལ་སྣང་དང་སྙེམས་པ་བརྟན་པོས་ཆས་རྣམས་མངས་གསོལ་དུ་བཞེས་པས། དུག་ལྔ་རྩད་ནས་གཅོད། སྟོབས་བཅུ་དང་མི་འཇིགས་པ་ལྡན། མ་མོ་མཁའ་འགྲོ་ཐམས་ཅད་ལ་དབང་བསྒྱུར། གདུག་པ་ཅན་ཟིལ་གྱིས་མནན། ཡི་དམ་འཁོར་ལོ་ཚོགས་ཆེན་གྱིས་ལ་མངའ་མཛད་པ་དཔལ་ཆེན་ཁྲག་འཐུང་ལྷའི་ཚོམ་བུའི་དགོངས་པ་ལས་གཡེལ་བ་མེད་པའི་ངང་ནས་འདིའི་རྫེས་ཟློས་གནང་བར་ཞུ།

༈(མར་མེ་སྨོན་ལམ་གྱི་སྐབས་སུ།)དེ་ཡང་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་དང་ནུས་སྟོབས་ཕྲིན་ལས་གཅིག་ཏུ་བསྡུས་པའི་བདག་ཉིད་སློབ་དཔོན་ཆེན་པོ་པདྨ་ཀཱ་རའི་ཐུགས་བསྐྱེད་སྨོན་ལམ་གྱི་སྣང་ཆར་ཤར་བ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཁོར་ལོའི་དབང་ཕྱུག་རྒྱལ་བའི་གདུང་འཚོབ་རྣམ་འདྲེན་རྡོ་རྗེ་འཛིན་པ་ཆེན་པོས་དབུ་མཛད། གསང་བ་ཟབ་མོའི་ལམ་གྱིས་རྒྱུད་སྦྱངས་ཤིང་བསྙེན་སྒྲུབ་ཀྱི་དྲོད་རྟགས་ཚད་དུ་ཐེམས་པ། སྒྲུབ་པ་ཆེན་པོའི་ལས་རིམ་ལ་རང་བྱན་ཚུད་ཅིང་འདའ་དཀའ་རྡོ་རྗེའི་དམ་ཚིག་གཉན་པོས་སྦྲེལ་བའི་མཆེད་ལྕམ་རིག་པ་འཛིན་པའི་ཚོམ་བུ་དཀྱིལ་འཁོར་གཅིག་ཏུ་ཚོགས་པ་རྣམས་ཀྱི་སྙན་དུ་ཅུང་ཟད་(6བ)གསོལ་བར་བགྱི་པ་ལ། གང་ཡང་བདེ་བར་གཤེགས་པའི་ཐུགས་དམ་ཐུགས་བསྐྱེད་དཔག་པར་དཀའ་བས་ནམ་མཁའི་ཇི་སྲིད་བར་གདུལ་བྱའི་དོན་སྤྱོད་པ་ལ་ཆགས་ཐོགས་མེད་པར་འཇུག་པ་ནི་ཆོས་ཉིད་ཡིན་ལ། དེ་ལས་རྡོ་རྗེའི་གསུམ་གི་གསང་བ་ཟབ་མོའི་ཆོས་ཕུང་ཇི་སྙེད་པ་གདུལ་བྱའི་མོས་བསམ་སྐལ་བ་དང་འཚམས་པར་བསྟན་པས་འགྲོ་རྣམས་ཐེག་པ་གསུམ་གྱི་བྱང་ཆུབ་ཏུ་དབུགས་དབྱུང་བར་མཛད་པ་ནི་ཕྲིན་ལས་ཀྱི་གཙོ་བོ་ཞིག་ཡིན་པ་ལས། འདིར་ནི་སློབ་དཔོན་ཆེན་པོའི་རྡོ་རྗེའི་བཀའ་ལས། རྒྱལ་བ་རྣམས་ཀྱིས་བློ་རིམ་བཞིན། །བསམ་ཡས་ཐེག་པའི་ཆོས་ཀྱི་སྒོ། །ཇི་སྙེད་གསུངས་པ་ཐམས་ཅད་ཀྱང་། །འདིར་འཇུག་ལམ་སྟེ་འདི་ཉིད་ཀྱིས། །གྲུབ་པའི་མཐའ་ཀུན་གཏན་ལ་འབེབས། །འདི་ཕྱིར་འདི་ནི་ཆོས་ཀུན་གྱི། །བླ་མ་ཉིད་དུ་ངེས་པའོ། །ཞེས་གསུངས་པར་ལྟར་རྒྱུ་འབྲས་ཀྱི་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། རྒྱུད་ལུང་མ་བུ་བཤད་འགྲེལ་དང་བཅས་པ། སྒོམ་ཁོག་གནད་གདམས་དང་བཅས་པ། ཕྲིན་ལས་ཕྱག་ལེན་དང་བཅས་པ། ལས་ཁ་ཚར་དགོས་དོན་དང་བཅས་པ། སྤྱི་བཤད་སྐོར་འགོ་དང་བཅས་པ། ཡིད་ཆེས་ལོ་རྒྱུས་དང་བཅས་པ། དཀྱིལ་འཁོར་གྱི་རིགས་སུ་གྱུར་པའི་ལྷ་ཚང་བ། ཐེག་པ་གོང་འོག་གང་དང་(7ན)ཡང་མི་འགལ་ཞིང་ཐམས་ཅད་གཅིག་ཏུ་འདྲིལ་བ། དྲུག་ལྡན་བརྒྱུད་པའི་བླ་མ་ཟམ་མ་ཆད་པ། དམ་ཉམས་དང་འདྲེས་ཁྱེར་གྱིས་ཤན་མ་ཞུགས་པ། གཏེར་བརྒྱུད་མཁའ་འགྲོའི་ཁ་རླངས་མ་ཡལ་བའི་གདམས་པ་ཟབ་མོ་དཔལ་ཆེན་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྒོ་ནས་སྒྲུབ་གཞི་ཕུན་སུམ་ཚོགས་པས་སྒྲུབ་ཆེན་གྱི་གཞི་བཟུང་བ་དང་། སྔོན་འགྲོ་སྟྭ་གོན་གྱི་རིམ་པས་སྒྲུབ་ཆེན་སྒྲོམ་དུ་གཞུག་པ་དང་། དངོས་གཞི་བསྙེན་སྒྲུབ་ཁྲིགས་ཆགས་ཀྱི་སྒོ་ནས་སྒྲུབ་ཆེན་གྱི་གཞུང་བསྲང་བ་བཅས་བར་ཆད་མེད་པར་ལེགས་པར་གྲུབ་ནས། ད་ལམ་མཐའ་རྒྱས་ལས་ཀྱི་རིམ་པས་སྒྲུབ་ཆེན་གྱི་རྗེས་སྐྱོང་བའི་ནང་ཚན་བྱ་བ་ལས་ཀྱི་འཁོར་ལོ་མཐར་ཕྱིན་པའི་འབྲས་བུ་དོན་དུ་བྱ་བའི་ཕྱིར་རྟེན་འབྲེལ་ཁྱད་འཕགས་མར་མེ་སྨོན་ལམ་གདབ་པ་སྐབས་སུ་ཕབས་པ་ལགས། དེ་ཡང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་རང་རང་གི་དགེ་བའི་རྩ་བ་ཇི་སྙེད་པ་བསྐྲུན་པར་མཛད་པའི་འབྲས་བུ་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་ནས་གཞན་དོན་འབའ་ཞིག་ཏུ་བསྔོས་ཏེ་སྨོན་ལམ་གདབ་པར་མཛད་པ་དེ་བཞིན་དུ། དེང་འདིར་ཚོམ་དུ་གཅིག་ཏུ་ཚོགས་པའི་དཔོན་སློབ་མཆེད་ལྕམ་འདུས་པ་རྒྱ་(7བ)མཚོ་རྣམས་དང་རྒྱུ་སྦྱོར་བ་ཡོན་གྱི་བདག་པོས་མཚོན་མཐོང་ཐོས་དྲན་རེག་གི་འགྲོ་བ་མ་ལུས་པ་ཐམས་ཅད་གསང་ཆེན་བླ་མེད་རྡོ་རྗེ་ཐེག་པའི་སྒྲུབ་ཆེན་གྱི་ལམ་ལ་ཞུགས་པའི་དགེ་ཚོགས་ཟད་མི་ཤེས་པ་འདིའི་མཐུ་ལ་