DJYD-KABUM-06-CHA-010: Difference between revisions

From Dudjom Wiki
DJYD-KABUM-06-CHA-010
No edit summary
No edit summary
Line 7: Line 7:
|author=Dudjom Rinpoche
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|sourcerevealer=pad+ma gling pa
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 6: . Kalimpong: Dupjung Lama, 1979-1985.
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཆ
|volumenumber=06
|volumenumber=06
|volumeLetter=CHA
|volumeLetter=CHA

Revision as of 08:26, 9 July 2024

Wylie title DJYD-KABUM-06-CHA-010.pdf
Location bdud 'joms rin po che bka' 'bum
Volume 6, Text 10, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 6: . Kalimpong: Dupjung Lama, 1979-1985.
Side notes  
More details More details
Tertön (pad+ma gling pa)
Genre
[edit]
༄༅། །ཞི་ཁྲོ་ཀུན་བཟང་དགོངས་འདུས་ཀྱི་སྒོ་ནས་ཚེ་འདས་

རྗེས་འཛིན་གྱི་ཆོ་ག་འབྲེལ་ཚད་རང་གྲོལ་ ཞེས་བྱ་བ་བཞུགས་སོ། །

(1བ)ཨོཾ་སྭསྟི། འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་ཅན། །བླ་མ་ཞི་ཁྲོ་རྒྱལ་བར་གུས་བཏུད་ནས། །ཉམ་ཐག་གཤིན་པོའི་གདུལ་བྱ་རྗེས་འཛིན་གྱི། །ཆོ་གའི་མན་ངག་སྙིང་པོ་འདིར་གསལ་བྱ། །(དེའང་ཡང་གསང་བླ་མེད་ཞི་ཁྲོ་ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྒོ་ནས་གཤིན་པོའི་གདུལ་བྱ་ལ་ཕན་གདགས་པའི་ཆོ་ག་ལག་ཏུ་བླང་བ་ལ་གཉིས། གནས་ལུང་གི་སྒོ་ནས་རྗེས་སུ་འཛིན་པ་དང་། རོ་སྲེག་གི་ཆོ་གས་མཐའ་བསྐྱང་བའོ། །དང་པོ་གནས་ལུང་གི་ཆོ་ག་ལའང་གཉིས། ཡོ་བྱད་བཤམ་པ་དང་། ཆོ་ག་དངོས་པོ། །དང་པོ་ཡོ་བྱད་བཤམ་པ་ནི། རྩ་བའི་སྒྲུབ་མཆོད་ལ་དགོས་པའི་ཡོ་བྱད་རྣམས་གཞུང་བཞིན་བཤམ་ནས། ཁྱད་པར་གྱི་(2ན)ཆོས་ལ་དམིགས་བྱའི་རོ་ཡོད་ན་དེ་ལ་བརྟེན་པའམ། མིན་ན་ཤོག་བུ་ལ་དམིགས་བྱའི་གཟུགས་བརྙན་ནམ་གུར་གུམ་གྱིས་མིང་ཡིག་ནྲྀ་དང་བཅས་དྲི་མའི་རྟེན་དང་མཉམ་དུ་པདྨ་འདབ་བརྒྱད་ཀྱི་སྟན་ལ་རྩ་བའི་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་བཞག །དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་རིགས་དྲུག་གི་དལ་དམྱལ་བ་ནས་ཡས་རིམ་དུ་མི་ཡི་དལ་བར་བཀྲམ་པའི་རིགས་དྲུག་རང་རང་གི་ཐད་དུ་ཐུབ་པ་དྲུག་གི་སྐུ་ཙཀ་དང་ཉེ་ལོགས་སུ་གཏོར་མ་ཆངས་བུས་བརྒྱན་པ་རེ་བཤམ། དེ་དང་ཉེ་བར་བགེགས་སྦྱོང་བའི་གཏོར་མ་གསུམ་དང་། ཏིང་ལོ་གསུམ་གསུམ་དང་ཆངས་བུ་གསུམ་རེ། ཏིལ་དང་མེ་ཆུ། བྲབ་རྫས་བྱེ་མ་དང་ཡུངས་དཀར། འབྱུང་བཞིའི་རྫས། ཟས་གཏད་ཀྱི་བཟའ་བཏུང་སོགས་འོག་ཏུ་དགོས་པ་ཐམས་ཅད་ཚང་(2བ)བར་བཤམ་མོ། །གཉིས་པ་ཆོ་ག་དངོས་ནི། རྩ་བའི་དཀྱིལ་འཁོར་སྒྲུབ་མཆོད་སྐོང་བཤགས་ཚོགས་མཆོད་བདག་ཉིད་འཇུག་ཅིང་དབང་བླང་སྟེ་སློབ་མ་གཞུག་པར་གནང་བ་ནོད་པའི་བར་སོང་ནས། གནས་ལུང་དངོས་ལ་བཅོ་ལྔ་ལས། དང་པོ་རྟེན་བསྐྱེད་པ་ནི། དམིགས་རྟེན་ལས་སྔགས་ཀྱིས་བསང་།) སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་དེ་ཉིད་གསོན་དུས་ཀྱི་རྣམ་པ་ཇི་ལྟར་(བསམ། གཉིས་པ་རྣམ་ཤེས་དགུག་པ་ནི། ལག་གཉིས་རྡོར་བསྡམས་ལས་ནང་བསྣོལ་མཛུབ་མོ་གཉིས་བརྐྱང་། མཐེ་ཆུང་བཀུག་པ་ལྕགས་ཀྱུའི་རྒྱ་དང་སྙིང་གའི་ས་བོན་གྱི་འོད་ཀྱིས་རྣམ་ཤེས་བཀུག་པར་བསམ་ཞིང་།) ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཚེ་ལས་འདས་པ་(ཆེ་གེ་)ཞེས་བྱ་བའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་བ་རྣམ་བཞི་སྲིད་པ་བར་མདོ་གང་ན་གནས་ཀྱང་སྐད་ཅིག་གིས(3ན)འདིར་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿ(ཞེས་པས་རྣམ་ཤེས་དང་།) སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ༔ (ཞེས་པས་སྡིག་པ་བཀུག་ནས། སླར་ཡང་)ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ ཁྱོད་ཀྱི་མིང་ནི་ཤི་བ་ཡིན༔ འབྱུང་བཞི་སྒྱུ་མའི་འཁྲུལ་འཁོར་ཞིག༔ ཡིད་ལ་ཆགས་པའི་གཉེན་དང་བྲལ༔ སེར་སྣས་བསགས་པའི་ཟས་ནོར་ལུས༔ འཇིག་རྟེན་འདི་ཡི་སྣང་བ་ནུབ༔ ཕྱི་མ་བར་མ་དོ་རུ་འཁྱམས༔ བག་ཆགས་ལས་ཀྱི་རྗེས་འབྲང་ནས༔ བར་དོའི་གནས་ན་རང་དབང་མེད༔ འཆི་བདག་གཤིན་རྗེའི་ལག་ཏུ་ཚུད༔ འཁོར་བར་འཁྱམས་པའི་ཚེ་འདས་ཁྱོད༔ འཁོར་བའི་གནས་ནས་འདྲེན་པ་ཡིན༔ ཁྱོད་ལ་བླ་མ་ཡོད་དམ་མེད༔ ཁྱོད་ལ་བླ་མ་ཅི་ལ་མེད༔ མོས་གུས་དྲག་པོའི་གདུང་ཤུགས་ཀྱིས༔ མ་ཡེངས་ཡིད་ཀྱི་དྲན་པས་ཟུངས༔ ལྷ་དང་བླ་མ་དྲན་གྱིས་ལ༔ ང་ཡིས་བཀའ་སྩོལ་ཁྱོད་ཉོན་ཅིག༔ ཁྱོད་ཀྱི་བླ་མ་ང་ཡིན་པས༔ དྲིལ་བུ་སིལ་སིལ་སྒྲ་སྒྲོག་ཅིང་༔ འོ་དོད་ཏོང་ཏོང་ངས་འབོད་ན༔ གདུང་ཤུགས་དྲག་པོས་འདིར་ཤོག་(3བ)ཅིག༔ རྩལ་ཤུགས་དྲག་པོས་འདིར་ཤོག་ཅིག༔ ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཡ་ཛ་ཛཿ ཛཿཧཱུྃ་བྃ་ཧོཿ རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་(བསམ། གསུམ་པ་ཤི་བ་ངོ་སྤྲོད་པ་ནི།) ཨེ་མ༔ གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ༔ ཚེ་འདས་སྒྱུ་མའི་འཁྲུལ་འཁོར་ཁྱོད༔ དང་པོ་སྐྱེས་ཀྱང་ལས་ཀྱིས་སྐྱེ༔ བར་དུ་འཁོར་ཡང་ལས་ཀྱི་འཁོར༔ ཐ་མ་ཤི་ཡང་ལས་ཀྱིས་ཤི༔ འདི་ལྟར་ཤི་བའི་དུས་བྱུང་དུས༔ ཁྱོད་ཀྱི་རྡོ་རྗེ་སློབ་དཔོན་ང་ཡིན་པས༔ འཁོར་བའི་གནས་ནས་ང་ཡིས་འདྲེན༔ ངན་སོང་སྒོ་མོ་ང་ཡིས་བཀག༔ མཐི་རིས་ཐར་ལམ་ང་ཡིས་བསྟན༔ སངས་རྒྱས་ས་ལམ་ང་ཡིས་སྦྱར༔ ང་ཡིས་བཀའ་སྩལ་ཁྱོད་ཉོན་ཅིག༔ དྲི་མ་འདི་ནི་སྐུ་ཡི་རྟེན༔ མིང་བྱང་འདི་ནི་གསུང་གི་རྟེན༔ མེ་ལོང་འདི་ནི་ཐུགས་ཀྱི་རྟེན༔ སྨྱུག་མ་འདི་ནི་བླ་ཡི་རྟེན༔ གདུགས་དཀར་འདི་ནི་སྐུ་ལ་སྐྱོབས༔ པདྨ་འདི་ནི་འདིངས་པའི་རྟེན༔ དྲི་མ་འདི་ལ་རྟེན་བཅས་ལ༔ བརྩེ་བའི་སེམས་སྟོབས་མ་ཆུང་བར༔ ཐེ་ཚོམ་དངངས་སྐྲག་མ་བྱེད་པར༔ དགའ་དང་སྤྲོ་བའི་(4ན)མོས་གུས་ཀྱིས༔ ལྷ་དང་བླ་མའི་དྲུང་འདིར་བག་ཕོབ་ཅིག༔ (ཞེས་བརྗོད་པས་དྲི་མ་དང་གཉིས་སུ་མེད་པར་བསམ། བཞི་པ་བགེགས་སྦྱོང་བ་ནི། གཏོར་མ་གསུམ་པོ་རེ་རེ་བཞིན་རྟེན་ལ་བསྐོར་ཞིང་།) ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ༴ (ཞེས་པ་ནས།) གྲྀཧྞེ་དཾ་བ་ལིནྟེ་སྭཱ་ཧཱ། (ཞེས་སོགས་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆངས་བུ་བསྐོར་ཞིང་།) ཨོཾ་སུམྦྷ་ནི་(སོགས་)ཧཱུྃ་(བཞི་པ་གསུམ་གྱིས་ཞི་དྲག་ཕྱེད་མ། བདེན་སྟོབས་སྔར་བཞིན་བརྗོད་པའི་མཐར།) བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཆིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། (ཞེས་པའི་མཐར་དྲག་སྔགས་བཟླ་ཞིང་གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བྲབ། རོལ་མོའི་སྒྲ་དྲག་པོ་དང་བཅས་པ་གསུམ་གྱི་མཐར་གཏོར་མ་རྒྱང་རིང་དུ་དོར་བ་ནི་དྲག་པོའི་སྦྱང་བའོ། །ལྔ་པ་སྡིག་པ་སྦྱང་བ་ནི། རྟེན་གྱི་མདུན་དུ་ཏིལ་དང་མེ་ཆུ་བཤམ།) ཚེ་ལས་འདས་པའི་སྡིག་སྒྲིབ་(4བ)ཐམས་ཅད་ཡི་གེ་ཀྃ་ནག་པོའི་རྣམ་པས་སྣ་བུག་ནས་ཐོན། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་ཏིལ་ལ་ཐིམ་པར་གྱུར། (ཏིལ་གཡས་གཡོན་གྱི་མེར་བསྲེག་ཚུར་དོར་ལ།) ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་པས་སྡིག་པ་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེགས་ཤིང་ཆོས་ཉིད་ཀྱི་རྒྱ་མཚོར་དོར་ཏེ་སྦྱོངས་པར་(བསམ། དེ་ནས་རྩ་བའི་སྔགས་དང་སྒྲིབ་སྦྱོང་གི་གཟུངས་ཀྱིས་བསྔགས་པའི་བྱེ་མ་དང་ཡུངས་ཀར་བྲབ་ཅིང་། ཞི་ཁྲོའི་སྤྱི་སྔགས་དང་ཡི་གེ་བརྒྱ་པའི་མཐར།) ཚེ་ལས་འདས་པ་ཆེ་གེ་ཞེས་བགྱི་བའི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་ཏུ་ཡེ་སྭཱཧཱ། (ཞེས་སྔགས་དེ་དག་གི་མཐར་ཚེ་འདས་ཀྱི་མིང་སྤེལ་སྒྲིབ་སྦྱོང་གི་ཤམ་བུ་ཅན་དང་།) ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏྲྰི་རྻ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ། (ཅེས་སོགས་ངན་སོང་སྦྱོང་བའི་སྔགས་ཅི་ནུས་བཟླས་ལ།) སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་བཞུ་བ་ལྟར་དག་པར་(བསམ་མོ། །དྲུག་པ་ཁྲུས་བྱ་བ་ནི། ཐོག་མར་དཀྱིལ་འཁོར་སོགས་རྟེན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ལ་ཁྲུས་གསོལ་ཞིང་།) ཇི་ལྟར་བལྟམས་པ་(སོགས་དང་།) རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །(5ན)ཚེ་འདས་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །(ཞི་ཁྲོའི་སྤྱི་སྔགས་དང་ཡིག་བརྒྱ་བཟླ་བཞིན་བཀྲུ། ཞེས་དང་།) དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿ ཨཱཿཀཱ་ཡ་བི་ཤྭ་དྷ་ནེ་སྭཱཧཱ། (ཞེས་སྐུ་ཕྱིས་ནས་ཁྲུས་ཆུ་སླར་ཡང་བུམ་པར་བླུགས་པས་མིང་བྱང་སོགས་རྟེན་ལ་བཀྲུ་ཞིང་།) ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ བྱེད་པ་སེམས་ཅན་ཀུན་དོན་བྱེད༔ ཕྱི་ནི་དབང་གི་བུམ་པ་ལ༔ ནང་ནི་རང་བྱུང་གཞལ་ཡས་ཁང་༔ བཅོམ་ལྡན་རྡོ་རྗེ་སེམས་དཔའི་ལྷ་ཚོགས་བཞུགས༔ མ་ཆགས་རྟོག་བྲལ་ཆུ་ཡིས་བཀང་༔ ཚེ་འདས་ཁྱོད་ལ་ཁྲུས་གསོལ་བས༔ ཉོན་མོངས་དྲི་མ་དག་གྱུར་ཅིག༔ ཧཱུྃ༔ བུམ་པ་ཤེལ་བུམ་དྲི་མེད་ཟླུམ༔ མེ་ལོང་ཡེ་ཤེས་ཆུ་ཡིས་བཀང་༔ ཚེ་འདས་ཁྱོད་ལ་ཁྲུས་གསོལ་བས༔ ཞེ་སྡང་དྲི་མ་དག་གྱུར་ཅིག༔ ཧཱུྃ༔ བུམ་པ་གསེར་བུམ་དྲི་མེད་ནང་༔ མཉམ་ཉིད་ཡེ་ཤེས་ཆུ་ཡིས༴ ཚེ་འདས་ཁྱོད་ལ༴ ང་རྒྱལ་དྲི་མ་དག་གྱུར་ཅིག༔ ཧཱུྃ༔ བུམ་པ་པདྨ་རཱ་གའི་ནང་༔ (5བ)སོར་རྟོག་ཡེ་ཤེས་ཆུ་ཡིས༴ ཚེ་འདས་ཁྱོད་ལ༴ འདོད་ཆགས་དྲི་མ་དག་གྱུར་ཅིག༔ ཧཱུྃ༔ བུམ་པ་ཨིནྡྲ་ནཱི་ལའི་ནང་༔ བྱ་གྲུབ་ཡེ་ཤེས་ཆུ་ཡིས༴ ཚེ་འདས་ཁྱོད་ལ༴ ཕྲག་དོག་དྲི་མ་དག་གྱུར་ཅིག༔ ཧཱུྃ༔ བུམ་པ་མཐིང་བུམ་དྲི་མེད་ནང་༔ ཆོས་དབྱིངས་ཡེ་ཤེས་ཆུ་ཡིས་བཀང་༔ ཚེ་འདས་ཁྱོད་ལ་ཁྲུས་གསོལ་བས༔ གཏི་མུག་དྲི་མ་དག་གྱུར་ཅིག༔ ཧཱུྃ༔ བུམ་པ་རིན་ཆེན་གཞལ་ཡས་ཁང་༔ ཕ་རོལ་ཕྱིན་དྲུག་ཆུ་ཡིས༴ ཚེ་འདས་ཁྱོད་ལ༴ རྒྱུད་དྲུག་བག་ཆགས་དག་གྱུར་ཅིག༔ སྦྱིན་པ་ཆུ་ཡིས་རབ་དཀྲུས་པས༔ སེར་སྣའི་དྲི་མ་དག་གྱུར་ཅིག༔ ཚུལ་ཁྲིམས་ཆུ་ཡིས་རབ༴ ཕྲག་དོག་དྲི་མ༴ བཟོད་པ་ཆུ་ཡིས༴ ཁོང་ཁྲོའི་དྲི་མ༴ བརྩོན་འགྲུས་ཆུ་ཡིས༴ ལེ་ལོའི་དྲི་མ༴ བསམ་གཏན་ཆུ་ཡིས་རབ༴ རྣམ་གཡེང་དྲི་མ༴ ཤེས་རབ་ཆུ་ཡིས༴ ཤེས་འཆལ་དྲི་མ་དག་གྱུར་ཅིག༔ (ཞེས་རེ་རེ་བཞིན་སྔགས་དང་རོལ་མོ་བཅས་པས་ཁྲུས་བྱའོ། །བདུན་པ་དྲུག་སྦྱོར་བ་ནི། བུམ་ཆུས་རྟེན་ལ་བྱབ་ཅིང་།) འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ ཆོས་(6ན)ཀྱི་སྐུ་ལ་དུག་མི་མངའ༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ ལུས་ཀྱིས་བསགས་པའི་སྡིག་སྒྲིབ་རྣམས༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ འདོད་ཆགས་ཞེ་སྡང་གཏི་མུག༴ འདི་དག་འཇིག་རྟེན་དུག༴ ལོངས་སྤྱོད་རྫོགས་ལ་དུག༴ དེ་བཞིན་ཚེ་འདས་རིགས་ཀྱི་བུ༔ ངག་གིས་བསགས་པའི་སྡིག༴ དམ་ཆོས་བདེན་པས༴ འདོད་ཆགས་ཞེ་སྡང་༴ འདི་དག་འཇིག་རྟེན༴ སྤྲུལ་པའི་སྐུ་ལ༴ དེ་བཞིན་ཚེ་འདས༴ ཡིད་ཀྱིས་བསགས་པའི་སྡིག༴ དགེ་འདུན་བདེན་པས༴ (འབྱུང་བ་སོ་སོས་བྱ་བ་ཅིང་།) ས་འདི་དུག་གི་ཕ་ཡིན་ཏེ༔ ས་འདི་དུག་གི་མ་ཡང་ཡིན༔ སངས་རྒྱས་སྤྱན་དང་གཉིས་སུ་མེད༔ ང་རྒྱལ་དུག་ནི་ས་ལ་ཐིམ༔ སངས་རྒྱས་སྤྱན་ལ་དུག་མི་མངའ༔ ཚེ་འདས་ང་རྒྱལ་དུག་བཅོམ་མོ༔ ཆུ་འདི་དུག་གི་ཕ༴ ཆུ་འདི་དུག་གི་མ༴ མ་མཱ་ཀི་དང་གཉིས་སུ༴ ཞེ་སྡང་དུག་ནི་ཆུ་ལ༴ མཱ་མ་ཀི་ལ་དུག་མི༴ ཚེ་འདས་ཞེ་སྡང་༴ མེ་འདི་དུག་གི་ཕ༴ མེ་འདི་དུག་གི་མ༴ གོས་དཀར་མོ་དང་གཉིས་སུ༴ འདོད་ཆགས་དུག་ནི་མེ་ལ་ཐིམ༔ (6བ)གོས་དཀར་མོ་ལ་དུག་མི་མངའ༔ ཚེ་འདས་འདོད་ཆགས༴ རླུང་འདི་དུག་གི་ཕ༴ རླུང་འདི་དུག་གི་མ༴ དམ་ཚིག་སྒྲོལ་དང་གཉིས་སུ༴ ཕྲག་དོག་དུག་ནི་རླུང་ལ༴ དམ་ཚིག་སྒྲོལ་ལ་དུག་མི༴ ཚེ་འདས་ཕྲག་དོག༴ ནམ་མཁའ་དུག་ནི་ཕ༴ ནམ་མཁའ་དུག་ནི་མ༴ དབྱིངས་ཕྱུག་མ་དང་གཉིས་སུ༴ གཏི་མུག་དུག་ནི་ནམ་མཁར་ཐིམ༔ དབྱིངས་ཕྱུག་མ་ལ་དུག་མི་མངའ༔ ཚེ་འདས་གཏི་མུག་དུག་བཅོམ་མོ༔ དེ་བཞིན་བདེན་ཚིག་འདི་བརྗོད་པས༔ དུག་གསུམ་སྐུ་གསུམ་ཀློང་དུ་ཐིམ༔ དུག་ལྔ་ཡེ་ཤེས་ལྔ་རུ་ཐིམ༔ ཆོས་དབྱིངས་སྟོང་གསལ་དཀྱིལ་འཁོར་དུ༔ སྐུ་ལྔ་ལྷུན་གྲུབ་དོན་རྟོགས་ཤོག༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ (བརྒྱད་པ་རིགས་དྲུག་གི་གནས་ནས་དྲང་བ་ལ་དྲུག་ལས། དང་པོ་དམྱལ་བའི་གནས་ནས་དྲང་བ་ནི། མིང་བྱང་དམྱལ་བའི་དལ་དུ་བཞག་ལ།) ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ མ་ཡེངས་ཡིད་ཀྱི་དྲན་པས་ཟུངས༔ གཉིས་འཛིན་སེམས་ཀྱི་འཁྲུལ་སྣང་ལས༔ རྐྱེན་བཞི་འདུས་པའི་འཁྲུལ་འཁོར་བྱུང་༔ ཡུལ་ལྔ་བདག་ཏུ་འཛིན་པ་ལས༔ ཉོན་མོངས་དུག་ལྔའི་ལོ་འདབ་རྒྱས༔ (7ན)རྒྱུད་དྲུག་ལམ་དུ་འཁྱམས་པས་ལན༔ ཚེ་འདས་བྱ་བ་རིགས་ཀྱི་བུ༔ རྣམ་སྨིན་ཚིག་བཤད་འདི་ལ་ཉོན༔ ཞེ་སྡང་བསགས་པའི་ལས་དབང་གིས༔ དམྱལ་བའི་གནས་སུ་སྐྱེ་སྲིད་དོ༔ དམྱལ་བའི་གནས་སུ་སྐྱེས་གྱུར་ན༔ ཚ་གྲང་སྡུག་བསྔལ་བསམ་མི་ཁྱབ༔ བཙོ་སྲེགས་སྡུག་བསྔལ་ཡ་རེ་ང་༔ ངུ་འབོད་སྡུག་བསྔལ་བསམ་མི་ཁྱབ༔ འབྲས་བུ་ཞེ་སྡང་བསགས་པས་ལན༔ ཞེ་སྡང་དེ་ཡིས་ཁྱོད་རེ་བསླུས༔ ཞེ་སྡང་དེ་ཡིས་ཁྱོད་རེ་ནོངས༔ བུ་ཁྱོད་དེ་རུ་མ་འཁྱམས་པར༔ བྱམས་དང་སྙིང་རྗེ་གོས་གྱོན་ལ༔ མ་ཆགས་མ་ཞེན་ཡར་ཤོག་ཅིག༔ བཛྲ་ཨངྐུ་ཤ་ཡ་ཛཿ(གཏོར་མ་བསྔོ་བ་ནི།) ཧཱུྃ༔ ཞེ་སྡང་དམྱལ་བའི་གནས་རིས་སུ༔ མཆོད་སྦྱིན་མཆོག་གི་གཏོར་མ་འདི༔ ཞེ་སྡང་ལན་ཆགས་སྦྱོང་ཕྱིར་འབུལ༔ ཚ་གྲང་སྡུག་བསྔལ་ཀུན་ཞི་ནས༔ བྱང་ཆུབ་གོ་འཆང་ཐོབ་པར་ཤོག༔ (ཁྲུས་བྱ་བ་ནི།) འདི་ནི་བཟོད་པའི་རང་བཞིན་ཆུ༔ ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་༔ གཏོང་བ་དྲི་ཡིས་ལེགས་བགོས་ཆུ༔ (7བ)ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ༔ (ཡིག་བརྒྱའི་མཐར།) ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧྲྰུྃ་ཕཊ༔ (དམྱལ་བའི་ཐུབ་པ་སྤྱི་བོར་བཞག་ལ།) ཧཱུྃ༔ ཉོན་མོངས་ཞེ་སྡང་ཀུན་སྤངས་པའི༔ དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ༔ སྐུ་མདོག་ནག་པོ་མེ་ཆུ་བསྣམས༔ བཟོད་པའི་ཆོས་སྟོན་ཞེ་སྡང་སེལ༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཚ་གྲང་སྡུག་བསྔལ་ཞི་ནས་ཀྱང་༔ བླ་མེད་བྱང་ཆུབ་ཐོབ་པར་ཤོག༔ ཨོཾ་མུ་ནེ་ཡེ་སྭཱ་ཧཱ༔ (ས་མཚམས་བཅད་པ་ནི།) ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་དམྱལ་བའི་གནས་རིས་ཡིན༔ ཞེ་སྡང་བསགས་པའི་ལས་དབང་གིས༔ འབྲས་བུ་དམྱལ་ཁམས་བཅོ་བརྒྱད་སྨིན༔ ཚ་གྲང་སྡུག་བསྔལ་གྲངས་ལས་འདས༔ དེ་ལས་ཐར་པའི་དུས་མ་མཆིས༔ བུ་ཁྱོད་དེ་རུ་མ་འཁྱམས་ཤིག༔ བུ་ཁྱོད་དེ་རུ་མ་འཁོར་ཅིག༔ བུ་ཁྱོད་དེ་རུ་ཡིད་མ་རྒྱུ༔ རིགས་དྲུག་དམྱལ་བའི་ས་མཚམས་བཅད༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ (ཅེས་དམྱལ་བའི་དལ་(8ན)བསྡུ། གཉིས་པ་ཡི་དྭགས་ཀྱི་གནས་ནས་དྲང་བ་ནི།) མིང་བྱང་ཡི་དྭགས་ཀྱི་དལ་དུ་བཞག་ནས། ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ མ་ཡེངས་ཡིད་ཀྱི་དྲན་པས་ཟུངས༔ གཉིས་འཛིན་སེམས་ཀྱི་འཁྲུལ་སྣང་ལས༔ རྐྱེན་བཞི་འདུས་པའི་འཁྲུལ་འཁོར་བྱུང་༔ ཡུལ་ལྔ་བདག་ཏུ་འཛིན་པ་ལས༔ ཉོན་མོངས་དུག་ལྔའི་ལོ་འདབ་རྒྱས༔ རྒྱུད་དྲུག་ལམ་དུ་འཁྱམས་པས་ལན༔ ཚེ་འདས་བྱ་བ་རིགས་ཀྱི་བུ༔ རྣམ་སྨིན་ཚིག་བཤད་འདི་ལ་ཉོན༔ སེར་སྣ་བསགས་པའི་ལས་དབང་གིས༔ ཡི་དྭགས་གནས་སུ་སྐྱེ་སྲིད་དོ༔ ཡི་དྭགས་གནས་སུ་སྐྱེས་གྱུར་ན༔ བཀྲེས་སྐོམ་སྡུག་བསྔལ་བསམ་མི་ཁྱབ༔ སེར་སྣ་འཇུག་གེགས་ཡ་རེ་ང་༔ ལས་ངན་འབུལ་ཕོངས་བསམ་མི་ཁྱབ༔ འབྲས་བུ་སེར་སྣ་བསགས་པས་ལན༔ སེར་སྣ་དེ་ཡིས་ཁྱོད་རེ་བསླུས༔ སེར་སྣ་དེ་ཡིས་ཁྱོད་རེ་ནོངས༔ བུ་ཁྱོད་དེ་རུ་མ་འཁྱམས་པར༔ སྦྱིན་པ་ཆེན་པོའི་གོས་གྱོན་ལ༔ མ་ཆགས་མ་ཞེན་ཡར་ཤོག་ཅིག༔ བཛྲ་ཨངྐུ་ཤ་ཡ་ཛཿ(གཏོར་མ་བསྔོ་བ་ནི།) ཧཱུྃ༔ སེར་(8བ)སྣ་ཡི་དྭགས་གནས་རིས་སུ༔ མཆོད་སྦྱིན་མཆོག་གི་གཏོར་མ་འདི༔ སེར་སྣའི་ལན་ཆགས་སྦྱོང་ཕྱིར་འབུལ༔ བཀྲེས་སྐོམ་སྡུག་བསྔལ་ཀུན་ཞི་ནས༔ བྱང་ཆུབ་གོ་འཕང་ཐོབ་པར་ཤོག༔ (ཁྲུས་བྱ་བ་ནི།) འདི་ནི་སྦྱིན་པའི་རང་བཞིན་ཆུ༔ སེར་སྣའི་དྲི་མ་སྦྱོང་མཛད་ཅིང་༔ གཏོང་བ་དྲི་ཡིས་ལེགས་བགོས་ཆུ༔ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ༔ (ཡིག་བརྒྱའི་མཐར།) ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ (ཡི་དྭགས་ཐུབ་པ་སྤྱི་བོར་བཞག་ལ།) ཧཱུྃ༔ ཉོན་མོངས་སེར་སྣ་ཀུན་སྤངས་པའི༔ ཡི་དྭགས་ཐུབ་པ་ཁ་འབར་རྒྱལ༔ སྐུ་མདོག་དམར་པོ་སྒྲོམ་བུ་བསྣམས༔ སྦྱིན་པའི་ཆོས་སྟོན་སེར་སྣ་སེལ༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ བཀྲེས་སྐོམ་སྡུག་བསྔལ་ཞི་ནས་ཀྱང་༔ བླ་མེད་བྱང་ཆུབ་ཐོབ་པར་ཤོག༔ ཨོཾ་མུ་ནེ་སྲུྃ་སྭཱ་ཧཱ༔ (ས་མཚམས་བཅད་པ་ནི།) ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་ཡི་དྭགས་གནས་རིས་ཡིན༔ སེར་སྣ་བསགས་པའི་ལས་དབང་གིས༔ འབྲས་(9ན)བུ་ཡི་དྭགས་རྒྱུ་རུ་སྨིན༔ བཀྲེས་སྐོམ་སྡུག་བསྔལ་གྲངས་ལས་འདས༔ དེ་ལས་ཐར་པའི་དུས་མ་མཆིས༔ བུ་ཁྱོད་དེ་རུ་མ་འཁྱམས་ཤིག༔ བུ་ཁྱོད་དེ་རུ་མ་འཁོར་ཅིག༔ བུ་ཁྱོད་དེ་རུ་ཡིད་མ་རྒྱུ༔ རིགས་དྲུག་ཡི་དྭགས་ས་མཚམས་བཅད༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ (ཅེས་ཡི་དྭགས་ཀྱི་དལ་བསྡུ། གསུམ་པ་དུད་འགྲོའི་གནས་ནས་དྲང་བ་ནི། མིང་བྱང་དུད་འགྲོའི་དལ་དུ་བཞག་ནས།) ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ མ་ཡེངས་ཡིད་ཀྱི་དྲན་པས་ཟུངས༔ གཉིས་འཛིན་སེམས་ཀྱི་འཁྲུལ་སྣང་ལས༔ རྐྱེན་བཞི་འདུས་པའི་འཁྲུལ་འཁོར་བྱུང་༔ ཡུལ་ལྔ་བདག་ཏུ་འཛིན་པ་ལས༔ ཉོན་མོངས་དུག་ལྔའི་ལོ་འདབ་རྒྱས༔ རྒྱུད་དྲུག་ལམ་དུ་འཁྱམས་པས་ལན༔ ཚེ་འདས་བྱ་བ་རིགས་ཀྱི་བུ༔ རྣམ་སྨིན་ཚིག་བཤད་འདི་ལ་ཉོན༔ གཏི་མུག་བསགས་པའི་ལས་དབང་གིས༔ བྱོལ་སོང་གནས་སུ་སྐྱེ་སྲིད་དོ༔ བྱོལ་སོང་གནས་སུ་སྐྱེས་གྱུར་ན༔ བླུན་རྨོངས་སྡུག་བསྔལ་བསམ་མི་ཁྱབ༔ གླེན་ལྐུག་འཐོམ་འཐིམ་ཡ་རེ་ང་༔ བཀོལ་སྤྱོད་སྡུག་(9བ)བསྔལ་བསམ་མི་ཁྱབ༔ འབྲས་བུ་གཏི་མུག་བསགས་པས་ལན༔ གཏི་མུག་དེ་ཡིས་ཁྱོད་རེ་བསླུས༔ གཏི་མུག་དེ་ཡིས་ཁྱོད་རེ་ནོངས༔ བུ་ཁྱོད་དེ་རུ་མ་འཁྱམས་པར༔ ཤེས་རབ་ཆེན་པོའི་གོས་གྱོན་ལ༔ མ་ཆགས་མ་ཞེན་ཡར་ཤོག་ཅིག༔ བཛྲ་ཨངྐུ་ཤ་ཡ་ཛཿ(གཏོར་མ་བསྔོ་བ་ནི།) ཧཱུྃ༔ གཏི་མུག་བྱོལ་སོང་གནས་རིས་སུ༔ མཆོད་སྦྱིན་མཆོག་གི་གཏོར་མ་འདི༔ གཏི་མུག་ལན་ཆགས་སྦྱོང་ཕྱིར་འབུལ༔ བཀོལ་སྤྱོད་སྡུག་བསྔལ་ཀུན་ཞི་ནས༔ བྱང་ཆུབ་གོ་འཕང་ཐོབ་པར་ཤོག༔ (ཁྲུས་བྱ་བ་ནི།) འདི་ནི་ཤེས་རབ་རང་བཞིན་ཆུ༔ ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང་༔ གཏོང་བ་དྲི་ཡིས་ལེགས་བགོས་ཆུ༔ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ༔ (ཡིག་བརྒྱའི་མཐར།) སུ་མ་ཐ་མ་ཐ་སརྦ་ཏཱིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ (བྱོལ་སོང་ཐུབ་པ་སྤྱི་བོར་བཞག་ལ།) ཧཱུྃ༔ གཏི་མུག་སྡུག་བསྔལ་ཀུན་སྤངས་པའི༔ བྱོལ་སོང་ཐུབ་པ་སེང་གེ་རབ༔ སྐུ་མདོག་སྔོ་ལྗང་པུསྟི་བསྣམས༔ ཤེས་རབ་ཆོས་སྟོན་གཏི་མུག་སེལ༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ (10ན)གླེན་ལྐུག་སྡུག་བསྔལ་ཞི་ནས་ཀྱང་༔ བླ་མེད་བྱང་ཆུབ་ཐོབ་པར་ཤོག༔ ཨོཾ་མུ་ནེ་ཀྵྃ་སྭཱཧཱ༔ (ས་མཚམས་བཅད་པ་ནི།) ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་བྱོལ་སོང་གནས་རིས་ཡིན༔ གཏི་མུག་བསགས་པའི་ལས་དབང་གིས༔ འབྲས་བུ་བྱོལ་སོང་རྒྱུ་རུ་སྨིན༔ བཀོལ་སྤྱོད་སྡུག་བསྔལ་གྲངས་ལས་འདས༔ དེ་ལས་ཐར་པའི་དུས་མ་མཆིས༔ བུ་ཁྱོད་དེ་རུ་མ་འཁྱམས་ཤིག༔ བུ་ཁྱོད་དེ་རུ་མ་འཁོར་ཅིག༔ བུ་ཁྱོད་དེ་རུ་ཡིད་མ་རྒྱུ༔ རིགས་དྲུག་བྱོལ་སོང་ས་མཚམས་བཅད༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ (ཅེས་དུད་འགྲོའི་དལ་བསྡུ། བཞི་པ་ལྷ་མིན་གྱི་གནས་ནས་དྲང་བ་ནི། མིང་བྱང་མམིན་གྱི་དལ་དུ་བཞག་ནས།) ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ མ་ཡེངས་ཡིད་ཀྱི་དྲན་པས་ཟུངས༔ གཉིས་འཛིན་སེམས་ཀྱི་འཁྲུལ་སྣང་ལས༔ རྐྱེན་བཞི་འདུས་པའི་འཁྲུལ་འཁོར་བྱུང་༔ ཡུལ་ལྔ་བདག་ཏུ་འཛིན་པ་ལས༔ ཉོན་མོངས་དུག་ལྔའི་ལོ་འདབ་རྒྱས༔ རྒྱུད་དྲུག་ལམ་དུ་འཁྱམས་པས་ལན༔ ཚེ་འདས་བྱ་བ་རིགས་(10བ)ཀྱི་བུ༔ རྣམ་སྨིན་ཚིག་བཤད་འདི་ལ་ཉོན༔ ཕྲག་དོག་བསགས་པའི་ལས་དབང་གིས༔ ལྷ་མིན་གནས་སུ་སྐྱེ་སྲིད་དོ༔ ལྷ་མིན་གནས་སུ་སྐྱེས་གྱུར་ན༔ འཐབ་རྩོད་སྡུག་བསྔལ་བསམ་མི་ཁྱབ༔ ང་རྒྱལ་རྒྱོབ་སོད་ཡ་རེ་ང་༔ བསད་ཅིང་རྨས་པ་བསམ་མི་ཁྱབ༔ འབྲས་བུ་ཕྲག་དོག་བསགས་པས་ལན༔ ཕྲག་དོག་དེ་ཡིས་ཁྱེད་རེ་བསླུས༔ ཕྲག་དོག་དེ་ཡིས་ཁྱོད་རེ་ནོངས༔ བུ་ཁྱོད་དེ་རུ་མ་འཁྱམས་པར༔ ཚུལ་ཁྲིམས་ཆེན་པོའི་གོས་གྱོན་ལ༔ མ་ཆགས་མ་ཞེན་ཡར་ཤོག་ཅིག༔ བཛྲ་ཨངྐུ་ཤ་ཡ་ཛཿ(གཏོར་མ་བསྔོ་བ་ནི།) ཧཱུྃ༔ ཕྲག་དོག་ལྷ་མིན་གནས་རིས་སུ༔ མཆོད་སྦྱིན་མཆོག་གི་གཏོར་མ་འདི༔ ཕྲག་དོག་ལན་ཆགས་སྦྱོར་ཕྱིར་འབུལ༔ འཐབ་རྩོད་སྡུག་བསྔལ་ཀུན་ཞི་ནས༔ བྱང་ཆུབ་གོ་འཕང་ཐོབ་པར་ཤོག༔ (ཁྲུས་བྱ་བ་ནི།) འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ༔ ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང་༔ གཏོང་བ་དྲི་ཡིས་ལེགས་བགོས་ཆུ༔ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ༔ (ཡིག་བརྒྱའི་མཐར།) ཏྲི་སརྦ་དུ་ལ་སརྦ་ཀརྨ་པྲ་བེ་ཤ་ཡ་ཧཱུྃ་ཕཊ༔ (ལྷ་མིན་ཐུབ་པ་སྤྱི་བོར་བཞག་ལ།) (11ན)ཧཱུྃ༔ ཉོན་མོངས་ཕྲག་དོག་ཀུན་སྤངས་པའི༔ ལྷ་མིན་ཐུབ་པ་ཐགས་བཟང་རིས༔ སྐུ་མདོག་མཐིང་ཁ་གོ་མཚོན་བསྣམས༔ ཚུལ་ཁྲིམས་ཆོས་སྟོན་ཕྲག་དོག་སེལ༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ འཐབ་རྩོད་སྡུག་བསྔལ་ཞི་ནས་ཀྱང་༔ བླ་མེད་བྱང་ཆུབ་ཐོབ་པར་ཤོག༔ ཨོཾ་མུ་ནེ་པྲེཾ་སྭཱ་ཧཱ༔ (ས་མཚམས་བཅད་པ་ནི།) ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་ལྷ་མིན་གནས་རིས་ཡིན༔ ཕྲག་དོག་བསགས་པའི་ལས་དབང་གིས༔ འབྲས་བུ་ལྷ་མིན་རྒྱུ་རུ་སྨིན༔ འཁྲུག་རྩོད་སྡུག་བསྔལ་གྲངས་ལས་འདས༔ དེ་ལས་ཐར་པའི་དུས་མ་མཆིས༔ བུ་ཁྱོད་དེ་རུ་མ་འཁྱམས་ཤིག༔ བུ་ཁྱོད་དེ་རུ་མ་འཁོར་ཅིག༔ བུ་ཁྱོད་དེ་རུ་ཡིད་མ་རྒྱུ༔ རིགས་དྲུག་ལྷ་མིན་ས་མཚམས་བཅད༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ (ཅེས་ལྷ་མིན་གྱི་དལ་བསྡུ། ལྔ་པ་ལྷ་ཡི་གནས་ནས་དྲང་བ་ནི། མིང་བྱང་ལྷ་ཡི་དལ་དུ་བཞག་ནས།) ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ མ་ཡེངས་ཡིད་ཀྱི་དྲན་པས་ཟུངས༔ གཉིས་འཛིན་སེམས་ཀྱི་འཁྲུལ་སྣང་ལས༔ རྐྱེན་(11བ)བཞི་འདུས་པའི་འཁྲུལ་འཁོར་བྱུང་༔ ཡུལ་ལྔ་བདག་ཏུ་འཛིན་པ་ལས༔ ཉོན་མོངས་དུག་ལྔའི་ལོ་འདབ་རྒྱས༔ རྒྱུད་དྲུག་ལམ་དུ་འཁྱམས་པས་ལན༔ ཚེ་འདས་བྱ་བ་རིགས་ཀྱི་བུ༔ རྣམ་སྨིན་ཚིག་བཤད་འདི་ལ་ཉོན༔ ང་རྒྱལ་བསགས་པའི་ལས་དབང་གིས༔ ལྷ་ཡི་གནས་སུ་སྐྱེ་སྲིད་དོ༔ ལྷ་ཡི་གནས་སུ་སྐྱེས་གྱུར་ན༔ འཕོ་ལྟུང་སྡུག་བསྔལ་བསམ་མི་ཁྱབ༔ རྣམ་གཡེངས་འཁྲུལ་པ་ཡ་རེ་ང་༔ ལྟུང་བའི་སྡུག་བསྔལ་བསམ་མི་ཁྱབ༔ འབྲས་བུ་ང་རྒྱལ་བསགས་པས་ལན༔ ང་རྒྱལ་དེ་ཡིས་ཁྱོད་རེ་བསླུས༔ ང་རྒྱལ་དེ་ཡིས་ཁྱོད་རེ་ནོངས༔ བུ་ཁྱོད་དེ་རུ་མ་འཁྱམས་པར༔ བསམ་གཏན་ཆེན་པོའི་གོས་གྱོན་ལ༔ མ་ཆགས་མ་ཞེན་ཡར་ཤོག་ཅིག༔ བཛྲ་ཨངྐུ་ཤ་ཡ་ཛཿ(གཏོར་མ་བསྔོ་བ་ནི།) ཧཱུྃ༔ འཕོ་ལྟུང་ལྷ་ཡི་གནས་རིས་སུ༔ མཆོད་སྦྱིན་མཆོག་གི་གཏོར་མ་འདི༔ ང་རྒྱལ་ལན་ཆགས་སྦྱོང་ཕྱིར་འབུལ༔ རྣམ་གཡེངས་སྡུག་བསྔལ་ཀུན་ཞི་ནས༔ བྱང་ཆུབ་གོ་འཕང་ཐོབ་པར་ཤོག༔ (ཁྲུས་བྱ་བ་ནི།) འདི་ནི་བསམ་གཏན་རང་བཞིན་ཆུ༔ རྣམ་གཡེངས་(12ན)དྲི་མ་སྦྱོང་མཛད་ཅིང་༔ གཏོང་བ་དྲི་ཡིས་ལེགས་བགོས་ཆུ༔ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ༔ (ཡིག་བརྒྱའི་མཐར། ཨ་སརྦ་ཏ་ཐཱ་ག་ཏ་བྷི་དན་ཁཏྒ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ལྷ་ཡི་ཐུབ་པ་སྤྱི་བོར་བཞག་ལ།) ཧཱུྃ༔ ། གཉིས་འཛིན་ང་རྒྱལ་ཀུན་སྤངས་པའི༔ ལྷ་ཡི་ཐུབ་པ་བརྒྱ་བྱིན་དཀར༔ སྐུ་མདོག་དཀར་པོ་པི་ཝང་བསྣམས༔ བསམ་གཏན་ཆོས་སྟོན་ང་རྒྱལ་སེལ༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ འཕོ་ལྟུང་སྡུག་བསྔལ་ཞི་ནས་ཀྱང་༔ བླ་མེད་བྱང་ཆུབ་ཐོབ་པར་ཤོག༔ ཨོཾ་མུ་ནེ་ཀྲེཾ་སྭཱ་ཧཱ༔ (ས་མཚམས་བཅད་པ་ནི།) ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་ལྷ་ཡི་གནས་རིས་ཡིན༔ ང་རྒྱལ་བསགས་པའི་ལས་དབང་གིས༔ འབྲས་བུ་འཕོ་ལྟུང་སྡུག་བསྔལ་སྨིན༔ རྣམ་གཡེངས་འཁྲུལ་པ་གྲངས་ལས་འདས༔ དེ་ལས་ཐར་པའི་དུས་མ་མཆིས༔ བུ་ཁྱོད་དེ་རུ་མ་འཁྱམས་ཤིག༔ བུ་ཁྱོད་དེ་རུ་མ་འཁོར་ཅིག༔ བུ་ཁྱོད་དེ་རུ་ཡིད་མ་རྒྱུ༔ རིགས་དྲུག་ལྷ་ཡི་ས་མཚམས་བཅད༔ ཕྱིར་མི་ལྡོག་པའི་(12བ)ས་ཐོབ་ཤོག་༔ (ཅེས་ལྷ་ཡི་དལ་བསྡུ། དྲུག་པ་མི་ཡི་གནས་ནས་དྲང་བ་ནི ། མིང་བྱང་མི་ཡི་དལ་དུ་བཞག་ནས།) ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ མ་ཡེངས་ཡིད་ཀྱི་དྲན་པས་ཟུངས༔ གཉིས་འཛིན་སེམས་ཀྱི་འཁྲུལ་སྣང་ལས༔ རྐྱེན་བཞི་འདུས་པའི་འཁྲུལ་འཁོར་བྱུང་༔ ཡུལ་ལྔ་བདག་ཏུ་འཛིན་པ་ལས༔ ཉོན་མོངས་དུག་ལྔའི་ལོ་འདབ་རྒྱས༔ རྒྱུད་དྲུག་ལམ་དུ་འཁྱམས་པས་ལན༔ ཚེ་འདས་བྱ་བ་རིགས་ཀྱི་བུ༔ རྣམ་སྨིན་ཚིག་བཤད་འདི་ལ་ཉོན༔ འདོད་ཆགས་བསགས་པའི་ལས་དབང་གིས༔ མི་ཡི་གནས་སུ་སྐྱེ་སྲིད་དོ༔ མི་ཡི་གནས་སུ་སྐྱེས་གྱུར་ན༔ སྐྱེ་རྒ་ན་འཆི་བསམ་མི་ཁྱབ༔ བྲེལ་ཕོངས་སྡུག་བསྔལ་ཡ་རེ་ང་༔ འགྱུར་བའི་སྡུག་བསྔལ་བསམ་མི་ཁྱབ༔ འབྲས་བུ་འདོད་ཆགས་བསགས་པས་ལན༔ འདོད་ཆགས་དེ་ཡིས་ཁྱོད་རེ་བསླུས༔ འདོད་ཆགས་དེ་ཡིས་ཁྱོད་རེ་ནོངས༔ བུ་ཁྱོད་དེ་རུ་མ་འཁྱམས་པར༔ བརྩོན་འགྲུས་ཆེན་པོའི་གོས་གྱོན་ལ༔ མ་ཆགས་མ་ཞེན་ཡར་ཤོག་ཅིག༔ བཛྲ་ཨངྐུ་ཤ་ཡ་ཛཿ(གཏོར་མ་བསྔོ་བ་ནི།) ཧཱུྃ༔ འདོད་ཆགས་མི་ཡི་གནས་(13ན)རིས་སུ༔ མཆོད་སྦྱིན་མཆོག་གི་གཏོར་མ་འདི༔ འདོད་ཆགས་ལན་ཆགས་སྦྱོང་ཕྱིར་འབུལ༔ བྲེལ་ཕོངས་སྡུག་བསྔལ་ཀུན་ཞི་ནས༔ བྱང་ཆུབ་གོ་འཕང་ཐོབ་པར་ཤོག༔ (ཁྲུས་བྱ་བ་ནི།) འདི་ནི་བརྩོན་འགྲུས་རང་བཞིན་ཆུ༔ ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་༔ གཏོང་བ་དྲི་ཡིས་ལེགས་བགོས་ཆུ༔ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ༔ (ཡིག་བརྒྱའི་མཐར།) ནྲྀ་ཚིནྡྷ་ཚིནྡྷ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ༔ (མིའི་ཐུབ་པ་སྤྱི་བོར་བཞག་ལ།) ཧཱུྃ༔ ཉོན་མོངས་འདོད་ཆགས་ཀུན་སྤངས་པའི༔ མི་ཡི་ཐུབ་པ་ཤཱཀྱ་སེང་༔ སྐུ་མདོག་སེར་པོ་གསེག་ཤང་བསྣམས༔ བརྩོན་འགྲུས་ཆོས་སྟོན་འདོད་ཆགས་སེལ༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ བྲེལ་ཕོངས་སྡུག་བསྔལ་ཞི་ནས་ཀྱང་༔ བླ་མེད་བྱང་ཆུབ་ཐོབ་པར་ཤོག༔ ཨོཾ་མུ་ནེ་ཏྲུྃ་སྭཱ་ཧཱ༔ (ས་མཚམས་བཅད་པ་ནི།) ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་མི་ཡི་གནས་རིས་ཡིན༔ འདོད་ཆགས་བསགས་པའི་ལས་དབང་གིས༔ འབྲས་བུ་མི་ཡི་(13བ)རྒྱུ་རུ་སྨིན༔ སྐྱེ་འཆི་སྡུག་བསྔལ་གྲངས་ལས་འདས༔ དེ་ལས་ཐར་པའི་དུས་མ་མཆིས༔ བུ་ཁྱོད་དེ་རུ་མ་འཁྱམས་ཤིག༔ བུ་ཁྱོད་དེ་རུ་མ་འཁོར་ཅིག༔ བུ་ཁྱོད་དེ་རུ་ཡིད་མ་རྒྱུ༔ རིགས་དྲུག་མི་ཡི་ས་མཚམས་བཅད༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ (ཅེས་མི་ཡི་དལ་བསྡུས་ལ་དཀྱིལ་འཁོར་ཤར་ཕྱོགས་ཀྱི་ཁྱམས་སུ་བཞག་གོ །དགུ་པ་སྐྱབས་སུ་འགྲོར་འཇུག་པ་ནི།) ཚེ་འདས་ཉིད་དཀྱིལ་འཁོར་ཆེན་པོའི་ཤར་ཁྱམས་སུ་གནས་པའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་(བསམ་ལ།) གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །(14ན)ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །(ཞེས་ཕྱག་འཚལ་སྔོན་དུ་འགྲོ་བས།) ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། དེ་རིང་སྙིང་ནས་སྐྱབས་སུ་མཆི། །མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། །འཁོར་བའི་སེམས་ཅན་བདག་ལྟ་བུ། །བར་དོའི་གནས་ན་མགོན་མེད་ཅིང་། །འཇིགས་པས་མནར་བ་བདག་ལ་དགོངས། །ཐོག་མེད་དུས་ནས་སྤྱད་པ་ཡི། །ལས་ངན་སྒྲིབ་པས་བཅིངས་པ་བདག །མཐའ་མེད་འཁོར་བའི་སྡུག་བསྔལ་ལས། །བདེ་ཆེན་(14བ)གནས་སུ་དྲང་དུ་གསོལ། །བར་དོའི་འཇིགས་པ་གཤིན་རྗེའི་འཕྲང་། །ཉམ་ངའི་གནས་སུ་འཁྱམས་པའི་འགྲོ། །ཉོན་མོངས་གདུང་བས་གཟིར་བ་རྣམས། །བྱམས་པའི་ཐུགས་རྗེས་བསྐྱབ་ཏུ་གསོལ། །(ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོར་འཇུག །བཅུ་པ་དབང་བསྐུར་བ་ནི། དཀྱིལ་འཁོར་དུ་འཇུག་པ་ནས་བརྩམས་གཏང་རག་འབུལ་བའི་བར་སྔར་བདག་འཇུག་གི་སྐབས་བཞིན་བྱའོ། །བཅུ་གཅིག་པ་ཟས་གཏད་པ་ནི། རྟེན་བསྒྲུབ་བྱར་མོས་པ་ལ་དབང་བསྐུར་བས་སྡིག་པ་དག་སྟེ་རྡོ་རྗེ་སེམས་དཔའི་སྐུར་གསལ་བ་ལ། བཟའ་བཏུང་སོགས་འདོད་ཡོན་གཏད་འོས་པ་རྣམས།) རྃ་ཡྃ་ཁྃ་གིས་(བསང་སྦྱང་།) འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་(བསམ་ཞིང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་བརླབ་ལ།) ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་སཏྭ་རཱུ་པ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱཧཱ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི་གནས་ཐོབ༴ །ཟག་མེད་དགའ་(15ན)བདེས་རྟག་ཏུ༴ །ཤཔྡ༴ །ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དྲི་མཆོག་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི༴ ཟག་མེད་དགའ་བདེས༴ །གནྡྷེ༴ །ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །རོ་མཆོག་ཁྱད་པར་འཕགས་པ་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི༴ །ཟག་མེད་དགའ་བདེས༴ །རཱ་ས༴ །ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱ་ཁྱད་པར་འཕགས་པ་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི༴ །ཟག་མེད༴ །སྤརྴེ༴ །ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་དང་། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས། །རྡོ་རྗེ་སེམས་དཔའི༴ །ཟག་མེད་དགའ་བདེས༴ །ཨོཾ་བཛྲ་སཏྭ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱཧཱ། (ཞེས་གཏད། བཅུ་གཉིས་པ་འཁོར་བར་མ་ཆགས་པར་གདམས་པ་ནི།) ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །རིགས་དྲུག་གནས་ན་བདེ་བ་མེད། །སྡུག་བསྔལ་ལས་ལ་མ་ཆགས་པར། །མ་ཡེངས་རྩེ་གཅིག་དྲན་པས་ཟུངས། །(བཅུ་གསུམ་པ་ལམ་བསྟན་པ་ནི།) འོག་མིན་ཆོས་དབྱིངས་ཞིང་ཁམས་ན། །བཅོམ་ལྡན་རྡོ་རྗེ་སེམས་(15བ)དཔའ་བཞུགས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །རང་རིག་རྩལ་གྱིས་འགྲོ་བར་གྱིས། །(བཅུ་བཞི་པ་ལམ་སྦྱོང་བ་ནི།) དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྙིང་པོ་ཕྱག་རྒྱའི་མཐུས། །ལམ་ལྔ་ས་བཅུ་སྐད་ཅིག་ལ། །ཐོགས་པ་མེད་པར་བགྲོད་གྱུར་ཅིག །པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །(ཅེས་པས་)རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཐོན། འོག་མིན་གྱི་ཞིང་དུ་སོང་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཐུགས་ཀར་གཉིས་སུ་མེད་པར་ཐིམ་པར་(བསམ། བཅོ་ལྔ་པ་བྱང་བུ་བསྲེག་པ་ནི།) དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱངས་པར་(བསམ་ལ། ཞི་ཁྲོའི་སྔགས་ལན་གསུམ་གྱིས་མེ་སྦར་ཞིང་།) ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །འདི་ནི་སྐྱེ་(16བ)འགག་སྨོན་པ་དང་། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་བསྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །(ཡིག་བརྒྱའི་མཐར།) ཨགྣེ་ཛྭ་ལ་རྃ། (ཞེས་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་བསྒྱུར་རོ། །དེ་ལྟར་བྱང་བུ་དང་རོ་སྲེག་གིས་མཚོན་ཏེ་སྒྲིབ་སྦྱོང་གི་མཚན་མ་མེའི་པྲ་ལས་ཤེས་པར་བྱ་བ་ནི། སྦྱོང་རྒྱུད་ལས། སྡིག་པ་བཅོམ་པའི་མཚན་མ་ནི། །དཀར་པོ་ཉིད་དང་གཡས་སུ་འབར། གྱེན་དུ་འབར་ཞིང་དྲི་མ་མེད། །ཟླུམ་ཞིང་རྣམ་པར་མི་འཕྲོ་བར། །བརྟན་པ་གློག་བཞིན་དྲི་མ་མེད། །ཡང་ན་མེ་ལྷ་ཉིད་ཀྱིས་ནི། །བདག་ཉིད་དེ་བཞིན་སྟོན་བྱེད་དོ། །ཟླ་བ་དྲི་མེད་དཀར་འདྲ་བ། །བཞིན་མཆོག་བཟང་ཞིང་ལྷམ་མེ་འབར། །དེ་ཡི་མཚན་མ་འདི་དག་གིས། །དམྱལ་བ་ལ་སོགས་རྣམ་གྲོལ་ཞིང་། །སྡིག་པ་བཅོམ་ནས་བདེ་འགྲོར་ནི། །སྐྱེས་པ་ཡིན་པས་ཤེས་པར་བྱ། །ཞེས་པས་སྟེང་དུ་དྲང་པོར་འབར་བ་དང་། དུ་བ་ལ་སོགས་པས་ནག་ནོག་མེད་པ་དང་། །ཟླུམ་ཞིང་སྟེང་དུ་མི་འཕྲོ་བ་དང་། དལ་ཞིང་མདངས་གསལ་བ་དང་། སྒྲ་ལ་སོགས་པ་ཆུང་བར་འབར་བ་དང་། མེ་ལྷ་ཉིད་ཀྱི་རང་གཟུགས་ཇི་ལྟ་བར་མེ་ཡི་གཟུགས་ལས་སྟོན་པ་རྣམས་ནི་དམིགས་ཡུལ་དེ་ངན་སོང་ལས་གྲོལ་ཞིང་ལྷ་ལ་སོགས་པའི་བདེ་(16བ)འགྲོར་སྐྱེ་བའི་རྟགས་སུ་ཤེས་པར་བྱའོ། །ཡང་མི་དགེ་བའི་མཚན་མ་ནི། དུ་བ་ཆེ་ཞིང་མེ་སྟག་འཕྲོ་བ་དང་། དལ་བུས་མདོག་མི་གསལ་བར་འབར་བ་དང་། མེ་ལྕེ་ཆད་པ་དང་། འོད་མེད་ཅིང་སྔོ་བ་དང་། མདུང་རྩེ་གསུམ་པ་ལྟ་བུ་དང་། ཞིབ་མ་ལྟ་བུ་མིག་ཚགས་ཅན་དང་། བ་ལང་གདོང་གི་དབྱིབས་ལྟ་བུ་དང་། མི་རོ་ལ་སོགས་པའི་དྲི་ང་བ་དང་། དྲི་མེད་པའམ། དྲག་ཏུ་འཚུབས་ཤིང་འབར་བ་རྣམས་ནི་དམིགསས་ཡུལ་དེ་ངན་འགྲོར་སྐྱེ་བའི་རྟགས་ཡིན་པས། དགེ་བར་མཐོང་ན་ཚོགས་གཉིས་ཀྱི་དཔུང་བསྐྱེད་པའི་དགེ་བའི་སྟོབས་ཇི་ལྟར་རིགས་པ་བསྒྲུབས་པས་བདེ་འགྲོར་སྐྱེ་འགྱུར་ཉིད་ཀྱང་འགལ་རྐྱེན་ཉུང་བ་དང་། མཐུན་རྐྱེན་མངོན་པར་མཐོ་བའི་རྟེན་དེ་ཡང་གཟུགས་དང་ལང་ཚོ་དང་འབྱོར་པ་ཕུན་སུམ་ཚོགས་པ་གོང་ནས་གོང་དུ་སྤེལ་ཞིང་ངེས་པར་ལེགས་པའི་ལམ་དུ་འཇུག་པ་ལ་སོགས་པར་གྱུར་ཞིང་། གལ་ཏེ་ངན་པར་མཐོང་ན་སྟོབས་བཞི་ལྡན་གྱིས་སྡིག་པ་སྦྱོང་བ་ལ་འབད་པར་བྱ་སྟེ། སྟོབས་བཞིའི་ནང་ནས་ཀྱང་སྐབས་འདིར་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཉིད་གཙོ་བོར་བསྒྲུབ་པ་གལ་ཆེའོ། །དེ་ཡང་ཤེར་ཕྱིན་ལ་སོགས་པའི་མདོ་སྡེ་ཟབ་མོ་བཀླག་པ་སོགས་དང་། བདག་མེད་འོད་གསལ་གྱི་དོན་ལ་འཇུག་པ་དང་། ཡིག་བརྒྱ་ལ་སོགས་པའི་གཟུངས་ཁྱད་པར་ཅན་ཆོ་ག་བཞིན་དུ་བཟླ་བ་དང་། བདེ་བར་གཤེགས་པའི་སྐུ་གཟུགས་དང་གླེགས་བམ་དང་མཆོད་རྟེན་བཞེངས་པ་དང་། སྰཙྪ་གདབ་པ་དང་། དེ་དག་དང་དགེ་འདུན་ལ་མཆོད་པ་དང་། བདེ་བར་གཤེགས་པ་རྣམས་ཀྱི་མཚན་བཟུང་ཞིང་བསྒྲག་པ་དང་། གཞན་(17ན)ཡང་སྦྱིན་གཏོང་སྲོག་བསླུ་བ་ལ་སོགས་དགེ་བའི་དཔུང་བསྐྱེད་པའི་ཐབས་ཚུལ་མདོ་སྡེ་དང་རྒྱུད་སྡེ་རྣམས་སུ་གསུངས་པ་བཞིན་བསྒྲུབས་པས་ནི་ངན་སོང་སྡུག་བསྔལ་ཆེན་པོར་སྐྱེ་བའི་རྒྱུ་རྣམས་ནི་སྡུག་བསྔལ་ཆུང་བར་འགྱུར་བ་དང་། ངན་འགྲོར་སྐྱེས་ཀྱང་དེའི་སྡུག་བསྔལ་མི་མྱོང་བ་དང་། རིང་པོར་མྱོང་བ་རྣམས་ཡུན་ཐུང་དུའམ། གཏན་ནས་མྱོང་མི་དགོས་པར་འགྱུར་བ་སོགས་གཉེན་པོ་སྟོབས་ཆེ་ཆུང་ལས་སྡིག་པ་འདག་ཚུལ་ཡང་དེའི་རྗེས་སུ་འགྲོ་བས་བསགས་སྦྱོང་གི་ལས་གང་སྒྲུབ་ཀྱང་ལྷག་པའི་བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པས་ནན་ཏན་དུ་བསྒྲུབ་པ་གལ་ཆེ་སྟེ། རྒྱལ་བ་བདེན་པར་གསུངས་པའི་ལུང་གི་རྗེས་སུ་འབྲང་བའི་ཕྱིར་མི་བསླུ་བར་ངེས་སོ།། །།)

