DJYD-KABUM-10-THA-026: Difference between revisions

From Dudjom Wiki
DJYD-KABUM-10-THA-026
No edit summary
No edit summary
Line 7: Line 7:
|author=Dudjom Rinpoche
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 10: . Kalimpong: Dupjung Lama, 1979-1985.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=rdo rje phur pa
|cycle=phur pa thugs sgrub gsang ba rgya can gnam lcags spu gri
|cycletib=ཕུར་པ་ཐུགས་སྒྲུབ་གསང་བ་རྒྱ་ཅན་གནམ་ལྕགས་སྤུ་གྲི་
|parentcycle=zab gsang mkha' 'gro'i snying thig
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=༡༠
|volyigtib=ཐ་
|volumenumber=10
|volumenumber=10
|volumeLetter=THA
|volumeLetter=THA

Revision as of 08:53, 12 July 2024

Wylie title DJYD-KABUM-10-THA-026.pdf
Location bdud 'joms rin po che bka' 'bum
Volume 10, Text 26, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 10: . Kalimpong: Dupjung Lama, 1979-1985.
Side notes  
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཕུར་པ་ཐུགས་སྒྲུབ་གསང་བ་རྒྱ་ཅན་གནམ་ལྕགས་སྤུ་གྲི་ (phur pa thugs sgrub gsang ba rgya can gnam lcags spu gri)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
[edit]
༄༅། །དཔལ་རྡོ་རྗེ་ཕུར་བུའི་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་

དྲག་པོའི་ལས་ཀྱི་མཐའ་སྡུད་དགྲ་བགེགས་མནན་པའི་ ལས་རིམ་རབ་བརྗིད་རྡོ་རྗེའི་ལྷུན་པོ་ ཞེས་བྱ་བ་བཞུགས་སོ། །

(1བ)དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་དྲག་པོའི་ལས་ཀྱི་མཐའ་སྡུད་དགྲ་བགེགས་མནན་པའི་ལས་རིམ་རབ་བརྗིད་རྡོ་རྗེའི་ལྷུན་པོ་ཞེས་བྱ་བ། བླ་མ་དང་གཉིས་སུ་མེད་པའི་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རབ་བརྗིད་གར་དགུའི་རྣམ་པར་རོལ་པ་ཁྲག་འཐུང་དཔའ་བོ་ཁྲོས་པའི་ཞབས། །འབར་བའི་གོམ་སྟབས་ཆེས་ཆེར་བསྒྱུར་བ་ཉམས་པའི་སྤྱི་བོར་རྟག་འབབས་པས། །མི་སྲུན་བརླང་པོར་སྤྱོད་པའི་ལུས་སེམས་མཁའ་ཀློང་ཡངས་པར་རྒྱས་འདེབས་པ། །དཔལ་ཆེན་ཧེ་རུ་ཀ་དཔལ་དཔའ་བོས་ཕྲིན་ལས་ནུས་པ་མཐར་འབྱིན་མཛོད། །མ་རུང་ཞིང་བཅུར་གྱུར་པའི་བདུད་དགྲའི་སྟོབས། །ནམ་ཡང་ལྡང་མེད་གཏད་ཁྲོམ་མནན་པའི་(2ན)གཟེར། །འཁྲུལ་མེད་ཆོ་གའི་ངག་ཁྲིགས་གནད་ཀྱི་ཕུལ། །རབ་བརྟན་རྡོ་རྗེའི་ལྷུན་པོ་བརྩེགས་ལ་སྤྲོ། །(དེའང་མངོན་སྤྱོད་དྲག་པོའི་མན་ངག་སྲུང་བའི་མཐའ་སྡུད་དགྲ་བགེགས་མནན་པའི་ལས་ཀྱི་རིམ་པ་ལ་གསུམ་སྟེ། སྦྱོར་བ་བཅས་ཀྱི་གཤོམ་བཀོད། །དངོས་གཞི་སྒྲུབ་པའི་ལས་ཁྲིགས། རྗེས་མནན་པའི་རིམ་པའོ། །དང་པོ་ནི། དུས་སྤྱི་ཙམ་དུ་ལྕགས་ཁམས་ཀྱི་ལོ་ཟླ་ཉི་ཁྱིམ་ཕུང་གསུམ་བདུད་ཀྱི་ཉི་མ་སོགས་དང་། བྱེ་བྲག་དགྲ་སྲི་ལྟ་བུར་དམིགས་བྱའི་ལོ་ཟླ་ཞག་དུས་ཀྱི་བཞི་གཤེད་བདུན་ཟུར་སོགས་གྱིམ་ཤང་ནས་འབྱུང་བ་ལྟར་ལེགས་པར་བརྩིས་པའི་དུས་སམ། ཁྱད་པར་རྣལ་འབྱོར་པ་རང་ཉིད་ཁྲོ་ཞིང་ཚོགས་པ་ངར་དང་ལྡན་པའི་དུས་མངོན་སྤྱོད་ཀྱི་ལས་གནམ་ལྕགས་ཀྱི་ཐོག་ལྟར་མྱུར་བར་གསུངས་པས་དེ་ལྟ་བུའི་དུས་ངེས་པ་ཅན་ལ། དྲག་པོའི་གནས་སུ་འོས་པར་དམ་ཚིག་གི་བྲིས་སྐུ་བཀྲམ་པའི་མདུན་དུ་བླ་མ་ཡི་དམ་ཆོས་སྐྱོང་དང་བཅས་པའི་གཏོར་མ་དང་ཕྱི་(2བ)ནང་གི་མཆོད་པ་རྣམས་ལེགས་པར་བཤམས་པའི་ཉེ་འདབས་སུ། གདུག་པའི་ས་སྣ་རྣམས་ལས་སྟེགས་བུ་མདའ་གང་གྲུ་བཞི་པ་རོ་སོལ་གྱིས་ནག་པོར་བྱས་པའི་དབུས་སུ་བྲུབ་ཁུང་ཁ་ཁྱེར་སུམ་ལྡན་གྱིས་དུག་ཁྲག་དང་ཕྱི་རོ་སོལ་གྱིས་དམར་ནག་ཏུ་བྱུགས་ཤིང་མཐའ་རྩང་དམར་སྲིན་མོ་འགྲོས་སུ་བཙུགས་པས་བསྐོར་བའི་ནང་དུ་དུག་ཤོག་ལ་དགྲ་འདྲེ་གང་ལ་བྱ་བའི་ལིངྒ་མན་ངག་ལྟར་བྲིས་ཏེ་དྲི་བྲལ་དུ་བྱས་པ་བཅུག་པའི་ཁ་རོ་གཡམ་གྱིས་བཅད། དེ་སྟེང་དྲག་ཤིང་གི་ཁྲི་འུར་གོང་གནོན་གྱི་གཏོར་ཆེན་འཁོར་གྱི་བཤོས་བུས་གཏམས་པས་དྲག་རྒྱན་རྔམས་བརྗིད་ཅན་འཕང་བའི་སྐབས་ལྟར་འདུ་བྱས་པ་འགོད། ཤིང་གི་ཨེ་ཁྲོམ་ལ་བརྟེན་པའི་ཕུང་རེའམ་སྣམ་རས་ཀྱི་གུར་ཕུབ་ལ་ཉི་ཟེར་དང་མར་མེའི་མདངས་མི་ཕོག་ཅིང་བདུད་རྩིའི་ཟེགས་མ་མི་འཐོར་བར་བྱས་ལ་མཐའ་དྲག་པོའི་མཆོད་པས་བསྐོར། གཞན་ཡང་དབྱེ་རྫས་ཐུན་རྫས་མནན་ཐོད་ཕུང་རེ་བྱད་ཐག་རོ་གཡམ་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །) (གཉིས་པ་དངོས་གཞི་ལ་གསུམ། དང་པོ་འགུགས་པའི་ལས། བར་དུ་བསད་པའི་ལས། ཐ་མ་མནན་པའི་ལས་སོ། །དང་པོ་ནི། ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བཟླས་པའི་སྐབས་སྲུང་བའི་དམིགས་བཟླས་དང་ཕྲིན་ལས་ལ་དམིགས་པའི་སྤུ་གྲིའི་སྔགས་དྲག་ཏུ་བཟླ། དེ་ནས་སྨད་ལས་དཀྱུས་བཞིན་རིག་འཛིན་བསྐུལ་བ་ནས་བཟུང་དམ་ཅན་གྱི་བསྐུལ་བའི་བར་དང་། གསེར་སྐྱེམས། གཟུ་དཔང་། བདེན་བརྡར། བྲུབ་ཁུང་དམིགས་བྱ་བསྐྱེད་པ་རྣམས་སྔོན་དུ་འགྲོ་བས། བདེན་སྟོབས་ཀྱིས་འགུགས་གཞུག་ཅི་མང་མཐར། ཕོ་ཉ་འགྱེད་པ་ནི། བབ་བརྒྱད་དང་།) ཧཱུཾ༔ ནམ་མཁའི་དབྱིངས་སུ་སྲི་བྲོས་ན༔ ཁྱུང་གི་མགོ་ཅན་ཁྱོད་སོང་ལ༔ ནམ་མཁའི་དཀྱིལ་ནས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ གངས་(3ན)དཀར་རྩེ་ལ་སྲི་བྲོས་ན༔ སེང་གེའི་མགོ་ཅན་ཁྱོད་སོང་ལ༔ གངས་དཀར་རྩེ་ནས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ གཡའ་སྤང་མཚམས་སུ་སྲི་བྲོས་ན༔ གཡག་གི་མགོ་ཅན་ཁྱོད་སོང་ལ༔ གཡའ་སྤང་མཚམས་ནས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ གོང་སུམ་དག་ཏུ་སྲི་བྲོས་ན༔ སྤྱང་ཀིའི་མགོ་ཅན་ཁྱོད་སོང་ལ༔ གོང་སུམ་དག་ནས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ བྲག་ཐང་མཚམས་སུ་སྲི་བྲོས་ན༔ འུག་པའི་མགོ་ཅན་ཁྱོད་སོང་ལ༔ བྲག་ཐང་མཚམས་ནས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ ནགས་ཚལ་དག་ཏུ་སྲི་བྲོས་ན༔ དོམ་གྱི་མགོ་ཅན་ཁྱོད་སོང་ལ༔ ནགས་ཚལ་གསེབ་ནས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ རྒྱ་མཚོའི་གཏིང་དུ་སྲི་བྲོས་ན༔ སྲམ་གྱི་མགོ་ཅན་ཁྱོད་སོང་ལ༔ རྒྱ་མཚོའི་གཏིང་ནས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ ཆུ་བོའི་གཞུང་དུ་སྲི་བྲོས་ན༔ ཆུ་བྱའི་མགོ་ཅན་ཁྱོད་སོང་ལ༔ ཆུ་བོའི་གཞུང་ནས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ ས་ཡི་སྟེང་དུ་སྲི་བྲོས་ན༔ དྲེད་ཀྱི་མགོ་ཅན་ཁྱོད་སོང་ལ༔ ས་ཡི་སྟེང་ནས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ རྒྱ་གྲམ་ལམ་དུ་སྲི་བྲོས་ན༔ ཕག་གི་མགོ་ཅན་ཁྱོད་སོང་(3བ)ལ༔ རྒྱ་གྲམ་ལམ་ནས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ རི་སུལ་དག་ཏུ་སྲི་བྲོས་ན༔ གོ་བོའི་མགོ་ཅན་ཁྱོད་སོང་ལ༔ རི་སུལ་དག་ནས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབཿ ཐེམ་པའི་འོག་ཏུ་སྲི་བྲོས་ན༔ ཁྱི་ཡི་མགོ་ཅན་ཁྱོད་སོང་ལ༔ ཐེམ་པའི་འོག་ནས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ རྩིག་པའི་གསེབ་ཏུ་སྲི་བྲོས་ན༔ བྱི་བའི་མགོ་ཅན་ཁྱོད་སོང་ལ༔ རྩིག་པའི་གསེབ་ནས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ ཕྱོགས་མཚམས་ཀུན་ཏུ་སྲི་བྲོས་ན༔ སྤྲུལ་པའི་ཕོ་ཉ་མང་པོ་དང་༔ ཡང་སྤྲུལ་ཕོ་ཉས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ (ཅེས་དང་། དམིགས་བསལ་དགྲ་མནན་སྐབས་བབ་བརྒྱད་རྗེས་སུ།) ཧཱུྃ་བྷྱོ༔ ད་ནི་བསྒྲལ་བའི་ཐུགས་དམ་དུས་ལ་བབ༔ དོ་ནུབ་ནམ་གྱི་སྲོད་དང་གུང་ལ་བབ༔ ད་ལྟ་ནམ་གྱི་གུང་ལ་བབ་དུས་འདིར༔ སེམས་མེད་འབྱུང་བ་ཆུ་ཡང་གཉིད་ལོག་དུས༔ དགྲ་བོ་སྡིག་ཅན་ལས་ངན་གཉིད་ལོག་གི༔ བླ་ཚེ་འཁྱམས་པོ་ད་ལྟ་ཁྲིད་ལ་ཤོག༔ བྷྱོ༔ ད་ལྟ་ནམ་གྱི་སྲོད་ལ་བབ་དུས་འདིར༔ ཚེ་རྐུན་ལས་ལ་འགྱེད་པའི་དུས་ཡིན་པས༔ དམ་ཉམས་དགྲ་བོའི་བླ་ཚེ་འཁྱམས་པའི་དུས༔ དམ་ཉམས་དགྲ་བོའི་བླ་འཁྱམས་ཁྲིད་ལ་ཤོག༔ བྷྱོ༔ དོ་ནུབ་ནམ་གྱི་ཐོ་རངས་བབ་དུས་འདིར༔ དགྲ་བོའི་བླ་(4ན)ཚེ་འཕྱོ་ཞིང་འཕྲོ་བའི་དུས༔ ལས་ངན་བླ་འཁྱམས་མྱུར་དུ་ཁྲིད་ལ་ཤོག༔ བྷྱོ༔ ད་ལྟ་ནམ་ལངས་ཉི་མ་ཤར་བའི་དུས༔ མི་ཕྱུགས་ཐམས་ཅད་ལས་ལ་གྲམ་པའི་དུས༔ དགྲ་བོའི་བླ་ཚེ་སྒོ་རུ་ཐོན་པའི་དུས༔ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག༔ བྷྱོ༔ ད་ལྟ་ཉི་མ་གུང་ལ་བབ་དུས་འདིར༔ དགྲ་རྐུན་རྣམ་ཤེས་བྱིང་ཞིང་མྱོས་པའི་དུས༔ དགྲ་བོའི་བླ་ཚེ་འཐོམ་ཞིང་འཁྱམས་པའི་དུས༔ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག༔ བྷྱོ༔ ད་ལྟ་ཉི་མ་གྲིབ་སོ་ཕོག་པའི་དུས༔ སྙིང་མི་དགའ་ཞིང་ཤེས་པ་འཕྱོ་བའི་དས༔ དགྲ་བོའི་བླ་ཚེ་རྣམ་ཤེས་འཕྱོ་བའི་དུས༔ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག༔ བྷྱོ༔ བླ་འཁྱམས་ལས་ངན་འཁྱམས་པའི་དུས་དྲུག་ལ༔ བླ་གཤེད་ཕོ་ཉ་ཁྱེད་རྣམས་མྱུར་དུ་རྒྱུག༔ མགོན་མེད་བྱིའུ་ཕྲུག་བྱ་ཁྲས་ཟིན་པ་ལྟར༔ རང་དབང་མེད་པར་མྱུར་དུ་ཁྲིད་ལ་ཤོག༔ དགྲ་བོའི་བླ་འཁྱམས་མི་རུ་བརྫུ་བ་ན༔ ཕོ་ཉ་གནོད་བྱེད་སྲིན་པོར་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་ཤ་བར་བརྫུ་བ་ན༔ ཕོ་ཉ་གསེར་གྱི་སྟག་མོར་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་རྒོ་བར་བརྫུ་བ་ན༔ ཕོ་ཉ་ལྕགས་དོམ་ནག་པོར་སྐུར་སྤྲུལ་ལ༔ རང་དབང་མེད་(4བ)པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་ལུག་ཏུ་བརྫུ་བ་ན༔ ཕོ་ཉ་ལྕགས་ཀྱི་སྤྱང་མོར་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་ར་རུ་བརྫུ་བ་ན༔ ཕོ་ཉ་བྱེ་རུའི་ཁྱི་མོར་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་བྱ་རུ་བརྫུ་བ་ན༔ ཕོ་ཉ་བྱ་རྒྱལ་ཁྱུང་དུ་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་གླ་བར་བརྫུ་བ་ན༔ ཕོ་ཉ་གསེར་གྱི་འཕར་བར་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་བོང་བུར་བརྫུ་བ་ན༔ ཕོ་ཉ་ཟངས་ཀྱི་དྲེད་མོར་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུུར་དུ་ཁུག་ལ་ཤོག༔ བྷྱོ༔ དམ་ཉམས་དགྲ་བོའི་བླ་རྟགས་བརྒྱད་པོ་ལ༔ ཕོ་ཉ་བརྒྱད་ཀྱིས་གཉེན་པོ་སྐུར་སྤྲུལ་ལ༔ བྲུབ་ཁུང་འཁོར་བའི་བཙོན་དོང་འདི་ནང་དུ༔ དམ་ཉམས་ལིང་གའི་སྟེང་ན་བླ་སྲོག་ཁུག༔ བླ་སྲོག་གསུམ་ལ་སྲིད་པའི་ཕུར་པ་ཐོབ༔ ཕུར་མཚོན་དབལ་གྱིས་ལུས་སེམས་ཕྱེས་ལ་ཤོག༔ དགྲ་བོའི་བླ་སྲོག་སྟེང་དུ་མཱ་ར་ཡ༔ སྲོག་རྩ་དམར་པོ་རྦད་ཀྱིས་ཆོད་ལ་ཤོག༔ བླ་འཁྱམས་ལས་ངན་སྟེང་དུ་མཱ་ར་ཡ༔ ར་དང་ལུག་དང་བོང་བུ་རྣམ་པ་གསུམ༔ བླ་རྟགས་ཡིན་པས་མྱུར་དུ་ཁྱེར་ལ་ཤོག༔ སོ་དང་སེན་མོ་པགས་པ་རྣམ་པ་གསུམ༔ ཕྱི་རྟགས་ཡིན་པས་ད་ལྟ་ཁྱེར་ལ་ཤོག༔ རྣ་བ་(5ན)ལྕེ་དང་མིག་དང་གསུམ་པོ་ནི༔ དབང་པོ་ཡིན་པས་མྱུར་དུ་ཁྱེར་ལ་ཤོག༔ གློ་བ་སྙིང་དང་མཆིན་པ་གསུམ་པོ་ནི༔ དོན་སྙིང་ཡིན་པས་མྱུར་དུ་ཁྱེར་ལ་ཤོག༔ མཉེ་མ་རྒྱུ་མ་མཁལ་མ་གསུམ་པོ་ནི༔ ནང་རོལ་ཡིན་པས་ད་ལྟ་ཁྱེར་ལ་ཤོག༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ (ཅེས་བསྐུལ། གང་གི་ཚེ་ནའང་།) ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ་དམ་སྲིའམ་དགྲ་བོ་ཛཿ་ཛཿ སྙིང་རྩ་ལ་ཡཾ་ཡཾ༔ དམ་སྲི་ཛཿཛཿ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ་དམ་སྲི་ཛཿཛཿ སྲོག་རྩ་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་སྲོག་ལ་ཤད་ཛཿ དམ་སྲི་ཛཿཛཿ ཐུཾ་རི་ལི་ལི༔ སྙིང་ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱག་མྱག་དམ་སྲི་ཛཿཛཿ སོད་སོད་ངྷ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན་པྲ་མརྔྷ་ན་ཡེ་ཧཱུྃ༔ དམ་སྲི་ཛཿཛཿ (ཞེས་གང་མང་དང་།) ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྲི་ངན་ཛཿཧཱུྃ་བཾ་ཧོ༔ སྲི་ངན་ནམ། དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུལ་ཐུལ༔ མྱོག་མྱོག༔ ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོག་ལིང་ཤག་ཙ་མུནྟྲིཛཿཧཱུྃ་བཾ་ཧོཿ (ཞེས་བཟླ། དེ་ཡང་འགུགས་པའི་དུས་གནད་ཐོ་རངས་སྐར་ཆེན་ཤར་བ་སྟག་ཆེན་ཁ་གདང་བའི་དུས། ཞོགས་པ་ཤར་(5བ)ནས་གྲིབ་སོ་བྱུང་བ་གང་ཟིན་ལ་འཇུག་པའི་དུས། དགོང་མོ་ནུབ་ནས་གྲིབ་སོ་བྱུང་བ་སྲིན་པོ་ལྟོ་ལ་རུབ་པའི་དུས། སྲོད་གདོང་ནག་ལ་བདུད་དམག་ལ་ཆས་པའི་དུས་ཏེ་དུས་དེ་བཞི་ལ་དགུགས་གཞུག་དྲག་པོ་ནན་ཏན་དུ་བྱ། དམིགས་པ་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཀྱི་སྐུ་ལས་སྤྲུལ་པའི་ཁྲོ་བོ་ཁྲོ་མོ་ཕོ་ཉ་དཔག་ཏུ་མེད་པ་འཕྲོས། ཕོ་སྲི་གཡག་དཀར་པོའི་རྣམ་པར། མོ་སྲི་ཁྱི་ནག་མོའི་ཚུལ་སོགས་གོང་གསལ་ལྟར་ལ། རི་བོའི་རྩེ་རྒྱ་མཚོའི་འགྲམ་འཇིག་ཏེན་ཁམས་གར་གནས་ཀྱང་སྲི་ངན་རྣམས་བྱིའུ་ཅུང་ཁྲས་དེད་པ་ལྟར་བཀུག་ནས་གཟུགས་ལ་བསྟིམ། ཡང་དཀྱིལ་འཁོར་གསུམ་ལས་ཁྲོ་བོ་འདོད་རྒྱལ་ལྕགས་ཀྱུ་དང་། སྒོ་མ་བཞི་རང་རང་གི་མཚོན་ཆའི་འཛིན་པ་དཔག་མེད་སྤྲོས་ཏེ། སྲི་ཆུང་བཅུ་གསུམ་གཙོ་བོར་གྱུར་པའི་གདོན་བགེགས་གནོད་བྱེད་སྲིད་རྩེ་ནས་མནར་མེད་ཀྱི་བར་གང་དུ་གནས་པ་ནས། ལྕགས་ཀྱུས་སྙིང་ནས་ཕུག ། ཞགས་པས་རྐེད་ནས་བཅིངས། ལྕགས་སྒྲོག་གི་དྲྭ་བར་བཅུག །དྲིལ་བུས་མྱོས་པར་བྱས། མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབས། ལས་ཀྱི་རླུང་གི་འཁོར་ལོ་ལ་བསྐྱོན། རང་དབང་མེད་པར་མྱུར་སྟབས་སུ་བཀུག་སྟེ་གཟུགས་ལ་དབང་མེད་དུ་ཐིམ་པར་གྱུར་ནས། བྱད་ཐག་གིས་གྲུ་གུ་ལྟར་བཅིངས། ལུས་ངག་ཡིད་གསུམ་ཉམ་ཐག་པ་རྡོ་རྗེ་རྒྱ་གྲམ་ཤིན་ཏུ་ལྕི་བས་མནན་ཏེ། བདག་མདུན་གྱི་གཟི་བརྗིད་མཐུས་འགུལ་ཙམ་མི་ནུས་པར་བསམ། དམིགས་བསལ་དགྲ་བོ་ལ། རང་ཉིད་ལྷར་གསལ་བའི་སྣ་བུག་གཡས་ནས་དབུགས་ཕྱིར་རྒྱུ་བ་དང་མཉམ་དུ་ཁྲོ་ཆུང་ཚོན་གང་བ་ཡུངས་ཀར་ཙམ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་སྤུ་གྲི་དང་གཡོན་ལྕགས་ཀྱུའི་རྩེ་ལ་ཛཿདམར་པོ་ཡོད་པ་འཛིན་པ་སྤྲོས། དམིགས་བྱའི་སྣ་བུག་གཡོན་ནས་རླུང་ནང་དུ་རྔུབས་པ་དང་ལྷན་དུ་ཞུགས་ནས་ཁོའི་སྙིང་དཀར་ནག་མཚམས་སུ་སྤུ་གྲིས་བཅད། སྙིང་གའི་ས་བོན་ལྕགས་ཀྱུའི་ཛཿདམར་པོ་དེས་འུབ་ཀྱིས་བླངས་ནས་སྣ་(6ན)བུག་གཡས་ནས་རླུང་རྒྱུ་བ་དང་མཉམ་དུ་ཐོན་ནས་ས་བོན་ལིང་གར་ཐིམ། ཁོའི་ལུས་སོལ་སྡོང་འགྱེལ་བ་ལྟར་སོང་བར་བསམ་ཞིང་། འགུགས་སྡགས་བརྒྱ་རྩ་ལས་མི་ཉུང་བས་བཀུག་ལ་འགུགས་འཆིང་སྡོམ་མྱོས་ཀྱི་ལས་བྱ། ཐུན་མཚམས་སུ་སྨད་ལས་བཞིན་ཐུན་གཏོར་ལ་དམིགས་བྱ་འགུགས་བསྟིམ་བདུད་རྩིར་སྦར་བསྔགས་ཀྱིས་ཕུལ་ཏེ།) ཧཱུྃ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་འབྱུང་བའི་དཔལ༔ མ་རུངས་འདུལ་མཛད་ཀརྨ་ཧེ་རུ་ཀ༔ འགྲོ་བ་སྙིགས་མའི་སྡུག་བསྔལ་སྐྱོབ་པའི་ལྷ༔ དྲག་པོའི་ཕྲིན་ལས་མཛད་ལ་མཆོད་པ་འབུལ༔ ཁྲོ་བཅུ་ཡབ་ཡུམ་ཁྲ་ཕྱག་སྒོ་མ་བཞི༔ ཕུར་སྲུང་ཟ་གསོད་དབང་ཕྱུག་ཉེར་བརྒྱད་སོགས༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས༔ བ་ལིཾ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དམིགས་པའི་དགྲ་བགེགས་གཟུགས་ལིང་མིང་བཅས་འདི༔ བླ་ཁུག་དབུགས་འཕྲོག་མགོ་འཁོར་ཁྲག་ཏུ་སྐྱུགས༔ བརྒྱལ་ཞིང་ལུས་སེམས་ཕྲོལ་ལ་སྲོག་རྩ་ཆོད༔ ཚེ་ཡི་འདུ་བྱེད་བསྐུམས་ལ་མྱུར་དུ་སོད༔ ཤ་ཁྲག་གཟུགས་ཕུང་འབྱུང་བ་ཞལ་དུ་ཐོབ༔ བསད་རྟགས་དོན་སྙིང་དམར་པོ་ཁྱེར་ལ་ཤོག༔ བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ༔ ལུས་ངག་ཡིད་གསུམ་མཐུ་རྩལ་ནུས་པ་རྣམས༔ ནམ་ཡང་ལྡང་མེད་མནན་པའི་ཕྲིན་ལས་མཛོད༔ (ཅེས་འབུལ། དེ་ལྟ་བུའི་ཚུལ་གྱིས་ཐུན་དྲུག་གམ་བཞིར་བཅད་དེ་ཁུག་རྟགས་མ་བྱུང་བར་རམ་ཞག་གྲངས་ཇི་ཙམ་བྱེད་པ་ཆ་གཉིས་སུ་(6བ)བགོས་པའི་ཆ་གཅིག་ལ་འབད་དོ། །) (གཉིས་པ་བར་དུ་བསད་པའི་ལས་ནི། དེ་ལྟར་བཀུག་ནས་སྨད་ལས་བཞིན་ལྷ་དབྱེ་བྱས་ལ།) རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་དམིགས་བྱ་རྣམས་ལ་ཕོག་པས། བ་མོ་ལ་ཉི་ཟེར་ཕོག་པའམ་མེ་ཏོག་སད་ཀྱིས་ཁྱེར་བ་ལྟར་བཀྲག་མདངས་ཉམས། བདག་མདུན་དང་བྲུབ་ཁུང་ཁའི་རྩང་རྣམས་ཤན་པ་ཕོ་མོའི་ངོ་བོར་གསལ་བའི་ཞལ་ནས་སྔགས་སྒྲ་དི་རི་རི་བཟླས་པས། དྲག་སྔགས་ཀྱི་འོད་ཟེར་མེ་ལྕེ་རྣོ་ངར་དང་ལྡན་པ་མཚོན་ཆའི་རྣམ་པར་འཕྲོས་ཏེ་ལུས་ཀྱི་ཡན་ལག་ནང་ཁྲོལ་རྣམས་བཅད་གཏུབ་བྱས་ཏེ་ལོ་ཏོག་སེར་བས་བཅོམ་པ་ལྟར་གྱུར། ཡང་དུག་གིས་འཚུབ་ཅིང་ནད་ཀྱིས་གཟིར་ནས་དབང་པོ་ཉམས་ཤིང་རྣམ་ཤེས་མར་མེ་འཆི་ཁའི་འོད་ལྟར་ནག་སྐེམ་སྐེམ་པ་དེ་ཡང་ཐུམས་སེ་བསད་པར་(བསམ། ཟབ་གནད་དམིགས་པ་ནི། རྡོ་རྗེ་གཞོན་ནུའི་སྐུ་སྨད་ཁྲོ་ཕུར་ལྕགས་ཁྲེག་གི་རང་བཞིན་ཅན་དུ་གྱུར་པ་དེ་ཉིད་དམིགས་བྱའི་སྤྱི་གཙུག་ཏུ་བརྒྱབ། རྐང་མཐིལ་ནས་ཕྱུང་། ལྕེ་སྟེང་ནས་ཨོག་མར་ཕྱུང་། སྙིང་ཁར་ཐོག་རྒྱབ་པ་ལྟར་སོང་བས་སྲོག་རྩ་ཐལ་བར་བཏང་། མདོར་ན་དགྲ་བོའི་སྒོ་གསུམ་བྱ་སྒྲོ་མེ་ལ་བསྲེག་པའམ་གཞོབ་རོ་ལྡོག་པས་བརྫིས་པ་ལྟར་ཐལ་བ་བུན་བུན་སོང་ནས་ཕུར་པའི་ཆར་རྒྱུན་མི་ཆད་པས་རྗེས་མེད་རྩ་བརླག་ཏུ་སོང་བར་བསམ་ལ།) ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡཱཾ༔ མ་རཀྨོ་ཡཀྨོ་ཀཱ་ལ་རུ་པ་དམ་སྲི་མཱ་ར་ཡ་སོད༔ སྙིང་རྩ་ལ་ཡཾ་ཡ༔ དམ་སྲི་མཱ་ར་ཡ་སོད༔ སྲོག་རྩ་ལ་ཡཾ་ཡཾ༔ (7ན)སྙིང་རྩ་ལ་ཕྲིལ་ཕྲིལ༔ དམ་སྲི་མཱ་ར་ཡ་སོད༔ སྲོག་རྩ་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་སྲོག་ལ་ཤད་ཛ༔ དམ་སྲི་མཱ་ར་ཡ་སོད༔ ཐུཾ་རི་ལི་ལི༔ སྙིང་ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱག་མྱག་དམ་སྲི་མཱ་ར་ཡ༔ སོད་སོད་དྷ་དྷི་མ་མ་ཀརྨ་ཤཱི་གྷྲཾ་ཀཱ་ར་ཡེ༔ མཱ་ར་སེ་ན་པྲ་མརྔྷ་ན་ཡེ་ཧཱུྃ༔ དམ་སྲི་མཱ་ར་ཡ་སོད་ཕཊ༔ (ཅེས་དྲག་ཏུ་བཟླ་ཞིང་ཐུན་རྫས་ལ་ཁ་རླངས་མ་ཤོར་བར་ལག་ངར་བརྒྱུད་ནས་ཕུས་འདེབས།) ཐུན་རྫས་རྣམས་དྲེགས་པ་ལྷ་སྲིན་སྡེ་བརྒྱད་འདུས་པའི་དམག་ཚོགས་ནད་མཚོན་དུག་གི་ཐོག་སེར་དྲག་པོ་དམིགས་བྱའི་སྙིང་ཁར་གཟིར་ཞིང་བསྡིག་པས་གཟུགས་བྱེ་མའི་མཁར་ཆུས་བཤིགས་པ་ལྟར་རྡུལ་དུ་བཅོམ་ནས་མཐར་རྣམ་ཤེས་ཀྱི་ངོ་བོ་ནྲྀའམ་ཏྲི་དུད་ཁ་མར་མེ་འཆི་ཁའི་འོད་ལྟ་བུ་དེ་ཡང་ནག་སྐེམས་ཀྱིས་བསད་པར་(བསམ་ལ། ཐུན་གྱིས་ལིང་ག་ལ་བརྡེག་ཅིང་།) ཧཱུྃ། དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། །ཁྲོ་བཅུ་ཁྲ་ཐབས་སྒོ་སྐྱོང་ཚོགས། །སྲས་དང་སྲུང་མ་དམ་ཅན་རྣམས། །སྐུ་ནི་འཇིགས་གཟུགས་སྟོང་ཁམས་ཁྱབ། །གསུང་ནི་དྲག་སྔགས་འབྲུག་སྟོང་ལྡིར། །ཐུགས་ནི་ཆོས་དབྱིངས་སྐྱེ་བ་མེད། །གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །སྤྲུལ་པའི་ཕོ་ཉ་རྡུལ་ལྟར་ (7བ)འཚུབས། །ཡེ་ཤེས་མཚོན་ཆ་སྐར་ལྟར་འཁྲུགས། །དམ་སྲི་ལས་ངན་སྡིག་ཅན་ལ། །དུག་ཁྲག་ནད་རླངས་མཚོན་ཆ་དང་། །ཐུན་རྫས་རྡོ་རྗེའི་མེ་ཆར་ཕོབ། །དམ་སྲིའི་ལུས་ངག་ཡིད་ལ་གཟིར། །དམིགས་པའི་དགྲ་བགེགས་རྡུལ་དུ་རློག །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །(ཅེས་ཐུན་དབབ། ཐུན་མཚམས་སུ་གོང་བཞིན་ཐུན་གཏོར་ཕུལ་ཞིང་ཕྲིན་ལས་བཅོལ། དེ་ལྟར་བསད་རྟགས་མངོན་དུ་མ་གྱུར་གྱི་བར་རམ་འགུགས་པའི་ཕྱེད་ཆ་ཙམ་དུ་འབོད་དོ། །) (གསུམ་པ་ཐ་མ་མནན་པའི་ལས་ནི། དེ་ལྟར་བསྒྲུབས་པས་བསད་རྟགས་ཐོན་པ་ན། བྲུབ་ཁུང་གནམ་ལྕགས་ཀྱི་ཁང་སྒྲོམ་སྲུབས་མེད་པ་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་གཤིན་རྗེའི་བཙོན་ཁང་། གསེར་གྱི་ས་གཞིའི་འོག་ཏུ་སླེབས་པ་ཙམ་གྱི་གཏིང་རིང་བ། ལྕགས་སྲེག་གི་ས་གཞི་ཕྱི་ནང་ཐམས་ཅད་ནད་ངན་དུག་གི་རླངས་པ་འཁྲིགས་ཤིང་མཚོན་ཆའི་ཆར་འབེབས། རྩང་རྣམས་ཀྱང་ལས་བྱེད་ཀྱི་ཁྲོ་བོ་དཔག་ཏུ་མེད་པ་མཚོན་ཆ་ཐོགས་པས་བསྐོར་བའི་ཕྱི་རོལ་དུ་ས་ཆུ་མེ་རླུང་མི་བཟད་པའི་གུར་ཁང་རིམ་པ་མང་པོ་བསྐལ་པའི་རླུང་ཡང་མི་ཐར་བའི་གཏིང་དུ་དགྲ་བགེགས་དམ་སྲི་དབང་མེད་དུ་ཚུད་དེ་སྒོ་གསུམ་མྱོས་ཤིང་བརྒྱལ་ནས་འགུལ་བསྐྱོད་བྲལ་བའི་སྟེང་དུ་སྟོབས་བཅུའི་རྩལ་མངའ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཡང་སྤྲུལ་དང་བཅས་པས་གཟིར་ཞིང་མནན་ཏེ་བསྐལ་པའི་བར་དུའང་མི་ཐར་བར་བསམ་ཡང་ཟབ་དམིགས་པ་ནི།) དགྲ་བགེགས་འབྱུང་པོའི་སྤྱི་མགྲིན་དང་། །སྙིང་ག་ལྟེ་བ་གསང་གནས་ལྔར། གནམ་ལྕགས་ཙཀྲ་རྩིབས་བརྒྱད་པ། །སྣ་ཚོགས་རྡོ་རྗེས་མཚན་པ་རེ། །རྩིབས་བཞིར་རྒྱ་གྲམ་ (8ན)ལྕི་ཞིང་འཐས། །མནན་པས་ལུས་ངག་ཡིད་གསུམ་ཚོགས། །འགུལ་བསྐྱོད་སྨྲ་བསམ་མེད་པ་རུ། །ཉམ་ཐག་དུཿཁའི་རང་བཞིན་གྱུར། །(ཅེས་བསྒོམས་ལ།) ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་རཀྨོ་ཡཀྨོ་ཀཱ་ལ་རུ་པ་དམ་སྲི་སྟྭཾ་བྷ་ཡ་ནན༔ སྙིང་རྩ་ལ་ཡཾ་ཡཾ་དམ་སྲི་སྟྭཾ་བྷ་ཡ་ནན༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ་དམ་སྲི་སྟྭཾ་བྷ་ཡ་ནན༔ སྲོག་རྩ་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་སྲོག་ལ་ཤད་ཛཿདམ་སྲི་སྟྭཾ་བྷ་ཡ་ནན༔ ཐུཾ་རི་ལི་ལི༔ སྙིང་ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱག་མྱག་དམ་སྲི་སྟྭཾ་བྷ་ཡ་ནན༔ སོད་སོད་ངྷ་ཏི་མ་མ་ཀརྨ་བཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན་པྲ་མརྔྷ་ན་ཡེ་ཧཱུྃ་དམ་སྲི་སྟྭཾ་བྷ་ཡ་ནན༔ (ཞེས་དྲག་ཏུ་བཟླ། མཐར་ཐུན་རྡེག་པ་སོགས་གོང་གི་འགྲོས་ཀྱིས་མནན་རྟགས་མཐོང་བའི་བར་རམ་བསད་པའི་ཕྱེད་ཆ་ཙམ་དུ་འབད་དོ། །)

(གསུམ་པ་རྗེས་མནན་པའི་ལས་རིམ་དངོས་ནི། དེ་ལྟར་མནན་རྟགས་རྫོགས་ནས་མནན་པའི་དུས་ལ་བབ་པ་ན།) དགྲ་བགེགས་དམ་སྲི་དེ་རྣམས་དབང་པོ་ཉམས་ཤིང་དབུགས་དང་བྲལ་ནས་འགུལ་ཙམ་ཡང་མི་ནུས་ཤིང་བྱད་ཐག་སྣ་ལྔས་གྲུ་གུ་ལྟར་བསྡམས། སྙིང་ནང་དུ་འཁོར་ལོ་རྩིབས་དགུ་གནམ་ལྕགས་ལས་གྲུབ་པ་རྣོ་ངར་དང་ལྡན་པ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་པས་མཚན་པ་གཡོན་བསྐོར་དུ་དྲག་ཏུ་ (8བ)འཁོར་བས་སྙིང་སོགས་ནང་ཁྲོལ་རྣམས་བཅད། ཁོ་ལ་ཟུག་གཟེར་དང་ན་ཚ་སྡུག་བསྔལ་མི་སྐྱེ་བར་བདེ་བའི་ངང་དུ་བརྒྱལ་བར་(བསམ་ཞིང་། དྲག་སྔགས་བཟླ་བཞིན་པར་ལིང་ག་བྲུབ་ཁུངས་པས་ཕྱུངས་ཏེ་ལྟེབས་ལུགས་གསུམ་པོ་གང་ཡང་རུང་བས་ལྟེབས་ལ་ཤི་ཡུག་གི་སྐྲ་དང་ཚོན་སྐུད་ཀྱིས་བཅིང་། མནན་ཐོད་སོ་སོའི་རིང་གཤེད་ཀྱི་གནད་དང་ལྡན་པར་གཞུག་ཅིང་ཐུན་རྫས་ཀྱིས་སེང་མེད་པར་བཀང་སྟེ་ལ་ཆས་བཀག །ཕུང་རེའམ་ཡུག་སའི་ཤ་གོས་ཀྱིས་དྲིལ་ལ་བྱད་ཐག་གིས་བཅིངས་པར་རྩང་རྒྱ་གྲམ་དུ་གཟེར།) དཀྱིལ་འཁོར་གསུམ་གྱི་ལྷ་རྣམས་དང་རང་བཞིན་གྱི་དབྱིངས་ན་བཞུགས་པའི་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་སྐུ་དང་ཕྱག་མཚན་སོགས་ལས་འོད་ཟེར་དམར་ནག་མེ་རླུང་འཚུབས་ཤིང་སྲ་མཁྲེགས་མཚོན་ཆའི་རང་བཞིན་ཐོད་པ་ལ་བསྟིམས་པས། ཐོད་པ་ཤིན་ཏུ་སྲ་ཞིང་བརྟན་པ་དགྲ་བགེགས་བསྐལ་པའི་བར་དུ་མི་ལྡང་བའི་བཙོན་ཁང་སྲུབས་སེང་མེད་པར་(བསམ་ཤིང་།) དྲིལ་ཆས་ཀྱང་བསྐལ་པའི་མུན་པ་དང་། རྩང་རྣམས་གཤིན་རྗེའི་ལས་བྱེད་ཤན་པ་ཕོ་མོས་བསྐོར་ནས་ལྡང་མེད་དུ་ཐུབ་པར་སྲུང་བར་(ནན་ཏན་དུ་གསལ་གདབ་ལ། རིགས་སྔགས་ཀྱི་བཅིངས་རྒྱ་དང་མནན་སྔགས་རྟེན་འབྲེལ་ནག་པོའི་མན་ངག་བཞིན་རབ་ཏུ་གནས། དེ་ནས་ཟློག་གཞུང་བཞིན་སྒོ་དབྱེ། བསྐུལ་དང་ཆད་མདོ་བསྒྲག་ནས། མནན་རྫས་དང་གོང་གནོན་གྱི་གཏོར་མ་སོགས་ཁྱེར་ཏེ་གང་དུ་མནན་པའི་ས་མིག་ཏུ་མནན་དོང་ཚུལ་བཞིན་བྲུས་པའི་སར་སླེབ་པ་དང་། གསེར་སྐྱེམས་ཕུལ་ཏེ།) (9ན)རང་ཉིད་དཔལ་ཆེན་སྐུ་རུ་གསལ་བ་ཡིས༔ ཕྱག་གི་གནམ་ལྕགས་ཕུར་བུ་ས་ལ་བཏབ༔ ས་གཞི་གས་ཏེ་རྒྱ་མཚོ་སྔོ་མེར་གསལ༔ དེ་དབུས་གནམ་ལྕགས་ཁང་པ་སྒོ་མེད་ནང་༔ འཆི་བདག་གཤིན་རྗེ་ནག་པོ་འཇིགས་རུང་བ༔ ལག་གཡས་དབྱུག་ཏོ་གཡོན་ན་ཞགས་པ་ཐོགས༔ མི་སྡུག་དྲི་འཐུལ་མ་ཧེ་ནག་པོ་ཞོན༔ གཤིན་རྫེའི་འཁོར་ཛོགས་རྔམས་པའི་ཚུལ་གྱིས་བསྐོར༔ མངོན་སུམ་ལྟ་བུར་གསལ་བ་ཉིད་དུ་གྱུར༔ ས་མ་ཡ་ཛཿ(ས་སྤྱན་དྲངས།) ས་མ་ཡ་ཧཱུྃ་གིས་(དམ་ལ་བཞག །དམར་གྱི་གཏོར་མར་དམིགས་བྱ་དགུག་བསྟིམས་བདུད་རྩིར་སྦར་ལ།) ཀྲིཥྞ་ཛ་མཱ་རི་དགྲ་བགེགས་ཀྱི་མཱཾ་ས་ཙིཏྟ་རཀྟ་གོ་རོ་ཙ་ན་ཀིཾ་ནི་རི་ཏི་གྷྲྀཧྞ་ཁཱ་ཧི། (ལན་གསུམ།) ཧཱུྃ༔ འཆི་བདག་ནག་པོ་འཁོར་བཅས་ལ༔ དགྲ་བོའི་ཤ་ཁྲག་གཏོར་མ་འདི༔ འབུལ་གྱི་དགྱེས་པར་རོལ་ནས་ཀྱང་༔ དམ་ཉམས་དགྲ་བོ་འཁོར་དང་བཅས༔ བསྡམས་འཛིན་མནན་པའི་ཕྲིན་ལས་མཛོད༔ (ཅེས་གཏོར་མ་ཕུལ། དེ་ནས་སླར་ཡང་འགུགས་འདྲེན་བླ་འགུགས་ནན་ཏན་དང་ལྷ་དབྱེ་བྱས་ཏེ་མནན་ཆས་ཐོགས་ལ།) ཧཱུྃ༔ ཕུང་སྲི་བྱ་བའི་ལས་ངན་འདིས༔ རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས༔ རྡོ་རྗེ་མཆེད་ལ་བར་ཆད་བྱས༔ རྣལ་འབྱོར་བདག་ལ་རྟག་ཏུ་འཚེ༔ དམ་སྲི་སྡིག་ཅན་ལས་ངན་འདིས༔ རྒྱལ་ཁམས་ཡོངས་ལ་གནོད་པ་བྱས༔ སྦྱོར་སྒྲོལ་མང་པོའི་སྒོ་ཡང་བཀག༔ བཀའ་ལས་འདའ་བྱེད་ (9བ)སྡིག་ཆེན་འདི༔ ནམ་ཡང་བཏང་བར་མ་བྱེད་ཅིག༔ འཛིགས་རུང་གཤིན་རྗེའི་ཁ་ནང་ཆུག༔ མི་འགྱུར་ཡངས་པའི་མགྲིན་པར་དྲོངས༔ ཐར་མེད་ལས་ཀྱི་ལྟོ་བར་ཆུག༔ གཏད་དོ་འཆི་བདག་ཁྱོད་ལ་གཏད༔ འཆི་བདག་ནག་པོ་དམ་ཚིག་ཅན༔ གལ་ཏེ་བྱང་ཆུབ་སེམས་ལྡན་བར༔ སྲི་ངན་གཏད་ཀྱི་སླར་མ་བཏང་༔ (ཞེས་དང་། དམིགས་བསལ་དགྲ་མནན་ལ།) ཧཱུྃ༔ དམ་ཉམས་དགྲ་བོ་ལས་ངན་འདི༔ མནན་ནོ་རི་རབ་འོག་ཏུ་མནན༔ ལས་ཀྱིས་མནར་བའི་སྡིག་ཅན་འདི༔ གཏད་དོ་གཤིན་རྗེའི་ལག་ཏུ་གཏད༔ འཁོར་བར་འཁྱམས་པའི་ལས་ངན་འདི༔ སྦའོ་རྒྱ་མཚོའི་གཏིང་དུ་སྦ༔ དང་པོ་བདེ་བར་གཤེགས་པའི་བཀའ༔ དེ་ནས་འབྱུང་བ་ལྔ་ཡི་གཏེར༔ དེ་ནས་དབང་པོ་ལྔ་ཡི་བཅུད༔ དང་པོ་ཞེ་སྡང་ཕ་ཡི་རྒྱུད༔ བར་དུ་འདོད་ཆགས་མ་ཡི་མངལ༔ ཐ་མར་ཉོན་མོངས་ལུས་བླངས་ཏེ༔ གཏན་དུ་སྡུག་བསྔལ་མྱོང་བ་ལས༔ དེ་བས་བསད་ཅིང་མནན་པར་བྱ༔ མནན་གཟིར་དྲག་པོ་མི་བྱ་རྒྱུ༔ ཁྱོད་ཀྱིས་ལས་ངན་སྣ་ཚོགས་སྤྱོད༔ འདི་འོག་བསྐལ་པ་བརྒྱད་ཁྲི་བཞི་སྟོང་ན༔ གཤིན་རྗེའི་རྒྱལ་པོས་ཆོས་འཆད་ཟེར༔ ཁྱོད་ཀྱི་ཆོས་སྐལ་དེར་ཉོན་ཅིག༔ འཁོར་དང་བུད་མེད་ཉེ་དྲུང་ཟས་ནོར་བཅས༔ གཏད་དོ་འཆི་བདག་གཤིན་རྗེའི་ལག་ཏུ་གཏད༔ དེ་ཡི་ལག་ནས་འཆོར་མི་སྲིད༔ (10ན)མནན་ནོ་རི་རབ་འོག་ཏུ་མནན༔ དེ་ཡི་འོག་ནས་ལྡང་མི་སྲིད༔ ནམ་ཞིག་བྱང་ཆུབ་སེམས་སྐྱེས་ནས༔ ལོངས་ལ་རྒྱལ་བའི་བཀའ་ལ་ཉོན༔ དེ་ཡི་བར་དུ་མནན་པར་བྱའོ༔ ནམ་ཡང་བཏང་བར་མི་བྱའོ༔ (ཞེས་པས་དོང་ནང་དུ་བསྐྱུར། མནན་སྔགས་དང་ལྡོག་མེད་ཀྱི་དམོད་པ་བརྗོད་ཅིང་ཐལ་མོ་བརྡབ།) དམིགས་བྱ་ཁོང་ཚུད་གཤིན་རྗེའི་ཞལ་བསྡམས་ཏེ༔ མནན་པའི་ལས་སྦྱར་དམ་ཉམས་དགྲ་བོ་རྣམས༔ བསྐལ་པ་མ་སྟོངས་བར་དུ་མི་ཐར་བར༔ མུན་ནག་རུམ་གྱི་ནང་ནས་རྒྱ་མཚོའི་གཏིང་༔ རིམ་བདུན་ས་འོག་གཤིན་རྗེའི་གྲོང་ཁྱེར་སོང་༔ བྷོ་ངྷི་ཨ་ཡཾ། (ཞེས་མི་ཁའི་རྫས་སོགས་བླུགས་ཏེ་རི་རབ་དང་རྒྱ་གྲམ་བྲིས་པའི་དུར་རྡོས་བཀབ་ལ།) མཁའ་དབྱིངས་རླུང་མེ་ཆུ་སའི་དཀྱིལ་འཁོར་སྟེང་༔ སུཾ་ལས་རིན་ཆེན་རི་རབ་སྲ་ཞིང་བརྟན༔ རབ་འབར་སྣ་ཚོགས་རྡོ་རྗེ་དང་བཅས་པས༔ རྟག་ཏུ་ཐར་མེད་གཟིར་མནན་རྒྱས་གདབ་བོ༔ ཨེ་སྟྭཾ་བྷ་ཡ་ནན༔ (དེ་བཞིན་དུ།) ཡཾ༔ རཾ༔ བཾ༔ ལཾ་རྣམས་སྦྱར་བས་འབྱུང་བ་སོ་སོའི་རྒྱས་གདབ། ཧཱུྃ༔ གཅིག་ནི་བརྗོད་མེད་ཉག་གཅིག་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་ནི་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་ནི་ཕྱག་རྒྱ་བཞི་ཡི་རྒྱ༔ ལྔ་ནི་ཡེ་ཤེས་ལྔ་ཡི་རྒྱ༔ དྲུག་པ་ཕ་རོལ་ཕྱིན་དྲུག་རྒྱ༔ བདུན་པ་མ་མོ་བདུན་གྱི་རྒྱ༔ བརྒྱད་ (10བ)ནི་དུར་ཁྲོད་བརྒྱད་ཀྱི་རྒྱ༔ དགུ་ནི་ཧེ་རུ་ཀློང་དགུའི་རྒྱ༔ བཅུ་ནི་ཁྲོ་རྒྱལ་བཅུ་ཡི་རྒྱ༔ ཁྱོད་ལ་རྒྱ་བཅུ་བརྩེགས་ཏེ་མནན༔ རི་རབ་བརྗིད་པའི་འོག་ཏུ་མནན༔ དཔལ་གྱི་བྲོ་གར་བྱས་ཏེ་མནན༔ བསྐལ་པ་ཇི་སྙེད་མཐའ་རུ་མནན༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྟྭཾ་བྷ་ཡ་ནན༔ (ཞེས་དང་།) མ་ར་ཀྨོ་ཡཀྨོ་(སོགས་མནན་སྔགས་དང་སྤེལ་བ་བརྗོད་ལ། རྣལ་འབྱོར་པ་རྣམས་མཐེའུ་ཆུང་སྦྲེལ་ཏེ་ལས་བྱང་བཞིན་བྲོ་བརྡུང་། དཔལ་ཆེན་ཧེ་རུ་ཀའི་མཐུ་སྟོབས་དང་ནུས་པས་རྒྱས་བཏབ་ཅིང་། བདེན་པའི་ཚིག་གིས་གཟིར། དྲག་རྩལ་སྟོབས་ཀྱིས་མནན་པས་ཐར་པའི་གོ་སྐབས་མེད་པར་བྱས། དེའི་སྟེང་དུ་ཀརྨ་ཧེ་རུ་ཀ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པ་སངས་རྒྱས་དོན་ཡོད་གྲུབ་པའི་དབུ་རྒྱན་ཅན་འཁོར་དཔག་ཏུ་མེད་པ་དང་བཅས་པས་ཕོ་བྲང་བཏབ་སྟེ་མནན་པར་བསམ་མོ། དེ་ནས་ལས་བྱང་བཞིན་གཏོར་ཆེན་ཟོར་དུ་བསྐུལ་ཏེ་དགྲ་ཕྱོགས་སམ་ཐེབས་ཕྱོགས་སུ་འཕང་། བཤལ་ཆུས་བརྟན་མ་བསྐྱང་། གཏོར་སྣོད་ཁ་སྦུབས་ལ་བྲོ་བརྡུང་། ཕྱིར་བསྙེགས་བཅད་དེ་བསྲུང་བའི་འཁོར་ལོ་བརྟན་པོར་བསྒོམ། ནང་དུ་ལོག་ནས་ཚེ་འགུགས་བསྐུལ་ཞིང་དངོས་གྲུབ་བླང་བ་སོགས་རྗེས་ཀྱིས་བྱ་བ་རྣམས་གཞུང་བཞིན་དུ་བྱའོ། །)ཕས་རྒོལ་གདུག་ཅན་དཔུང་གི་གཡུལ་ངོ་ལས། །སྲུང་བའི་མན་ངག་མཐའ་སྡུད་ཟབ་མོའི་གཟེར། །མནན་གཏད་ལས་སྦྱོར་གནད་ཀྱི་མན་ངག་ནི། །རབ་བརྟེན་རྡོ་རྗེའི་རི་དབང་ལྷུན་མཐོ་བརྗིད། །འདིས་ཀྱང་བསྟན་འགྲོར་འཚེ་ (11ན)བའི་ཡིད་སྲུབས་དཔུང་། །ནམ་ཡང་ལྡང་མེད་རིམ་དགུའི་འོག་བཅིངས་ཏེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཆེ། །སྲིད་པའི་མཐར་ཡང་མི་ནུབ་རྟག་བསྒྲེངས་ཤོག །(དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་དྲག་པོའི་ལས་ཀྱི་མཐའ་སྡུད་དགྲ་བགེགས་ནན་པའི་ལས་རིམ་རབ་བརྗིད་རྡོ་རྗེའི་ལྷུན་པོ་ཞེས་བྱ་བ་འདི་ནི། རྩ་བའི་གཞུང་དོན་མན་ངག་གིས་བཀྲལ་བའི་དབང་དུ་བྱས་ཏེ། །རྗེ་རིགས་ཀྱི་སྔགས་སྨྱོན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སོ་གཅིག་ཏུ་སོན་པ་ཤིང་ཕོ་ཁྱིའི་ལོ་ནག་པ་ཉ་བའི་ཤེས་རབ་ཀྱི་ཕྱོགས་ལ་ཕུན་ཚོགས་དགའ་ཚལ་གྱི་བསྟི་གནས་སུ་གྲུབ་པར་བགྱིས་པ་སྟེ། འདིས་ཀྱང་བསྟན་འགྲོར་འཚེ་བྱེད་བར་ཆད་བདུད་དགྲའི་དཔུང་རྣམས་ལྡང་མེད་བསྐལ་པར་གནོན་པའི་རྒྱུར་གྱུར་ཅིག།) ། །སརྦ་མངྒ་ལཾ། །