བརྟེན་ནས། དེང་ནས་བཟུང་སྟེ་ངན་འགྲོ་ལོག་པའི་ལམ་རྣམས་སུ་ནམ་ཡང་མི་ལྟུང་བར་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཟབ་མོ་ཐོབ་པའི་སྣོད་ལྡན་དུ་གྱུར་ནས་བརྩོན་པ་ཆེན་པོས་ཉམས་སུ་ལེན་ཅིང་། ས་ལམ་གྱི་སྤངས་རྟོགས་ཡོན་ཏན་མ་ལུས་པ་མཐར་ཕྱིན་ནས་ཀུན་བཟང་ཡངས་པ་ཆེན་པོའི་ཞིང་ཁམས་འཁོར་ལོ་ཚོགས་ཆེན་ཡོངས་སུ་རྫོགས་པའི་ས་མངོན་དུ་བྱས་ཏེ་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་རླབས་པོ་ཆེ་ལ་དབང་འབྱོར་བར་བྱ་བའི་ཕྱིར། རྒྱུ་འབྲས་རྟེན་འབྲེལ་མི་འཆོལ་བའི་མཆོད་སྤྲིན་མར་མེའི་ཀོང་བུ་ཆོས་དབྱིངས་རྣམ་པར་དག་པའི་མཁའ་ཀློང་ནས། སྡོང་བུ་རིག་པར་རང་བྱུང་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་རྩ་བ་དྲང་ཞིང་འགྱུར་བ་མེད་པ། མར་ཁུ་བདེ་ཆེན་བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས་ཡོངས་སུ་གཏམས་པ། རང་གསལ་ཡེ་ཤེས་མར་མེའི་འོད་སྣང་མུ་མེད་པས་མ་དག་འཁོར་བའི་མུན་ཁང་བཅོམ་སྟེ་འོད་གསལ་མུ་མཐའ་མེད་པ་དག་པ་སྐུ་གསུམ་ཡེ་ཤེས་ཀྱི་(8ན)རོལ་པར་ཤར་བའི་ཀུན་བཟང་མཆོད་སྤྲིན་བླ་ན་མེད་པ་མཁའ་ཁྱབ་རྒྱལ་བའི་འཁོར་ལོར་ཤར་བའི་སྤྱན་སྔར་བཤམས་ཤིང་ཕུལ་ཏེ། ལྷག་པའི་བསམ་པ་རྣམ་པར་དག་པ་དང་ལྡན་པའི་ངང་ནས་རྡོ་རྗེ་རྒྱལ་ཐེབས་ཀྱི་རྗེས་སུ་ཟློས་པའི་མར་མེ་སྨོན་ལམ་འདི་ལྟར་ལྷན་གཅིག་ཏུ་ཐུགས་ལ་འདོགས་པར་ཞུ། །(དེ་ལྟར་སྒྲུབ་ཆེན་བཀའ་འདུས་ཀྱི་དཔེར་མཚོན་ནས་སྒྲུབ་པའི་དཀྱིལ་འཁོར་ཟབ་གཏེར་གང་ཡིན་གྱི་ལོ་རྒྱུས་དང་། གནས་དུས་ཀྱི་ཁྱད་པར་སྐབས་ཐོབ་བཞིན་ཁ་བསྒྱུར་བས་འབྲེལ་སྡེབས་ཤེས་པ་དང་། ཞི་བའི་རིགས་ལ་དཔལ་གྱི་རྟགས་གདབ་མི་དགོས་པའང་ཤེས་པར་བྱའོ། །ཞེས་པའང་བུ་ཆུ་རིག་པ་འཛིན་པའི་དགའ་ཚལ་དུ་འཆི་མེད་བདུད་རྩིའི་དགའ་སྟོན་སྤྲོ་བའི་ཆ་རྐྱེན་དུ་ཉེར་མཁོར་གྱུར་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སིངྔྷི་རསྟུ།། །།)