DJYD-KABUM-08-NYA-005: Difference between revisions

From Dudjom Wiki
DJYD-KABUM-08-NYA-005
No edit summary
No edit summary
Line 7: Line 7:
|author=Dudjom Rinpoche
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 8: . Kalimpong: Dupjung Lama, 1979-1985.
|sourcerevealer=bdud 'dul rdo rje
|sourcerevealertib=བདུད་འདུལ་རྡོ་རྗེ་
|terma=Yes
|deity=thugs rje chen po; nam mkha' rgyal po
|cycle=dam chos sprul sku snying thig
|cycletib=དམ་ཆོས་སྤྲུལ་སྐུ་སྙིང་ཐིག་
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=༨
|volyigtib=ཉ
|volumenumber=08
|volumenumber=08
|volumeLetter=NYA
|volumeLetter=NYA

Revision as of 16:23, 9 July 2024

Wylie title
Location bdud 'joms rin po che bka' 'bum
Volume 8, Text 5, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 8: . Kalimpong: Dupjung Lama, 1979-1985.
Side notes  
More details More details
Tertön བདུད་འདུལ་རྡོ་རྗེ་ (bdud 'dul rdo rje)
Genre
Cycle དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ (dam chos sprul sku snying thig)
Deity thugs rje chen po,\ nam mkha' rgyal po

[edit]
༄༅། །དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་ལས། འཕགས་མཆོག་ནམ་མཁའི་རྒྱལ་པོའི་བདག་འཇུག་གི་ཆོ་ག་ཕན་བདེའི་བདུད་རྩི་ཞེས་བྱ་བ་བཞུགས་སོ།། །།

(1བ) ཨོཾ་སྭསྟི། །(དེ་ཡང་ལམ་དུས་ཀྱི་དམ་ཚིག་གསོ་ཞིང་ཡེ་ཤེས་སྤེལ་བ་མེད་དུ་མི་རུང་བ་ལྷག་པའི་ལྷའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཚུལ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །) (དང་པོ་ནི། སྦྱོར་བ་མཚན་མའི་དཀྱིལ་འཁོར་བཞེངས་ཏེ་བདག་མདུན་བུམ་གསུམ་ཐ་མི་དད་ཀྱི་ཚུལ་དུ་ལས་གཞུང་གི་བཟླས་པའི་བར་བསྒྲུབས་རྗེས། བུམ་པའི་དཀྱིལ་འཁོར་ལོགས་སུ་ཕྱེས་ལ།) རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། (ཞེས་གསལ་བཏབ་སྟེ་རྣམ་རྒྱལ་(2ན)བུམ་པར་རྩ་བའི་ལྷའི་སྙིང་པོ་སྟོང་རྩ་སོགས་ཇི་ལྟར་རིགས་པ་དང་། ལས་བུམ་དུ་སྐད་ཅིག་གིས་རྟ་མགྲིན་བསྐྱེད་ལ་དེའི་སྙིང་པོ་བརྒྱ་རྩ་སོགས་བཟླས་ནས།) ཨོཾ་ཨཱ༔ ཧཱུྃ་གི(ས་མཆོད་ཡོན་ཕུལ་བས། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་མོ།) (གཉིས་པ་དངོས་གཞི་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་དབང་ལེན་པའི་ཡུལ་དང་། དབང་གི་བྱ་བ་རྣམས་གཙོ་བོ་ལས་ཕྱེ་བའི་རྒྱལ་ཐེབས་ཀྱིས་མཛད་ཅིང་། བདག་ཉིད་རྣམ་འགྱུར་གློ་བུར་བའི་རང་བཞིན་དབང་ཞུ་བ་པོར་བྱས་ནས་འཇུག་སྟེ། དེ་ལ་གཉིས། དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་ནས་དབང་བླང་བའོ། །སྔ་མ་ལ་གཉིས་ཀྱི། (དང་པོ་ཕྱི་འཇུག་ནི།) ཇི་ལྟར་བལྟམས་པ་(སོགས་(2བ)ཀྱིས་ལས་བུམ་གྱི་ཆུས་ཁྲུས་བྱ།) སུམྦྷ་ནའི་(སྔགས་ཀྱིས་བགེགས་བསྐྲད།) ས་གཞི་སྤོས་ཆུས་(སོགས་ཀྱི་མཎྜལ་ཕུལ་བ།) ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱཧཱ(ས་མིག་དར་འཆིང་།) ཨ་ཁཾ་ཝཱི་ར་ཧཱུྃ་(གིས་མེ་ཏོག་བཟུང་ནས། ཐལ་མོ་སྦྱར་བས་བཏུད་དེ།) སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ སློབ་དཔོན་ཁྱོད་ལ་བདག་སྐྱབས་མཆི༔ འཕགས་པའི་དཀྱིལ་འཁོར་དང་བཅས་པའི༔ ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ༔ སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས༔ གཙོ་བོ་ཁྱེད་ཀྱིས་བསྒྲལ་དུ་གསོལ༔ ཐར་པའི་ཕོ་བྲང་དམ་པ་རུ༔ མགོན་པོས་བདག་ཅག་གཞུག་ཏུ་གསོལ༔ (ཞེས་ལན་གསུམ་གྱིས་གསོལ་བ་བཏབ།) རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །(ཞེས་སོགས་རྒྱུན་བཤགས་ཡན་ལག་བརྒྱད་པས་ཚོགས་བསགས་ཤིང་རྒྱུད་སྦྱངས།) ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་འདིར༔ སོ་སོར་ཐར་པའི་སྡོམ་པ་དང་༔ བྱང་ཆུབ་སེམས་དཔའི་བསླབ་བྱ་དང་༔ རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས༔ དེང་ནས་བདག་གིས་བརྟན་པོར་བཟུང་༔ (ཞེས་སྡོམ་པ་བཟུང་།) སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་གཟུགས་སུ་(3ན) (གནས་པར་བསམ་ཞིང་) ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ (ལན་གསུམ། སྙིང་གར་རྡོ་རྗེས་རེག་ལ།) བོ་དྷི་ཙིཏྟ་ས་མ་ཡ་སྟྭྃ༔ (ཞེས་གསང་སྔགས་ནང་གི་སེམས་བསྐྱེད) ཛཿཧཱུྃ་བྃ་ཧོཿ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ (ཅེས་དཀྱིལ་འཁོར་གྱི་སྒོ་ཕྱེས་པའི་ནང་དུ་ཞུགས་པར་མོས་པས།) ཨོཾ་ན་མ་སྟེ་ཧཱུྃ། ཨོཾ་ན་མ་མཱི་ཧཱུྃ། (ཞེས་ཕྱག་བྱ།) (གཉིས་པ་ནང་འཇུག་ལ། སྦྱོར་བ་དམ་ལ་བཞག་པ་ནི། རྡོ་རྗེ་མགོར་བཞག་སྟེ།) དེང་ཁྱོད་དཀྱིལ་འཁོར་ཆེན་པོ་འདིར༔ གཞུག་ཅིང་ཡེ་ཤེས་བསྐྱེད་བྱ་སྟེ༔ དེ་ཡིས་དངོས་གྲུབ་མཆོག་ཐོབ་འགྱུར༔ བླ་མེད་གསང་བའི་མན་ངག་རྣམས༔ སྣོད་མིན་རྣམས་ལ་མ་སྨྲ་ཞིག༔ རྡོ་རྗེ་སྙིང་གར་བཞག་སྟེ། དེ་རིང་ནམ་མཁའི་རྒྱལ་པོ་ཆེ༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ གལ་ཏེ་ཚུལ་འདི་སྨྲས་ན་ནི༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ དམ་ཆུ་བདུད་རྩི་མྱང་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ༔ (སླར་ཡང་རྡོ་རྗེ་སྤྱི་བོར་བཞག་སྟེ།) དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི༔ ནམ་མཁའི་རྒྱལ་པོ་ང་ཡིན་(3བ)གྱི༔ ང་ཡིས་ཇི་ལྟར་བསྒོས་པ་རྣམས༔ བརྩོན་པས་ཁྱོད་ཀྱིས་བྱ་དགོས་སོ༔ ཁྱོད་ཀྱིས་ང་ལ་སྨད་མི་བྱ༔ གང་ཡང་ང་ལ་མ་གུས་མིན༔ གལ་ཏེ་གུས་པར་མ་བྱས་ན༔ སེམས་ཅན་དམྱལ་བ་ཆེན་པོར་ལྟུང་༔ (ཞེས་དམ་ལ་བཞག །དངོས་གཞི་ཡེ་ཤེས་པ་དབབ་པའི་སླད་དུ།) ཧོཿ བླ་མ་ནམ་མཁའི་རྒྱལ་པོ་དགོངས༔ བདག་གི་ལུས་ངག་ཡིད་གསུམ་ལ༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཆེ༔ ད་ལྟ་ཉིད་དུ་དབབ་པར་མཛོད༔ (ཅེས་གསོལ་བ་བཏབ། ལུས་གནད་དྲང་པོར་བསྲང་ཞིང་རླུང་ཁ་སྦྱོར་དུ་འཆིངས་ལ།) རང་ཉིད་འཕགས་མཆོག་ནམ་མཁའི་རྒྱལ་པོ་ཡབ་ཡུམ་གྱི་སྐུར་གསལ་བའི་སྙིང་གའི་ས་བོན་མར་མེ་ལྟར་འབར་ཞིང་གསལ་བའི་འོད་ཀྱིས་བསྐུལ་བས། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་གྲངས་མེད་པ་འོད་ཟེར་གྱི་ཕུང་པོར་འབར་ཞིང་འཕྲོ་བ་ཁ་ཆར་དང་བུ་ཡུག་འཚུབས་པ་བཞིན་དུ་བྱུང་བའི་སྤུའི་ཁུང་བུ་ནས་ཞུགས་ལུས་ཀྱི་ནང་ཀུན་དང་ཁྱད་པར་སྙིང་གའི་ཏིང་འཛིན་སེམས་དཔའ་ལ་སིབ་སིབ་ཐིམ་པས་བདེ་བའི་ཡེ་ཤེས་བཟོད་མེད་དུ་འབར་བར་(བསམ་ཞིང་། ཁྱད་པར་གྱི་སྤོས་དང་རོལ་མོའི་སྦྱོར་བ་ལྷན་ཅིག་(4ན)པས།) ཨོཾ་སརྦ་མ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཨཱརྱ་ལོ་ཀི་ཤྭ་ར་ག་ག་རཱ་ཛ་གུ་ཧྱ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཨ་བེ་ཤ་ཡ་ཨ་ཨཱ༔ (ཞེས་དྲག་ཏུ་བརྗོད་པས་ཡེ་ཤེས་པ་དབབ་ལ།) ཏིཥྛ་བཛྲ(ས་བརྟན་པར་བྱ།) ཧོཿ བླ་མ་འཕགས་པའི་དཀྱིལ་འཁོར་དུ༔ རིན་ཆེན་མེ་ཏོག་འདི་དོར་བས༔ སྔོན་སྦྱངས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་ལ་ཕོག་པར་ཤོག༔ པུཥྤེ་པྲ་ཏཱི་ཙྪ་ཧོཿ (ཞེས་མེ་ཏོག་དོར།) པུཥྤེ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཱྃ༔ (ཞེས་མེ་ཏོག་སླར་ཡང་སྤྱི་བོར་བཀོད།) ཧོཿ ང་ནི་ཐར་པའི་ལམ་སྟོན་ཏེ༔ ཁྱོད་ཀྱི་མ་རིག་འཐུག་པོའི་མིག༔ ཐབས་ཤེས་རོལ་པའི་ཏིང་འཛིན་གྱིས༔ ཡེ་ཤེས་སྤྱན་དུ་ད་དབྱེའོ༔ ཨོཾ་བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ (ཅེས་མིག་དར་བསལ།) ཧོཿ ཁྱོད་རྣམས་ལས་སད་འཁྲུལ་པ་ཞིག༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ལུས་ངག་ཡིད་ཀྱིས་དད་གུས་བསྐྱེད༔ བླ་མེད་དངོས་གྲུབ་ཚེ་འདིར་ཐོབ༔ དམ་ཚིག་སྔགས་ལ་(4བ)བརྩོན་པར་གྱིས༔ (ཞེས་མཐོང་བ་བསྟན་པས། འཇིག་རྟེན་དབང་ཕྱུག་འཕགས་མཆོག་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་བསམ།) (གཉིས་པ་དབང་བླང་བ་དངོས་ལ་གཉིས། ཐུན་མོང་དང་། ཁྱད་པར་རོ། །སྔ་མ་ལ་གཉིས་ཀྱི། དང་པོ་ཕྱི་ཕན་པའི་དབང་ནི། མཎྜལ་ཕུལ་ལ།) བླ་མ་འཕགས་མཆོག་ནམ་མཁའི་རྒྱལ༔ དུས་གསུམ་སངས་རྒྱས་ཀུན་གྱི་དངོས༔ ཐར་པའི་ལམ་སྟོན་རིན་པོ་ཆེ༔ སྨིན་གྲོལ་དབང་གི་དངོས་གྲུབ་སྩོལ༔ (ཞེས་ལན་གསུམ་གྱིས་གསོལ་བ་བཏབ། རང་ཉིད་དཀྱིལ་འཁོར་ཆེན་པོའི་ཤར་སྒོའི་ཁྱམས་སུ་དབང་སྟེགས་པདྨ་དང་ཉི་ཟླའི་གདན་ལ་འཕགས་པ་ནམ་མཁའི་རྒྱལ་པོའི་སྐུའི་རྣམ་པས་འཁོད་པར་མོས།) སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཀྱི་རྣམ་པར་མདུན་གྱི་ནམ་མཁའི་གནས་སུ་སྤྲིན་ཕུང་གཏིབས་པ་བཞིན་དུ་སད་ནས་བཞུགས་པར་གྱུར་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་(5ན)ཧཱ། (ཞེས་སོགས་ནས། ཤཔྡ་པའི་བར་གྱིས་མཆོད།) རྡོ་རྗེ་ཅན་གྱིས་སངས་རྒྱས་ལ༔ འགྲོ་བ་སྐྱོབ་པའི་ཆེད་དུ་དབང་༔ ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ༔ དེ་ལྟར་བདག་ལའང་སྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པར་མཛད། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། རིག་པའི་ལྷ་མོ་རྣམས་ཀྱིས་མི་བསྐྱོད་ནམ་མཁའི་རྒྱལ་པོའི་རང་བཞིན་ཅན་གྱི་བུམ་པའི་ཆུས་མངོན་པར་དབང་བསྐུར་བར་(མོས་ལ།) ཧཱུྃ༔ མི་བསྐྱོད་རྡོ་རྗེ་ཆུ་ཡི་དབང་༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་ཐུགས་ནི་རབ་བསྒྲུབ་ཕྱིར༔ ཆུ་ཡི་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ (ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་གཏིགས།) དེ་ལྟར་བུམ་པའི་ཆུས་དབང་བསྐུར་བས་ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པའི་ངོ་བོར་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་(5བ)མངོན་དུ་བྱས་སོ། །(ཞེས་རྟོགས་པ་བསྐྱེད།) ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རིན་འབྱུང་ནམ་མཁའི་རྒྱལ་པོའི་རང་བཞིན་ཅན་གྱི་དབུ་རྒྱན་དར་དཔྱངས་དང་ལྡན་པས་མངོན་པར་དབང་བསྐུར་བར་(མོས་ལ།) རིན་ཆེན་འབྱུང་ལྡན་ཅོད་པན་དབང་༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་ཡོན་ཏན་རབ་བསྒྲུབ་ཕྱིར༔ ཅོད་པན་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱྃ༔ (ཞེས་དབུ་རྒྱན་མགོ་བོར་བཅིང་། དེ་ལྟར་དབུ་རྒྱན་ཅོད་པན་གྱིས་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་དག །)ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་གྱི་ངོ་བོར་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་སོ། །(ཞེས་རྟོགས་པ་བསྐྱེད) ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྣང་མཐའ་ནམ་མཁའི་རྒྱལ་པོའི་རང་བཞིན་ཅན་གྱི་རྡོ་རྗེས་མངོན་པར་དབང་བསྐུར་བར་(མོས་ལ།) སྣང་བ་མཐའ་ཡས་རྡོ་རྗེའི་དབང་༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་གསུང་ནི་རབ་བསྒྲུབ་ཕྱིར༔ རྡོ་རྗེ་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་མ་ཧཱ་བཛྲ་ཨ་བྷི་ཥིཉྩ་ཧྲཱིཿ (ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་།) དེ་ལྟར་རྡོ་རྗེས་དབང་(6ན)བསྐུར་བས་ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་མཐའ་ཡས་ཀྱིས་ངོ་བོར་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་སོ། །(ཞེས་རྟོགས་པ་བསྐྱེད།) ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དོན་གྲུབ་ནམ་མཁའི་རྒྱལ་པོའི་རང་བཞིན་ཅན་གྱི་དྲིལ་བུས་མངོན་པར་དབང་བསྐུར་བར་(མོས་ལ།) དོན་ཡོད་གྲུབ་པ་དྲིལ་བུའི་དབང་༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་ཕྲིན་ལས་རབ་བསྒྲུབ་ཕྱིར༔ དྲིལ་བུའི་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་མ་ཧཱ་གྷཎྜེ་ཨ་བྷི་ཥིཉྩ་ཨཱ༔ ཞེས་དྲིལ་བུ་གསིལ་ཞིང་དཀུར་བརྟེན། དེ་ལྟར་དྲིལ་བུས་དབང་བསྐུར་བས་ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པའི་ངོ་བོར་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་སོ། །(ཞེས་རྟོགས་པ་བསྐྱེད།) ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྣམ་སྣང་ནམ་མཁའི་རྒྱལ་པོའི་རང་བཞིན་ཅན་གྱི་མིང་གིས་མངོན་པར་དབང་བསྐུར་བར་(མོས་ལ།) རྣམ་པར་སྣང་མཛད་མིང་གི་དབང་༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་(6བ) རྒྱས་སྐུ་ནི་རབ་བསྒྲུབ་ཕྱིར༔ མིང་གི་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཐཱ་ག་ཏ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ ཀྱེ་དཔལ་ཀུན་ཏུ་གཟིགས་པ་ནམ་མཁའི་རྒྱལ་པོ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །(ཞེས་རྡོ་དྲིལ་ལྷན་ཅིག་ཏུ་བཟུང་བ་སྤྱི་བོར་དཀྲོལ།) དེ་ལྟར་མིང་གི་དབང་བསྐུར་བས་ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་ཀྱི་ངོ་བོར་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་སོ། (ཞེས་རྟོགས་པ་བསྐྱེད།) (གཉིས་པ་ནང་ནུས་པའི་དབང་ནི།) བདག་ཉིད་རྡོ་རྗེ་སློབ་དཔོན་མཆོག་ཏུ་མངའ་གསོལ་བའི་ཕྱིར་དཀྱིལ་འཁོར་གྱི་ཤར་ཁྱམས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་ལ་གནས་པའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཕུབ་ཅིང་མཐའ་སྐོར་དུ་མཆོད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར་པ་ལས། རིགས་ཐམས་ཅད་འདུས་པའི་སྤྱི་གཟུགས་འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྐུར་གྱུར་པ་ལ་ཐབས་བདེ་བ་ཆེན་པོའི་ངོ་བོ་རྡོ་རྗེ་ལག་གཡས་དང་། ཤེས་རབ་སྟོང་པ་ཉིད་ཀྱི་ངོ་བོ་དྲིལ་བུ་ལག་གཡོན་དུ་གཏད་པ་སྙིང་གར་བསྣོལ་ཏེ་འཁྱུད་རྒྱ་བྱས་པས་རང་ཉིད་རིགས་འདུས་ནམ་(7ན)མཁའི་རྒྱལ་པོར་གསལ་བའི་པང་དུ་རང་སྣང་ཡེ་ཤེས་ཀྱི་ཕྱག་རྒྱ་མ་གསང་ཡེ་ལོ་བཅུ་དྲུག་ལོན་པ་ལྟ་བུ་རེ་རེས་ཡང་དག་པར་འཁྱུད་པས་བདེ་བ་ཆེན་པོས་ཡོངས་སུ་ཁྱབ་པར་གྱུར་པར་(མོས་ལ།) ཐབས་ཀྱི་རྡོ་རྗེ་ཤེས་རབ་དྲིལ༔ འཛིན་དང་བཅས་པས་སྙེམས་མར་སྦྱོར༔ བདེ་སྟོང་གཉིས་སུ་མེད་པར་ནི༔ བརྟུལ་ཞུགས་རྡོ་རྗེ་སློབ་དཔོན་ཆེའི༔ གོ་འཕང་ཉིད་དུ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཱ་ཙརྻ་ཏིཥྛ་ན་ཨ་བྷི་ཥིཉྩ་ཧཱུྃ༔ (ཞེས་རྡོ་དྲིལ་བཟུང་ལ་འཁྱུད་རྒྱ་བྱ།) དེ་ལྟར་རྡོ་རྗེ་ཐུགས་ཀྱི་དམ་ཚིག་དྲིལ་བུ་གསུང་གི་དམ་ཚིག །ཕྱག་རྒྱ་སྐུ་ཡི་དམ་ཚིག་གསུམ་པོ་ལེགས་པར་སྦྱིན་པས་ཕྱི་ནང་གི་རྡོ་དྲིལ་ཁ་སྦྱོར་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས་ཀྱིས་རྒྱུད་གང་བས་དོན་གཉིས་སྒྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པ་ལ། རྐང་འོག་ཏུ་འཁོར་ལོ། ལག་ཏུ་དུང་དང་གླེགས་བམ་གཏད་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་བྱེད་ལས་གཞན་དོན་འཆད་ཕྲིན་གྱི་གནང་བ་སྩལ་བར་(མོས་ལ།) ཇི་སྲིད་ནམ་མཁའ་དེ་སྲིད་དུ༔ སྐལ་ལྡན་གདུལ་བྱ་རྣམ་མང་པོར༔ ཆོས་སྟོན་ཆོས་ཀྱི་རྒྱལ་མཚན་ཟུངས༔ ཐེག་མཆོག་(7བ)ལམ་དུ་དབུགས་དབྱུངས་ཤིག༔ (ཅེས་དང་།) སླར་ཡང་དེ་ཉིད་བརྟན་པར་བྱ་བའི་སླད་དུ་སངས་རྒྱས་ཀུན་གྱིས་རྡོ་རྗེ་མི་ཤིགས་པའི་བདག་ཉིད་ཅན་རྣམ་རྒྱལ་བུམ་པའི་ཆུ་རྒྱུན་གྱིས་རྒྱལ་ཐབས་སྤྱི་བླུགས་སུ་དབང་བསྐུར་བར་(མོས་ལ།) དབང་བསྐུར་རྡོ་རྗེ་ཆེན་པོ་ནི༔ ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ༔ སངས་རྒྱས་ཀུན་གྱི་གསང་གསུམ་གྱི༔ གནས་ལས་བྱུང་བ་སྦྱིན་པར་བྱ༔ ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ (ཞེས་བུམ་ཆུ་མྱང་།) བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཐམས་ཅད་འདུས་པའི་སྤྱི་གཟུགས་རྒྱལ་བ་འོད་དཔག་ཏུ་མེད་པས་དབུ་བརྒྱན། སྤྱན་དྲངས་པའི་དབང་ལྷ་རྣམས་ཀྱང་རང་ལ་དབྱེར་མེད་དུ་ཐིམ་པར་(མོས་ལ།) ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ༔ (ཞེས་མེ་ཏོག་འཐོར།) དེ་ལྟར་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་བྱིན་གྱིས་བརླབས་པ་ལ་མངའ་དབུལ་བའི་སླད་དུ་མཆོད་པར་(མོས་ལ།) ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པུཥྤེ་ནས་ཤཔྡ་པྲ་ཏཱིཙྪ་སྭཱཧཱའི་(བར་གྱིས་མཆོད།) དེ་ལྟ་ན་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། (8ན)ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །(ཞེས་རྟོགས་པ་བསྐྱེད་དོ། །) (གཉིས་པ་ཁྱད་པར་གྱི་དབང་ལ་གསུམ་གྱི། དང་པོ་གསང་དབང་ནི། མཎྜལ་ཕུལ་ལ།) བླ་མ་འཕགས་པའི་བཀའ་དྲིན་གྱིས༔ དེང་བདག་བླ་མེད་བྱ་བ་ཐོབ༔ དེ་ཕྱིར་གསང་བའི་དབང་མཆོག་གིས༔ དད་ལྡན་རྗེས་སུ་བཟུང་དུ་གསོལ༔ (ཞེས་གསོལ་བ་བཏབ།) སློབ་དཔོན་འཕགས་མཆོག་ནམ་མཁའི་རྒྱལ་པོ་རང་སྣང་གི་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་རྗེས་སུ་ཆགས་པའི་སྦྱོར་བའི་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རྟེན་དུ་གྱུར་པ་དྷུ་ཏིའི་ལམ་ནས་བརྒྱུད་འཁོར་ལོ་བཞིར་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བ་ཡུམ་གྱི་པདྨོར་འཁྱིལ་བས་ཉི་ཟླ་གཉིས་འདྲེས་ཀྱི་ཐིག་ལེ་བདུད་རྩི་དྭངས་མའི་རྒྱུན་དེ་ཉིད་ལྕེ་ཐོག་ཏུ་བཞག་པར་མོས་ལ། ཧཱུྃ༔ ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས༔ རྒྱལ་སྲས་ཚོགས་ལ་དབང་བསྐུར་བཞིན༔ གཉིས་མེད་མཉམ་སྦྱོར་བྱང་(8བ)སེམས་རོས༔ བུམ་མཆོག་ཁྱོད་ལ་དབང་བསྐུར་རོ༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཨ་ཧོ་མ་ཧཱ་སུ་ཁ་ཧོཿ (ཞེས་བདུད་རྩི་མྱང་།) བྱང་སེམས་ཡི་གེའི་སྤྲིན་ཨཱ་ལི་ཀཱ་ལིའི་རྣམ་པར་འཆར་བས་རྩ་གནས་ཐམས་ཅད་གང་སྟེ་རྩའི་འཆིང་བྱེད་ཀྱི་མདུད་པ་གྲོལ། གཟུང་འཛིན་བརྒྱད་ཅུའི་རྟོག་པ་འགགས། ཐིག་རླུང་སེམས་གསུམ་ཡེ་ཤེས་ཆེན་པོའི་ངོ་བོར་བྱིན་གྱིས་བརླབས་ནས་བདེ་བའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་(བསམ།) དེ་ལྟ་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་གཏུམ་མོ་བསྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུའི་བདག་བྱིན་གྱིས་བརླབ་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །(ཞེས་རྟོགས་པ་བསྐྱེད།) (གཉིས་པ་ཤེར་དབང་ནི། མཎྜལ་ཕུལ་ལ།) བླ་མ་འཕགས་པའི་བཀའ་དྲིན་གྱིས༔ དེང་བདག་བླ་མེད་བྱ་བ་ཐོབ༔ དེ་ཕྱིར་ཤེས་རབ་ཡེ་ཤེས་དབང་༔ སྨིན་པར་བྱ་ཕྱིར་བསྐུར་དུ་གསོལ༔ (ཞེས་གསོལ་བ་བཏབ།) རང་ཉིད་འཕགས་མཆོག་ནམ་མཁའི་རྒྱལ་པོ་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་གསལ་བ་ལ། སློབ་(9ན)དཔོན་གྱི་ཡུམ་གསང་བ་ཡེ་ཤེས་ལ་རིགས་མཐུན་གྱི་ཤེས་རབ་མ་གཟུགས་དང་ལང་ཚོ་མཚན་ཉིད་ཕུན་སུམ་ཚོགས་པ་ཞིག་རྣམ་པར་སྤྲོས་ཏེ་ཐར་པ་བརྟེན་པར་བསྐུལ་བར་(མོས་ལ།) ལྷ་མོ་དགའ་སྦྱིན་གནས་སྦྱིན་མ༔ སྣ་ཚོགས་སྒྱུ་རྩལ་ཡིད་དུ་འོང་༔ ཁྱེད་ལ་རྟག་ཏུ་པདྨོར་རོལ༔ བདེ་ཆེན་མཆོག་གི་དངོས་གྲུབ་ཐོབ༔ པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ (ཞེས་རིག་ཙཀ་གམ་དྲིལ་བུ་བླངས།) རིག་མ་དེས་ཀྱང་། ཨེ་མ་བདག་གི་གསང་བའི་མཁའ༔ བདེ་ཆེན་མཆོག་ནི་ཡང་དག་ལྡན༔ གང་ཞིག་ཆོ་གས་བརྟེན་བྱེད་པ༔ དེ་ཡི་མདུན་དུ་བདག་གནས་སོ༔ ཐུགས་རྗེ་ཆེན་པོ་དགྱེས་ལ་སོགས༔ བྱ་བ་གསང་བ་ཇི་བཞིན་བྱེད༔ རྣལ་འབྱོར་རྒྱལ་པོ་ཁྱོད་ཉིད་ནི༔ དཀྱིལ་འཁོར་འདིར་ནི་རྟག་ཞུགས་མཛོད༔ བློ་ཆེན་སྲེད་དང་བྲལ་བའི་ངང་༔ དགའ་བཞིའི་ཡེ་ཤེས་མཆོག་ལ་རེག༔ བྷཉྫ་མོ་ཀྵ་ཧོཿ (ཞེས་བདེ་བ་བསྒྲུབ་པར་གདམས་པ་ན།) ཤེས་རབ་མ་དང་འདུ་ཤེས་གསུམ་གྱིས་རོལ་པས་རྗེས་ཆགས་བདེ་ཆེན་གྱི་ཡེ་ཤེས་ཆེས་ཆེར་འབར་བས་གཉིས་སྣང་གི་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ་ནས་བྱང་སེམས་ཐིག་ལེའི་དྭངས་(9བ)མ་དབབ་བཟློག་གི་སྦྱོར་བས་བདེ་སྟོང་དགའ་བ་བཞིའི་ཡེ་ཤེས་ཀྱི་རོལ་མོ་རྒྱུད་ལ་བརྟན་པར་(བསམ་ཞིང་།) ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ (ཞེས་འཁྱུད་རྒྱ་བྱ།) དེ་ལྟ་ན་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ཕོ་ཉའི་ལམ་བསྒོམ་པ་ལ་དབང་། ཆོས་ཐམས་ཅད་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །(ཞེས་རྟོགས་པ་བསྐྱེད།) (གསུམ་པ་ཚིག་དབང་ནི། མཎྜལ་ཕུལ་ལ།) ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས༔ གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ༔ དེ་རིང་རིན་ཆེན་བཞི་པ་ཡང་༔ སློབ་དཔོན་གྱིས་ནི་བསྐུར་དུ་གསོལ༔ (ཞེས་གསོལ་བཏབ།) བླ་མ་ནམ་མཁའི་རྒྱལ་པོའི་ཞལ་ནས་སྐྱེ་མེད་རྡོ་རྗེའི་ཚིག་གིས་རང་བྱུང་དོན་གྱི་དགོངས་པ་ངོ་སྤྲད་དེ་དབུགས་དབྱུང་བར་(མོས་ལ།) འདི་ལྟར་ཆོས་རྣམས་ཐམས་ཅད་ཀུན༔ ཐོག་མཐའ་དབུས་མེད་གསལ་ཞིང་སྟོང་༔ སྨྲ་བསམ་བརྗོད་མེད་ཡེ་ཤེས་ཆེ༔ འདི་ནི་སངས་རྒྱས་དགོངས་པའོ༔ ཛྙཱ་ན་བཛྲ་དྷརྨ་ཀཱ་ཡ་ཨ་བྷི་ཥིཙྪ་ཨ༔ (ཞེས་རང་བྱུང་གི་(10ན)ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་ངང་ལ་མཉམ་པར་བཞག །)དེ་ལྟ་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ཕྲ་བའི་སྒོ་གསུམ་སྣང་གསུམ་གྱི་དྲི་མ་དག །ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །(ཞེས་རྟོགས་པ་བསྐྱེད་དོ། །)

(གསུམ་པ་རྗེས་ཀྱི་བྱ་བ་ནི།) གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། (ཅེས་དང་།) དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །(ཞེས་དམ་ཚིག་ཁས་བླངས་ཏེ་ལུས་ལོངས་སྤྱོད་དབུལ་ཞིང་། སླར་ཡང་གཏང་རག་གི་མཎྜལ་སྔར་ལྟར་ཕུལ། ཆོ་གའི་རྗེས་ཀྱི་བྱ་བ་རྣམས་ལས་བྱང་བཞིན་མཐར་དབྱུང་བར་བྱའོ། །ཞེས་པའང་སྨིན་བྱེད་རྩ་བའི་གཞུང་བཞིན་ངག་འདོན་འཇུག་པ་བདེ་བའི་དབང་དུ་བྱས་ཏེ་འཇུགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་སིདྡྷིརསྟུ། །སརྦ་མངྒ་ལཾ།། །།)