༈ ། (གཉིས་པ་རོ་སྲེག་གི་ཆོ་གའི་མཐའ་བསྐྱང་བ་ལ་གཉིས། ཡོ་བྱད་ཀྱི་ཤོམ་དང་། ཆོ་ག་དངོས་སོ། །དང་པོ་ནི། སྔར་སྦྱིན་སྲེག་མ་མྱོང་ས་ཡིན་ན་བརྟག་སློང་སྦྱོང་བ་སོགས་ཆོ་ག་གང་འགྲུབ་བྱ་ཞིང་། སྔར་འདུལ་ཟིན་དང་ཆོ་ག་རྒྱས་པ་མི་ནུས་ན་ནི། གང་དུ་བྱ་བའི་ས་དེར་གཞི་བདག་ལ་གཏོར་མ་བྱིན་ནས་བཀའ་བསྒོ། ལྷའི་ང་རྒྱལ་གྱིས་རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ།) ཨོཾ་བཛྲ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ (ཅེས་བཟླས་པས་བྱིན་གྱིས་བརླབས་ནས་སར་འཛིན་གྱི་རྟོག་པ་སྦྱངས། དེར་ཐབ་སྟེགས་རྒྱར་འདོམ་གང་བ་གྲུ་བཞི་པ་བྱུང་གིས་བྱུགས་པའི་ཁར་ཚངས་ཟུར་གྱི་ཐིག་བཏབ། དབུས་ནས་མཐོ་གང་ཟླུམ་པོར་བསྐོར་བའི་ཕྱི་ནས་མཆུ་དང་ཁ་ཁྱེར་སོར་བཞི་པ་རེ་བསྐོར། ནང་དུ་ཆ་ཕྲན་གཅིག་པའི་རྡོ་རྗེའི་ཕྲེང་བས་བསྐོར་བའི་པདྨ་འདབ་མ་(17བ)བརྒྱད་པའི་ལྟེ་བ་དང་བཅས་པ་དང་། ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པར་རྡུལ་ཚོན་དཀར་པོས་བྲིས་པའི་ཁར་རས་དཀར་པོ་པདྨ་འདབ་བརྒྱད་བྲིས་པ་བུམ་ཆུ་ལ་དྲངས་བས་བཀབ། ཐབ་ཀྱི་ཁ་ཁྱེར་གྱི་ཕྱི་ནས་ཕ་གུ་སོགས་ཀྱིས་རོ་ཁང་གི་རྒྱར་ཁྲུ་གང་གྲུ་བཞི་པ་ཇི་ལྟར་རིགས་པ་བརྩིགས་ནས། ཆོ་ག་དངོས་གཞིའི་ལམ་སྦྱོང་བསྟན་ཡན་ཆད་ཚར་བ་ན། རོ་ཁང་རྙིང་པ་ལས་གུད་དུ་ཕྱུངས་ཏེ། བགེགས་ལ་གཏོར་མ་བྱིན་ནས་དྲག་སྔགས་སྤོས་རོལ་ཡུངས་ཐུན་དང་བཅས་པས་བསྐྲད། སྒྲིབ་སྦྱོང་གི་གཟུགས་བཟླས་པའི་བྱེ་མ་དང་ཡུངས་ཀར་གྱིས་བྲབ། ཁྲུས་བུམ་གྱི་ཆུས་ཀྱང་བཀྲུ་ཞིང་དར་རས་ཀྱིས་ཕྱི། དྲི་བཟང་པོའི་ལྡེ་གུས་ཁྱབ་པར་བྱུག །སྤྱི་བོ་ལ་སོགས་གནས་གསུམ་དུ་འབྲུ་གསུམ་དང་སྙིང་གར་ཞི་ཁྲོའི་སྤྱི་སྔགས། གཞན་ཡང་བཏགས་གྲོལ་སོགས་གདགས་ཡིག་ཇི་ལྟར་འབྱོར་པ་རྣམས་མར་སྦྲང་གིས་གནས་སོ་སོར་སྦྱར། དར་རས་ཀྱིས་སྟོད་གཡོགས་དང་སྨད་དཀྲི། ལྷར་བསྐྱེད་ནས་ཅུང་ཟད་མཆོད་ཅིང་བསྟོད་པ་རྣམས་བྱ་སྟེ། འདུས་པ་མདོར། རོ་ཡི་རྫས་རྣམས་བསྲེགས་སྦྱངས་ཐིམ། །རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང་། །ཤིན་ཏུ་དྲི་ཞིམ་སྣ་ཚོགས་ཀྱིས། །རོ་ལ་བྱུག་ཅིང་བཀྲུ་བར་བྱ། །བདུད་རྩི་ཞུན་ཆེན་ཁུ་བ་ཡིས། །རོ་ལ་བྱུགས་པས་རོ་དཀྲུས་ཏེ། །རོ་ཡི་གནས་རྣམས་གང་ཡིན་པར། །སྔགས་ཀྱི་སྦྱོར་བ་ཀུན་བཀོད་ནས། །ཕྱག་རྒྱའི་མཚན་མ་གདབ་པར་བྱ། །རྒྱལ་བའི་དཀྱིལ་འཁོར་བཀོད་པ་གང་། །དེ་ཡི་མཚན་མ་ཕྱག་རྒྱ་རྣམས། །གོང་དུ་བཀོད་པ་དེ་ཉིད་དུ། །སྙིང་པོའི་གྲངས་ཀྱང་དེ་ལྟར་བྱ། །ཞེས་སོགས་(18ན)གསུངས་པ་བཞིན་དང་། དེ་ནས་ཕུང་པོ་རས་སོགས་སྟན་སྲབ་མོའི་ཁྱོགས་ལ་བཏེགས་ནས་རོལ་མོ་དང་བཅས་པས་ཐབ་ཀྱི་ནང་དུ་འབུད་ཤིང་ངམ་ལྕགས་སྟེགས་རྒྱབ་མཐོ་ཞིང་མདུན་དམའ་བའི་ཁར་ཙོག་བུའི་སྟབས་ཀྱིས་རྒུ་བར་བཞག་པའི་རྐང་པ་གཉིས་འོག་ཏུ་ཅུང་ཟད་བརྐྱངས་པའི་ནང་ཁོངས་སུ་མེ་ཚང་བཅས་ནས་མེའི་མཐིལ་རྒྱུ་ཞབས་སུ་ཕོག་པ་བྱ་ཞིང་། ཟ་འདྲེ་སྦུབས་ཞུགས་ཀྱི་དོགས་པ་ཡོད་ན་རྐང་མཐིལ་གཉིས་སུ་པོ་ཝི་བཙུགས་པའི་རྩེ་བོལ་གོང་དུ་འཐེན་པ་ཡང་བྱེད། དྲི་ཞིམ་པོའི་ཤིང་གཤགས་ཕྲ་བ་རྣམས་མདུན་དང་། སྦོམ་པ་རྣམས་ཀྱིས་རྒྱབ་ནས་དམ་དུ་གཅེར་བའི་བར་དུ་ཐོག་མར་མེ་མི་འགྲོ་བར་བྱས་པའི་ཕྱིའི་མདུན་གྱི་རྩ་བར་སྦར་ཁུང་། སྐེད་པར་རྫས་ཁུང་རྣམས་དང་། ཐད་མཉམ་པའི་ཕྱོགས་གསུམ་དུའང་རླུང་གསེང་མ་གཏོགས་སྔར་གྱི་རོ་ཁང་གི་འཕྲོ་ནས་སྤྱི་བོའི་ཐད་མཉམ་པར་གྲུ་བཞི་པར་བརྩིགས། དེའི་སྟེང་ནས་རྫ་ལ་སོགས་བུམ་པའི་དབྱིངས་རུང་མཐུན་སྟེང་དུ་དུད་ཁུང་དང་ལྡན་པ་མཆོད་རྟེན་ལྟ་བུའི་དབྱིབས་ཅན་མཛེས་ཤིང་བརྟན་པར་བརྩིགས་ཕྱི་ནས་འཇིམ་པ་བཟང་པོའི་ཞལ་བ་དང་དཀར་རྩིས་བྱུག །འཚིག་དཀའ་བ་ལ་སོགས་པའི་དོགས་པ་ཡོད་ན་རྫས་ཁུང་དང་ཐད་མཉམ་པའི་ཕྱོགས་གསུམ་དུའང་རླུང་གསེང་བྱ། སྟེང་ནས་གདུགས་དང་ཟུར་དང་ལོགས་བཞིར་རྒྱལ་མཚན་དང་བ་དན་མཛེས་པས་བརྒྱན། སློབ་དཔོན་གྱི་གཡོན་ཕྱོགས་ཐབ་དང་ཉེ་བར་ཉེར་སྤྱོད་ལྔ་དང་གཏོར་མ་སོགས་མཆོད་རྫས་དང་། གཡས་སུ་ཡམ་ཤིང་སོགས་བསྲེགས་རྫས་རྣམས་(18བ)མེ་ལྷ་མཆོག་དམན་གྱི་དབྱེ་བས་ཉིས་རིམ་དུ་འགོད། མདུན་དུ་ཉེ་བའི་སར་བསང་ཆུ་ནང་མཆོད་རྡོར་དྲིལ་ཌཱ་མ་རུ་དགང་བླུགས་མར་ཁུའི་སྣོད་རྣམས་བཞག །གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མཐོང་བརྒྱུད་བཞིན་ཚོགས་པར་བྱའོ། །གལ་ཏེ་དུར་ཁྲོད་ལ་སོགས་པར་ཁྱེར་ནས་སྲེག་ན་རོ་ཁྱེར་བ་པོ་ལ་སྲུང་སྐུད་འདགས་ཤིང་གཤིན་རྗེར་མོས། གྲོགས་གཞན་རྣམས་ཀྱང་དཀར་ཕྱོགས་སྐྱོང་བ་སོ་སོར་མོས། ཡོ་བྱད་ཐ་དད་པ་རྣམས་དང་རོལ་མོ་སྣ་ཚོགས་དང་བཅས་ནས་སློབ་དཔོན་གྱིས་རྡོར་དྲིལ་ཐོགས་ལ་སྙིང་པོ་དང་ཡིག་བརྒྱ་བཟླ་བཞིན་པས་སྣ་དྲངས་པར་བཤད་དོ། །གཉིས་པ་ཆོ་ག་དངོས་ལ་ལྔ་ལས། དང་པོ་སྔོན་དུ་བྱ་བའི་རིམ་པ་ནི། སློབ་དཔོན་ཆས་གོས་དཀར་པོ་དང་ལྡན་པས་འཇམ་པའི་སྟན་ལ་ཁ་ཤར་དུ་ཕྱོགས་པས་འཁོད་དེ། ཐུན་མཚམས་ཀྱི་ལྷའི་ང་རྒྱལ་ལ་གནས་པས་རྡོ་རྗེ་ཐབས་ཀྱི་རང་བཞིན་དང་། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་ལ།) ཨོཾ་མཧཱ་བཛྲ་ཧཱུྃ། (ཞེས་ལག་གཡས་ཀྱིས་རྡོ་རྗེ་ཐུགས་ཀར་གསོར།) ཨོཾ་བཛྲ་གྷནྜཱེ་ཨཱཿ(ཞེས་ལག་གཡོན་གྱིས་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན།) ཨོཾ་སརྦ་ཏ་ཐཱ་ག་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། (ཐུགས་ཀར་འཁྱུད་རྒྱ་བྱ་ཞིང་། རྡོ་རྗེ་ཐུགས་ཀྱི་དམ་ཚིག་དྲིལ་བུ་གསུང་གི་དམ་ཚིག །ཕྱག་རྒྱ་སྐུ་ཡི་དམ་ཚིག་སྟེ། ནང་གི་རྡོར་དྲིལ་ཁ་སྦྱོར་ལས་བྱུང་བའི་བདེ་བ་ཆེན་པོའི་བདག་ཉིད་ངའོ་སྙམ་པས་དམ་ཚིག་གསུམ་དྲན་པར་བྱ། མཆོད་རྫས་རྣམས། ལས་སྔགས་ཀྱིས་བསང་།) སྭ་བྷཱ་(19ན)ཝས་སྦྱང་། ཧཱུྃ༔ བདག་ཉིད་རྡོར་སེམས་ཐུགས་ཀ་ནས༔ འོད་ཟེར་སྣང་ལྔ་ཕར་འཕྲོས་ཤིང་༔ (ཞེས་སོགས་ཆོ་ག་གཞུང་བཞིན་བྱིན་གྱིས་བརླབ། བསྲེག་རྫས་རྣམས་བདུད་རྩིས་བྲན་ནས། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང་།) ཨོཾ་ཧཱུྃ་སྭཱ་ཧཱ། (རྫས་བཀྲུ། ཡམ་ཤིང་ལ)ཨོཾ་ཨཱཿསྭཱ་ཧཱ། (ཞུན་མར་ལ།) ཨོཾ་ཤྲཱི་སྭཱ་ཧཱ། (འབྲུ་རྣམས་ལ།) ཨོཾ་ཛྲིཾ་སྭཱ་ཧཱ། (རྫས་གཞན་རྣམས་ལ།) ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། (ཞེས་པས།) སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་བསྲེག་རྫས་སོ་སོའི་རྣམ་པ་གསལ་བར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་(ལན་གཅིག་ལ།) ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། (ལན་གསུམ་བཏགས་པ་རྗོད། དེ་བཞིན་དུ།) ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཨོཾ་བཛྲ་པུཥྚ་ཡ་སྭ་ཧཱ། ཨོཾ་བཛྲ་བཱི་ཛྰ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་བེ་གྰ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་གྷསྨ་རི་ཡ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། (ཞེས་རྫས་སྔགས་རྣམས་འབྲུ་གསུམ་དང་སྤེལ་བ་ལན་གསུམ་རེ་བརྗོད་པས་བྱིན་གྱིས་བརླབ། བྲམ་ཟེའི་རྒྱུན་བཞག་གི་མེའམ། དགེ་(19བ)འདུན་ཚངས་མང་གི་མེ་སྦར་བའི་དཔལ་འབར་བཟུང་ནས།) ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །འདི་ནི་སྐྱེ་འགག་སྨོན་པ་དང་། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་བསྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །ཨགྣེ་ཛྭ་ལ་རཾ། (ཞེས་པས་གཡས་སུ་བསྐོར་ནས་ཐབ་ཀྱི་མེ་ཚང་དུ་བཅུག་ནས་ཏིང་ལོ་སྦར་ཞིང་།) ཧཱུྃ་(མང་དུ་བརྗོད་ལ་རླུང་གཡབ་ཀྱིས་མེ་སྦར། འབར་བ་ན།) ཨོཾ་ཨགྣ་ཡེ་སྭཱ་ཧཱ། (ཞེས་བླུགས་གཟར་གྱི་མར་ཁུའི་ཐིག་པས་གསོས་ལ།) ཨོཾ་བཛྲ་སཏྭ་ཨཱཿ(ཞེས་བཟླས་པའི་ཀུ་ཤ་རྩ་རྩེ་མ་ཉམས་པ་རྣམས།) ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ ། ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །(ཞེས་ཐབ་ཀྱི་(20ན)ཁར་རང་གི་གཡོན་ནས་རྩེ་མོ་ཤར་དུ་བསྟན་པ་གཉིས་བཞག་པའི་རྩེ་མོ་ཕྱི་མའི་རྩ་བས་ནོན་བ་ཕྱོགས་རེར་ཟུར་རེ་གཡས་བསྐོར་དུ་བཀྲམ། སླར་ཡང་ཆུན་པོ་གཅིག་ཐབ་ཀྱི་ཁར་རྩེ་མོ་ཤར་དུ་བསྟན་ནས་བཞག་གོ །གཉིས་པ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། ཐབ་ལས་སྔགས་ཀྱིས་བསང་།) སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཟླུམ་ཞིང་དཀར་བ་མཚན་ཉིད་ཐམས་ཅད་ཚང་བའི་དབུས་སུ་པད་ཟླ་ལ་གནས་པའི་རྃ་ཡིག་ཡོངས་སུ་གྱུར་པ་ལས་ཞི་བའི་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་དབྱུག་པ་དང་བགྲང་ཕྲེང་། གཡོན་གཉིས་རིལ་བ་དང་སྐྱབས་སྦྱིན་མཛད་པ། དྲང་སྲོང་གི་ཆ་བྱད་ཅན་འཁོར་ཚོགས་དུ་མས་བསྐོར་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་པར་(བསམ་ལ། ལག་གཡས་མི་འཇིགས་པ་ལས་མཐེ་བོང་སྲིན་ལག་གི་རྩར་བསྣན་པས་གཡབ་ཅིང་།) ཨོཾ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གནས་འདིར་གཤེགས་(20བ)སུ་གསོལ། །ཨོཾ་ཨགྣ་ཡེ་ཨཱ་ཀརྵ་ཡ་ཛཿ(ཞེས་སྤྱན་དྲངས་ལ།) ཨོཾ་སུམྦྷ་ནི་(སོགས་ལས་སྔགས་ཀྱིས་ཕྱིར་འབྲང་གི་བགེགས་བསྐྲད།) ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱས་(མཆོད་ཡོན། དེ་བཞིན་དུ་པཱདྱྃ་གྱིས་ཞབས་བསིལ་ཕུལ།) ཨོཾ་ཨགྣ་ཡེ་ས་མ་ཡ་སྟྭྃ། (ཞེས་དམ་ལ་བཞག །) ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། (དེ་ནས།) མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རྃ་ཡིག་གིས་མཚན་པར་(བསམ་ལ། བྱང་ཆུབ་མཆོག་གི་རྒྱས་དགང་བླུགས་བཟུང་སྟེ།) ཨོཾ་ཨགྣ་ཡེ་སྭཱ་ཧཱ། (ཞེས་བདུན་དང་། མར་ཁུ་བླུགས་གཟར་བདུན་གྱིས་བཀང་བའི་དགང་གཟར་གྱི་ཟག་མཆུ་ལས་བབས་པའི་མར་ཁུ་བདུད་རྩི་དྭངས་མར་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམས་ལ། དགང་བླུགས་ཁ་སྤྲོད་པ་པུས་མོ་ལས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཞིང་།) ཨོཾ་ཨགྣ་ཡེ་དྰི་བྱ་དྰིབྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ན་ཡ་ཧཱུྃ་ཕཊ༔ ཚེ་ལས་འདས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། (ཞེས་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག །མཚན་མ་ངན་ན་ལས་སྔགས་དང་བུམ་ཆུས་བསང་། དེ་ནས་)ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། (21ན)(དེ་བཞིན་དུ།) ཤཔྡའི་(བར་སྦྱར་བས་མཆོད།) ཨོཾ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྩོལ་མཛད་པ། །བདག་གཞན་དོན་སྒྲུབ་ས་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་བསྟོད། །(ཅེས་བསྟོད་ནས་བསྲེག་རྫས་རྣམས་འབུལ་བ་ལས། ཡམ་ཤིང་།) ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། (ཞེས་པའི་མཐར།) ཚེ་ལས་འདས་པ་(ཆེ་གེ་མོའི་)སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། (དེ་བཞིན་དུ་རིགས་འགྲེ་བས། མར་ཁུ།) ཨོཾ་ཨགྣ་ཡེ་སྭཱ་ཧཱ། (ཏིལ།) ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། (ཞོ་ཟན།) ཨོཾ་སརྦ་སམྦ་དེ་སྭཱཧཱ། (འབྲས།) ཨོཾ་བཛྲ་པུཥྚ་ཡ་སྭཱཧཱ། (སོ་བ།) ཨོཾ་བཛྲ་བཱི་ཛྰ་ཡ་སྭཱཧཱ། (ནས།) ཨོཾ་མ་ཧཱ་བེ་གྰ་ཡ་སྭཱཧཱ། (སྲན་མ།) ཨོཾ་མ་ཧཱ་བ་ལཱ་ཡ་སྭཱཧཱ། (གྲོ།) ཨོཾ་བཛྲ་གྷ་སྨ་རི་ཡ་སྭཱཧཱ། (དུརྦ།) ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། (ཀུ་ཤ།) ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱཧཱ། (ཞེས་པ་རྣམས་བདུན་ནམ་ཉེར་གཅིག་རེ་ཕུལ། སྔགས་སོ་སོའི་མཐར།) ཚེ་ལས་འདས་པ་(ཆེ་གེ་མོའི་)སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། (ཞེས་བཏགས་པས་དབུལ་ཞིང་། གཞན་ཡང་བསྲེག་རྫས་ཅི་འབྱོར་པ་རྣམས།) ཨོཾ་ཨགྣ་ཡེ་དྰི་བྱ་(ཞེས་པའི་སྔགས་ཁོ་ནས་འབུལ་(21བ)དེ་ནས་ཡུངས་ཀར་ཐབ་ཏུ་གཏོར་ཏེ།) དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་བསྲེག་རྫས་ལྷའི་ཞལ་དུ་སྟོབ་པ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ཏེ་ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། (ཞེས་གསོལ་ལ་བླུགས་གཟེར་གྱིས་མར་ཁུ་ཕུལ་ཏེ།) ཨོཾ་བཛྲ་ཛྭ་ལ་རྃ། མེ་ལྷ་འབར་བའི་རྣམ་པར་གྱུར་(པར་བསམ་མོ། །གསུམ་པ་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ནི། ལས་སྔགས་ཀྱིས་བསང་།) སྭ་བྷཱ་ཝ(ས་སྦྱང་།) སྟོང་པའི་ངང་ལས་ཐབ་ཀྱི་ནང་༔ ཡེ་ཤེས་མེ་དཔུང་འབར་བའི་དབུས༔ ཡེ་ཤེས་ལྔ་ལྡན་ཕོ་བྲང་ནི༔ འཇའ་ཚོན་འོད་ལྔ་འཁྲུགས་པའི་ཀློང་༔ ཐིག་ལེའི་པདྨ་རྩིབས་ལྡན་དབུས༔ ཆོས་སྐུ་མི་འགྱུར་ཨ་མཐིང་ལས༔ ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་༔ (ཞེས་སོགས་ལྷ་བསྐྱེད་ཡོངས་རྫོགས་ནས།) བླ་མེད་ཞི་ཁྲོའི་ལྷ་ཚོགས་ཤར༔ ཨ་ཨ་ཨཱཿ(ཞེས་གསལ་བཏབ་ལ།) ཧཱུྃ༔ སྐྱེ་མེད་ཆོས་སྐུའི་ཕོ་བྲང་ནས༔ (ཞེས་སོགས་སྤྱན་འདྲེན། བཞུགས་གསོལ། ཕྱག་མཆོད། བསྟོད་པའི་མཐར་ཐུག་གི་བར་ལས་བྱང་གི་དཀྱུས་བཞིན་བཏང་ནས། དགང་བླུགས་འབུལ་བ་ནི།) དཀྱིལ་འཁོར་གྱི་ལྷ་རྣམས་ཅུང་ཟད་འཛུམ་པའི་(22ན)ལྗགས་དང་གཟར་བུ་(སོགས་སྔར་དང་འདྲ་བ་ལས།) ཨོཾ་ཨཱཿཧཱུྃ་བོ་དྡྷི་ཙིཏྟ་(སོགས་རྩ་སྔགས་བདུན་གྱིས་བཀང་ནས།) ཨོཾ་ཨགྣ་ཡེ་དྰི་བྱ་(སོགས་ཀྱིས་ཕུལ།) ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་རྒྱལ་བ་ཞི་ཁྲོའི་གོ་འཕང་མྱུར་དུ་ཐོབ་པའི་ཕྲིན་ལས་མཛད་དུ་གསོལ། (ཞེས་ཕྲིན་ལས་བཅོལ་བ་སྤེལ་ཚིག་དང་བཅས་ལན་གསུམ་དུ་འབུལ། བསྲེག་རྫས་གཞན་རྣམས། ཡམ་ཤིང་ལ།) ཨོཾ་ཨཱཿཧཱུྃ་བོ་དྡྷི་ཙིཏྟ་མཧཱ་སུ་ཁ་ཛྙཱ་ན་དྷྰ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོཾ་ཧཱུྃ་ཕཊ༔ (ཚར་གཅིག་གི་མཐར།) ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱཧཱ། (བཅུ་རེ་མཐར།) ཚེ་ལས་འདས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། (ཞེས་སྤེལ་ཚིག་དང་བཅས་འབུལ། དེ་བཞིན་དུ་མར་ཁུ་ནས་ཀུ་ཤའི་བར་རྫས་སྔགས་སྤེལ་ཚིག་དང་བཅས་པ་གོང་ལྟར་ལས། ཁྱད་པར་གྱི་རྫས་རྣམས་རིལ་བུའམ་ཁྲོལ་བུ་གང་ཡིན་ནའང་རྩ་བའི་སྔགས་ཁོ་ནས་ཕུལ་བའམ། ཚིག་མྱུར་བུལ་གྱི་སྐབས་དང་སྦྱར་ནས་རྫས་རྣམས་བཅུ་ཚན་རེའི་འགོར་རྩ་སྔགས་ཀྱིས་དྲངས་ཏེ་ཕུལ་བའི་མཐར་ཕྲིན་ལས་བཅོལ་བའི་སྤེལ་ཚིག་སྦྱར། མཐར་ཞི་ཁྲོའི་སྤྱི་སྔགས་དང་ཡིག་བརྒྱ་སྤེལ་བས་ཡུངས་ཀར་ཕུལ་ལ།) ཚེ་ལས་འདས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་(22བ)བའི་ཕྲིན་ལས་མཛད་དུ་གསོལ། (ཅེས་ཕྲིན་བཅོལ་བྱ། དེ་ནས་སླར་གཤེགས་སྐྱེམས་ནི།) དཀྱིལ་འཁོར་གྱི་ལྷ་རྣམས་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་(སོགས་ནས།) གོ་འཕང་མྱུར་དུ་ཐོབ་པའི་ཕྲིན་ལས་མཛད་དུ་གསོལ། (ཞེས་པའི་བར་སྔར་བཞིན་ཚར་གསུམ་གྱིས་དགང་བླུགས་ཕུལ་ནས། གཏོར་མ་བསང་སྦྱང་བྱིན་གྱིས་བརླབ།) ཨོཾ་ཨཱཿཧཱུྃ་བོ་དྡྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷྰ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་(སོགས་ལན་བདུན་གྱིས་ཕུལ་ལ།) མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །(སོགས་ཀྱིས་ཕྲིན་ལས་གསོལ། གཏང་རག་གི་མཆོད་བསྟོད་པ་ནི།) ཨོཾ་གུ་རུ་མཎྜལ་ས་པ་རི་ཝཱ་ར་ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། (གནྡྷེའི་གནས་སུ།) དྷུ་པེ། པུཥྤེ། ཨཱ་ལོ་ཀེ། ནཻ་ཝིདྱཱ། ཤཔྡའི(བར་གྱིས་མཆོད།) བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ (སོགས་ཤྭ་ལོ་ཀ་གཅིག་གིས་བསྟོད།) མ་རྙེད་ཡོངས་སུ་མ་ཚང་དང་། །(སོགས་དང་ཡིག་བརྒྱས་ནོངས་པ་བཟོད་པར་གསོལ།) ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །(སོགས་ཀྱིས་ཡེ་ཤེས་གཤེགས།) དམ་ཚིག་པ་བདག་ལ་ཐིམ་པར་བསམ། བཛྲ་ས་མཱ་ཛཿ(ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ།) བླུགས་(23ན)གཟར་གྱིས་མར་ཁུ་དང་། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། (ཞེས་བརྗོད་པས་མེ་གསོ་ཞིང་།) བཛྲ་ས་མཱ་ཛཿ(ཞེས་རྡོ་རྗེ་བསྡུ་བའི་རྒྱས།) སླར་ཡང་མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར། མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་(སོགས་ཀྱིས་དགང་གཟར་བླུགས་ཕུལ་ནས་ཕྲིན་ལས་གསོལ་བ་ལན་གསུམ་སྔར་བཞིན་བྱ།) ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱཧཱ། (སོགས་ཡམ་ཤིང་ནས་ཀུ་ཤའི་བར་གྱི་བསྲེག་རྫས་རྣམས་ལན་བདུན་རེ་སོགས་སྔར་བཞིན་ཕུལ། གཏོར་མ།) ཨོཾ་ཨགྣ་ཡེ་དེ་ཝ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་(སོགས་ལན་གསུམ་གྱིས་ཕུལ་ལ།) མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །(ཞེས་བསྟོད་ཅིང་།) མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །(སོགས་ཀྱིས་ཕྲིན་ལས་བཅོལ།) མ་རྙེད་ཡོངས་སུ་(སོགས་དང་ཡིག་བརྒྱ་བཟླ་བཞིན་ནོངས་པ་བཤགས།) བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་གཙྪ༔ (23བ)(ཞེས་རང་གནས་སུ་གཤེགས་སུ་གསོལ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །འདིའི་ཚེ་དམིགས་བསལ་གང་ཟག་མཆོག་ཡིན་ན་དམིགས་ཡུལ་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་དུ་བྱས་ནས་བསྲེག་རྫས་རྣམས་མཆོད་པའི་ཚུལ་དུ་ཕུལ་ནས་དེ་དང་འབྲེལ་བའི་འདོད་གསོལ་བྱ། གང་ཟག་དམན་པ་ཤ་ཁྲག་བདུད་རྩིའི་རང་བཞིན་གྱི་བསྲེག་རྫས་སུ་དམིགས་ནས་འབུལ་ཞིང་འདོད་གསོལ་གོང་བཞིན་བྱ་བ་སྟེ། ཞིབ་མོར་ནི་མཐོང་བ་བརྒྱུད་པ་ལ་འདྲིས་པར་བྱའོ། །ལྔ་པ་རྗེས་བསྡུ་བ་ནི། ཉི་མ་དག་ནི་གསུམ་པ་ལ། །རུས་པའི་ཕྲེང་བ་བསྡུ་བར་བྱ། །འོ་མ་དྲི་བཟང་བསངས་གཏོང་ནས། །དེ་ཡི་མཆོད་རྟེན་ཡང་དག་བརྩིག །ཅེས་གསུངས་པས་ལོང་ཡོད་ན་ཞག་གསུམ་ལ་སོགས་པར་མི་བསྒུལ་བར་བཞག་ཅིང་། སྲུང་བ་པོ་རྣམས་ཀྱིས་ཤེས་རབ་སྙིང་པོའི་མདོ་འདོན། ལོང་མེད་ན་འོ་མ་དང་དྲི་བཟང་གིས་ཆུས་མེ་གཞིལ་བར་བྱས་ནས་ལྷའི་ང་རྒྱལ་གྱིས།) སཾ་ཧ་ར་ཎ་ཧཱུྃ། (ཞེས་རུས་པ་རྣམས་བསྡུས་ལ། རིན་པོ་ཆེའི་སྣོད་དུ་དྲི་བཟང་གི་པདྨ་འདབ་བརྒྱད་བྲིས་པའི་ཁར་བཞག །དེའི་སྟེང་དུ་མཉྫིལ་རིན་པོ་ཆེའི་བུམ་པ་སྨན་དང་དྲི་བཟང་གིས་གང་བ་དང་། ཉེ་ལོགས་སུ་འབྱུང་ལྔའི་སྣོད་དང་གུར་གུམ་སོགས་དྲི་བཟང་གི་ཆུའི་སྣོད་ཀྱང་སོ་སོར་བཤམ།) རུས་བུའི་སྟེང་དུ་ཟླ་བ་ལ་གནས་པའི་ཨ་དཀར་པོ་འོད་ཟེར་འཕྲོ་བ་དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་(བསམས་ལ། རྩ་སྔགས་(24ན)དང་ཡིག་བརྒྱ་སོགས་ངན་སོང་སྦྱོང་བའི་སྔགས་མང་དུ་བཟླས་ནས་བུམ་ཆུ་ལ་སོགས་པའི་རྫས་རྣམས་ལ་གདབ་ཅིང་། དེ་དག་གིས་རུས་བུ་རྣམས་དག་པར་བཀྲུ། དེ་ཉིད་ཞིབ་པར་སྦྱངས་ནས་སྔར་གྱི་རུས་བུ་དྲི་བཟང་བ་བྱུང་ལྔ་རྣམས་ས་བཟང་པོ་དང་སྦྱར་བའི་འཇིམ་པ་རྣམས་གོང་བུར་བྱས་ལ། འཇིམ་པ་བསང་སྦྱང་།) སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་ཕུང་པོར་གྱུར། རྣམ་སྣང་གི་ཐུགས་ཀ་ནས་ཡེ་ཤེས་པ་འོད་ཟེར་གྱི་རྣམ་པར་བཀུག །འཇིམ་པར་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་གྱུར། ཨོཾ་ཛི་ན་ཛི་ཀ་སྭཱཧཱ། (ལན་ཉེར་གཅིག་བརྗོད།) ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱས་(འཇིམ་པ་བཅད།) ཨོཾ་བཛྲོད་བྷ་ཝཱ་ཡ་སྭཱཧཱས་(འབི་འབི་བྱ།) ཨོཾ་ཨར་ཛེ་བི་ར་ཛེ་སྭཱཧཱས་(སྣུམ་བསྐུས།) ཨོཾ་དྷ་རྨ་དྷྰ་ཏུ་གརྦྷེ་སྭཱཧཱས་(བསྐོས་ཕོར་དུ་གཞུག །) ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུྃ་(གིས་བརྡུང་།) ཨོཾ་སརྦ་བིདྱཱ་སྭཱཧཱས་(ཟུངས་སམ་མེ་ཏོག་གཞུག །) ཨོཾ་དྷརྨ་ར་ཏི་སྭཱཧཱས་(ཕྱིར་འདོན།) ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ(ས་བཞུགས་སུ་གསོལ། དེ་ཉིད་རྣམ་སྣང་དུ་བསྐྱེད་ལ་ཡེ་ཤེས་པ་དགུག་ཅིང་བསྟིམ། མཆོད་ཅིང་བསྟོད་དེ་རང་གཟུགས་སུ་བསྒྱུར་ནས་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱའོ། འབྲེལ་ཚད་དོན་ལྡན་ཕྲིན་ལས་ཕུལ་བྱུང་བ། །ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལ་བརྟེན་ནས། །ཚེ་འདས་རྗེས་འཛིན་ཆོ་ག་གསལ་བགྱིས་(24བ)པ། འདིས་ཀྱང་འགྲོ་མང་ཐར་པར་དབུགས་འབྱིན་ཤོག །དེ་ལྟར་ཞི་ཁྲོ་ཀུན་བཟང་དགོངས་འདུས་ཀྱི་སྒོ་ནས་ཚེ་འདས་རྗེས་འཛིན་གྱི་ཆོ་ག་འབྲེལ་ཚད་རང་གྲོལ་ཞེས་བྱ་བ་འདི་ནི། ལམ་འདིའི་གདུལ་བྱར་གྱུར་པའི་ཉམ་ཐག་བར་མདོའི་སེམས་ཅན་མང་པོ་ལ་ཕན་འདོད་ཀྱི་བསམ་པའི་རྒྱུ་དང་། དོན་དུ་གཉེར་བའི་བློ་གྲོས་ཅན་རྣམས་ཀྱིས་ནན་ཏན་ཆེན་པོས་བསྐུལ་བ་རྐྱེན་དུ་གྱུར་ཏེ། གསང་བ་སྤྱིའི་ཕྲིན་ལས་ཆོག་གཞུང་གིས་ཁོག་ཕུབ་ཅིང་ཀློང་གསལ་མན་ངག་གཤིན་བུམ་ཡང་གསང་ཐུགས་རྗེའི་ལྕགས་ཀྱུའི་སྙིང་པོའི་བཅུད་བསྡུས་ནས་འཇུག་བདེ་དོན་གསལ་གྱི་ཚུལ་དུ་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ལས། ཐོག་མའི་ཡི་གེ་པ་ནི་མོན་གྱི་རིག་བྱེད་པ་དབང་དྲག་བསྟན་འཛིན་གྱིས་བགྱིས་པ་ཀུན་ཏུ་དོན་ཡོད་པར་གྱུར་ཅིག། །། སརྦ་དཱ་མངྒ་ལཾ།། །།)