DJYD-KABUM-15-BA-038: Difference between revisions

From Dudjom Wiki
DJYD-KABUM-15-BA-038
No edit summary
No edit summary
Line 7: Line 7:
|author=Dudjom Rinpoche
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 15: . Kalimpong: Dupjung Lama, 1979-1985.
|sourcerevealer=Dudjom Rinpoche
|sourcerevealertib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|terma=Yes
|deity=rdo rje phur pa
|cycle=rdo rje phur pa spu gri reg phung
|cycletib=རྡོ་རྗེ་ཕུར་པ་སྤུ་གྲི་རེག་ཕུང་
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=༡༥
|volyigtib=བ
|versonotes=spu gri reg phung
|volumenumber=15
|volumenumber=15
|volumeLetter=BA
|volumeLetter=BA

Revision as of 07:42, 18 July 2024

Wylie title DJYD-KABUM-15-BA-038.pdf
Location bdud 'joms rin po che bka' 'bum
Volume 15, Text 38, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 15: . Kalimpong: Dupjung Lama, 1979-1985.
Side notes   Verso: spu gri reg phung
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche)
Genre
Cycle རྡོ་རྗེ་ཕུར་པ་སྤུ་གྲི་རེག་ཕུང་ (rdo rje phur pa spu gri reg phung)
Deity rdo rje phur pa
[edit]
༄༅། །རྡོ་རྗེ་ཕུར་པ་སྤུ་གྲི་རེག་ཕུང་གི་བསྙེན་ཡིག་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་བཞུགས་སོ།། །།

(1བ)ཨོཾ་སྭསྟི། འཁོར་འདས་སྤྱི་དཔལ་རིགས་ཀྱི་བདག །བླ་མ་ཁྲག་འཐུང་ཧེ་རུ་ཀར། །བཏུད་ནས་གང་དེ་བསྙེན་པའི་ཚུལ། །ཉུང་ངུའི་ངག་གིས་འཇུག་བདེར་འདོམས། །དེ་ཡང་རྡོ་རྗེ་ཕུར་པ་སྤུ་གྲི་རེག་ཕུང་གི་བསྙེན་སྒྲུབ་ཉམས་སུ་ལེན་པའི་ཚུལ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། ། དང་པོ་ནི། དབེན་ཅིང་ཉམས་དགའ་ཡིད་དང་མཐུན་པའི་གནས་སུ་བཀྲ་ཤིས་ཤིང་རང་དབང་དུ་གྱུར་པའི་སྒྲུབ་ཁང་ཕྱག་བདར་གྱིས་གཙང་བར་བྱས། ཕུག་ལོགས་སུ་དམ་ཚིག་གི་བྲིས་སྐུ་མཚན་ཉིད་དང་ལྡན་པ་བཀྲམ་པའི་མདུན་རྟེན་ཁ་སྤྲོད་དུ་སྡོད་མལ་སྟན་ནང་(2ན)ཚངས་ཅན་གྱི་འོག་ཏུ་འབྲས་སམ་ནས་དཀར་མོས་གཡུང་དྲུང་གཡས་སྐོར་དུ་བྲི། མཚམས་གཡོག་སྨན་པ་འཚོ་ཆས་སོགས་ཉེར་མཁོའི་ཡོ་བྱད་མཚམས་ཁོངས་སུ་ཆུག་དགོངས་པ་ཐམས་ཅད་སྤྱི་དང་མཐུན་པར་འདུ་བྱས་ལ། དུས་ཚོད་དགེ་ཞིང་ཤིས་པ་ནས་དབུ་བཟུང་སྟེ་བསྙེན་པ་དངོས་གཞི་མ་ཚུགས་པའི་ཞག་བདུན་ཕྲག་ཙམ་གྱི་གོང་ནས་ཕྱི་མཚམས་བཅད་དེ། དགོངས་ཐུན་དེར་རང་ཉིད་དཔལ་ཆེན་པོའི་ང་རྒྱལ་གྱིས་ཞིང་སྐྱོང་གཞི་བདག་ལ་དཀར་གཏོར་བྱིན་གྱིས་བརླབས་པ་བསྔོས་ཏེ་ཕྲིན་ལས་བཅོལ། བགེགས་ལ་གཏོར་མ་བྱིན་ནས་བཀའ་བསྒོ་དྲག་སྔགས་ཡུངས་ཐུན་གུ་གུལ་གྱིས་བདུག་པ་དང་(2བ)བཅས་པས་བསྐྲད་ལ་སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ། དེ་ནུབ་བམ་སང་ཐོ་རངས་ནས་བཟུང་བློ་ལྡོག་རྣམ་པ་བཞིས་རྒྱུད་བསྐུལ་ཏེ། སྐྱབས་སེམས། ཡིག་བརྒྱ། མཎྜལ། བླ་མའི་རྣལ་འབྱོར་རྣམས་ཐུན་དུ་བཅད་ནས་ཅི་ནུས་སུ་འབད་ཅིང་། གཞན་ཡང་སྣ་སེལ་དུ། སཱཙྪ། ཆུ་གཏོར། གསུང་སྒྲོག །སྲོག་བསླུ། བཤགས་སྦྱོང་། ཚོགས་སྐོང་སོགས་ཅི་འགྲུབ་ཏུ་བྱ། དེ་ནས་ཡར་མར་གྱི་ཚེས་བཅུ་སོགས་ཚེས་གྲངས་དགེ་ཞིང་མགོ་ཕུར་འཛོམ་པ་ལྟ་བུའི་གཟའ་སྐར་འཕྲོད་སྦྱོར་བཟང་བ་དང་བསྟུན་བསྙེན་པ་དངོས་ལ་འཇུག་རྒྱུའི་དགོངས་ཐུན་དེར་བརྒྱུད་འདེབས་ཚོགས་བསགས་སྔོན་དུ་འགྲོ་བས་གཞི་བགེགས་ཀྱི་གཏོར་མ་སྔར་བཞིན་བཏང་ནས་བགེགས་བསྐྲད་ནན་ཏན་དུ་བྱས་ཏེ་ནང་མཚམས་བཅད། སྒོ་དྲུང་དུ་ཐོ་བརྩིགས་པ་ལ་རྒྱལ་ཆེན་བཞིའི་སྐུ་དང་སྔགས་བྱང་བཙུག །མདུན་དུ་མཆོད་གཏོར་བཤམས་པ་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ། གསང་བདག་སྦྱན་སྔར་དམ་མནོས་ཤིང་། །བསྟན་པ་སྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་སྡེ་བཞི་པོ། །འདིར་གཤེགས་རྟེན་ལ་(3ན)བརྟན་པར་བཞུགས། །བཛྲས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་བསྟིམ། ཨོཾ་མཧཱ་རཱ་ཛ་ས་པ་རི་ཝཱར་ཨརྒྷཾ་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཨོཾ་ངྷྲིཥྚ་རཥྚ་ཡ་སྭཱཧཱ། ཨོཾ་བཻ་རུ་ཌྷ་ཁ་ཡ་སྭཱཧཱ། ཨོཾ་བཻ་རུ་ཀྵ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཞེས་སྔགས་སོ་སོའི་མཐར། ཨེ་དཾ་ལ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ། ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད། རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤོག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། ཏིཥྛ་བཛྲ། ཞེས་བརྟན་བཞུགས་བྱས་པས་སྒྲུབ་ཁང་གི་ཕྱོགས་སོ་སོ་ནས་རྒྱལ་ཆེན་སྡེ་བཞི་རང་རང་གི་རྒྱལ་ཐབས་ཀྱི་དཔུང་དང་བཅས་པས་བསྲུང་བར་བསམ། དེ་ནས་སྲུང་འཁོར་གྱི་དམིགས་པ་རང་གི་ཐུགས་ཀ་ནས་འོད་ཟེར་རྡོ་རྗེ་ཕུར་བུའི་རང་བཞིན་ཅན་སྤྲོས་པ་ལས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་ཕུར་བུའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཕྱི་རོལ་ཏུ་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འབར་བ་དང་བཅས་(3བ)པས་བཅིངས་ཏེ་བར་ཆད་གང་གིས་ཀྱང་གླག་མི་རྙེད་པར་བསམ། དོན་དམ་པར་བར་དུ་བཅད་བྱ་གཅོད་བྱེད་ཐབས་ཅད་གཟུང་འཛིན་སེམས་ཀྱི་འཁྲུལ་ངོར་སྣང་བ་ཙམ་སྟེ། སེམས་ཉིད་ཡེ་ནས་སྟོང་གསལ་བདེ་བ་ཆེན་པོའི་ངོ་བོ་ལ་བར་ཆད་ཀྱི་མཚན་མ་ནམ་ཡང་མ་གྲུབ་པས་ན་སྲིད་ཞི་མཉམ་ཉིད་དུ་རིག་པ་ནི་མི་ཤིགས་རྡོ་རྗེའི་མཚམས་གཅོད་བླ་ན་མེད་པའོ། །སྲུང་འཁོར་འདི་དག་མཚམས་གྲོལ་རྒྱུའི་ཐུན་ཐ་མའི་མཐུར་མ་གཏོགས་མི་བསྡུ་ཞིང་། ཐུན་མགོ་ཐམས་ཅད་དུའང་བར་ཆད་མི་འཇུག་པའི་ཕྱིར་གསལ་འདེབས་བསྐྱར་མ་རེ་བྱ། འདི་ནས་བཟུང་མཚམས་ནང་དུ་དགོས་ངེས་སྔར་དམིགས་འོག་ཏུ་གང་ཆུག་ལས་ངོ་གསར་དང་མི་འཕྲད་ཅིང་ཆས་ཀའི་གཏོང་ལེན་ཀྱང་མི་བྱ་བ་སོགས་འོག་ཏུ་སྨོས་པ་ལྟར་མཚམས་ཀྱི་སྤང་བླང་ཐམས་ཅད་ཚུལ་བཞིན་དུ་བྱ། སྐྱིད་སྡུག་ལེགས་ཉེས་གང་ལ་ཡང་རེ་དོགས་ཀྱི་རྩིས་གདབ་སྤངས་ཏེ་ད་རེས་བཟླས་པ་འདི་མ་གྲོལ་གྱི་བར་ལ་རྐྱེན་གང་གི་ཡང་དབང་དུ་མི་གཏོང་། ད་ལྟ་ལྷག་པའི་ལྷ་འདི་ལྟ་བུ་སྒྲུབ་ཏུ་ཡོད་པ་ཤིན་ཏུ་སྐལ་པ་བཟང་བས་ཅི་ནས་འབད་རྩོལ་དྲག་པོ་བྱ་སྙམ་དུ་ཞེ་དམ་འཆའ། དེ་ལྟར་ངེས་པའི་སྒོ་ནས་ཐོག་མར་བཅས་བཤམ་བྱ་བ་ནི། བྲིས་སྐུའི་མདུན་གྱི་སྟེགས་བུའམ་གཏོར་ཁང་ནང་དུ་མཎྜལ་བདུད་རྩི་ལྔས་ཆག་ཆག་(4ན)བཏབ་པ་ལ་ཚུལ་བཞིན་བྲིས་པའི་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའམ། མ་འཛོམ་ན་འབྲུ་ནག་ཛ་གད་ཀྱིས་གཤེར་བས་ཚོམ་བུ་ལྷ་གྲངས་དང་མཉམ་པ་བཀོད་པའི་ཁར་འཕྲུལ་སྟེགས་ལ་ཐོད་པ་གླིང་བཞི་པར་ཆུ་ཚོན་གྱིས་འཁོར་ལོ་སེར་པོ་རྩིབས་བརྒྱད་པ་བྲིས་པའི་ནང་འབྲུ་ནག་གིས་བཀང་བ་ལ་བསྙེན་ཕུར་དར་མཐིང་གི་གཅོད་པན་དང་ཡུངས་དཀར་གྱི་ཐུམ་བུ་བཏགས་པ་བྱུག་སོགས་གསུམ་གྱིས་གཟི་བྱིན་བསྐྱེད་དེ་བཙུགས་པ་ཉིད་བརྟན་པར་འགོད། དེའི་མདུན་རྒྱབ་གང་བདེར་རྩ་བའི་མཆོད་གཏོར་དཔལ་བཤོས། གཡས་སུ་དམ་ཅན་སྤྱི་གཏོར། གཡོན་དུ་ཕུར་སྲུང་གི་གཏོར་སྤུངས། དེའི་གཡས་གཡོན་དུ་སྨན་རཀ །མཐར་ཞི་དྲག་གི་ཉེར་སྤྱོད་ཕྲེང་ཚར་རམ་བསྐོར་བཤམ། རྒྱབ་ངོས་སུ་ཚེ་འབྲང་བུམ་གཟུགས་དང་། གཡས་གཡོན་དུ་ཚེ་རྫས་མངར་གསུམ་སྦྱར་བའི་ཚེ་རིལ་ཆང་། ཚེ་མདའ་དར་སྣ་མེ་ལོང་གཡུ་བྱང་བཏགས་པ་བཅས་བཤམ། རང་གི་མདུན་དུ་ནང་མཆོད། རྡོ་དྲིལ། ཌཱ་མ་རུ། མེ་ཏོག་གི་སྣོད་རྣམས་བཞག །གཞན་ཡང་གཏེར་སྲུང་གི་གཏོར་མ་དང་ཆད་བརྟན། ཚོགས་ཀྱི་ཡོ་བྱད་སོགས་ཉེ་བར་མཁོ་བའི་རིགས་རྣམས་མ་ཚང་བ་མེད་པར་འདུ་བྱའོ། ། གཉིས་པ་དངོས་གཞི་ལ། བསྙེན་སྒྲུབ་ལས་(4བ)གསུམ་གྱི། དང་པོ་བསྙེན་པ་ནི། དེ་ནས་བཤགས་པ་བྱིན་འབེབས་མཆོད་རྫས་བྱིན་རླབས་རྣམས་དཀྱུས་ལྟར་བྱས་རྗེས་སྨད་ལས་ཀྱི་དབུར་འབྱུང་བ་བཞིན་ཕུར་བུར་བྱུག་བདུག་བྲབ་གསུམ་སོགས་བྱིན་རླབས་བྱས་ལ་བརྟན་པར་གཟུག །མངོན་རྟོགས་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་རང་དང་མདུན་གྱི་དཀྱིལ་འཁོར་སྒྲུབ་རྟེན་ཕུར་བུ་དང་བཅས་པ་དམ་ཚིག་གི་འཁོར་ལོར་དབྱེར་མེད་དུ་བསྒོམ་ལ་ཡེ་ཤེས་པ་དྲངས་བསྟིམ་ཕྱག་མཆོད་བསྟོད་པའི་བར་དུ་བཏང་། དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་སྟེ། རྣམ་པ་སྤྱི་བྱེ་བྲག ། ང་རྒྱལ། དག་དྲན་རྣམས་རེ་རེ་ནས་སེམས་འཛིན་ཅིང་། ཁྱད་པར་ལྷའི་གསལ་སྣང་དང་ང་རྒྱལ་སྦྲེལ་བ་ལ་སྒྱུ་མ་ལྟ་བུའི་རྩིས་བཏབ་སྟེ་རྩེ་གཅིག་ཏུ་མཉམ་པར་བཞག །དེས་སྐྱོ་བའམ་བཟླས་པ་ལ་འཇུག་པ་ན། ཐོག་མར་ཕྲེང་བ་ལག་མཐིལ་གཡོན་དུ་བསྐྱིལ་བ་སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཕྲེང་བའི་མདོ་འཛིན་གཙོ་བོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ། ཕྲེང་རྡོག་རྣམས་འཁོར་གྱི་ཁྲོ་བོ་སྲས་མཆོག་སྒོ་སྐྱོང་དམ་ཅན་རྒྱ་མཚོའི་ཚུལ་གྱིས་ཡོངས་སུ་བསྐོར་བ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་དབྱེར་མེད་དུ་ཐིམ་པར་མོས་ལ། སྙིང་པོ་དང་། ཨོཾ་རུ་ཙི་ར་མ་ཎི་པྲ་བརྔྷ་ཡེ་(5ན)སྭཱཧཱ། ཞེས་ཉེར་གཅིག་ཙམ་བཟླས་མཐར། ལྷ་རྣམས་འོད་དུ་ཞུ་བ་ཕྲེང་བའི་རྣམ་པར་གྱུར་པར་བསམ་ཞིང་རྟེན་སྙིང་བཟླས་པའི་མེ་ཏོག་འཐོར། དེ་ནས་ཛཔྲ་བསྐུལ་སྔོན་དུ་འགྲོ་བས་བཟླས་དམིགས་གཞུང་བཞིན་གསལ་འདེབས་པ་ལས། ཙིཏྟའི་རྩ་སྦུབས་ཀྱི་སྒོར་རྟ་མགྲིན་དམར་པོ་ཡུངས་འབྲུ་ཙམ་པདྨ་བྷཉྫ་འཛིན་པ་ཡུམ་དང་བཅས་པས་བསྲུང་བར་བསྒོམ་པ་མན་ངག་དང་། ཁྱད་པར་གྱི་དམིགས་པ་ཐུགས་ཀའི་སྔགས་ཕྲེང་བར་མ་ཆད་པ་འོད་ཟེར་ལྕགས་སྒྲོག་སྦྲེལ་བ་ལྟ་བུ་ཤད་ཀྱིས་བྱུང་བ་ཡེ་ཤེས་སེམས་དཔའི་ཞལ་བརྒྱུད་རང་གི་ཞལ་ནས་ཐོན། ཡུམ་གྱི་ཞལ་ནས་སྐུའི་དབྱིབས་བརྒྱུད་གསང་བའི་པདྨོ་ནས་རྡོ་རྗེའི་སྦུབས་བརྒྱུད་ཡེ་ཤེས་སེམས་དཔའི་གསང་བ་ནས་སྙིང་གའི་དྭངས་སྲོག་ལ་ཐིམ་པས་བདེ་སྟོང་གི་ཡེ་ཤེས་མཆོག་ཏུ་འབར་བར་བསམ་པ་མགལ་མེ་ཀླད་བསྐོར་གྱི་འཕྲོ་འདུ་ཉིད་རྩ་བར་བཟུང་ནས་བཟླས་པའི་སྐྱོན་ཐམས་ཅད་སྤངས་ལ་འབྲུ་བཅུ་བཞི་པ་ཁོ་ན་ཆུ་བོའི་རྒྱུན་བཞིན་དུ་བཟླ། ཐུན་མཐར་ཨ་ལི་ཀ་ལི་ཡིག་བརྒྱ་སྦྲེལ་བ་ལན་གསུམ་གྱིས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་རྟེན་འབྲེལ་སྙིང་པོས་ནུས་པ་བརྟན་པར་བྱས་པར་བྱས་ལ་སྟོད་ཚིག་ཕུལ། སྲུང་འཁོར་མི་བསྡུ་བར་སྦྲ་ཕུབ་པ་ལྟར་བཞག་ནས་རྟེན་དང་བརྟེན་པའི་སྣང་ཆ་(5བ)ཐམས་ཅད་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་ཐུན་མཚམས་ལ་འཇུག །དེ་ནས་སྲོད་ཐུན་ལ་སྲུང་འཁོར་ནས་བརྩམ་ཕྲེང་བ་བྱིན་རླབས་མི་དགོས་པ་ཙམ་ལས་སྔར་དང་འདྲ་ཞིང་། ཐུན་མཐར་དམ་ཅན་སྤྱི་དང་ཕུར་སྲུང་གི་གཏོར་སྐྱོང་བྱ། ཚོགས་མཆོད་ལྕོགས་ན་ཉིན་རེ་བཞིན་མ་ཆག་པར་བྱ་དགོས་ཀྱང་མི་འགྲུབ་ན་བསྙེན་པ་ཚུགས་པའི་ཉིན་དང་པོ་དང་། གྲོལ་བའི་ཉིན་ཕྱི་མ། ཡར་མར་གྱི་ཚེས་བཅུ་ཉ་སྟོང་བརྒྱད་གསུམ་རྣམས་ལ་ངེས་པར་ཆག་ཏུ་མི་རུང་བས་འདིར་ཚོགས་མཆོད་ཕུལ་ལ་ལྷག་མ་གཏར་བཟུང་། ཆབ་བརྟན་རྒྱུན་དུ་མ་འགྲུབ་ཀྱང་རུང་བས་གཏང་རག་བཟོད་གསོལ་སོགས་མཐའ་དབྱུང་། མཐར་ཉལ་བ་ན་མཚན་མེད་འོད་གསལ་གྱི་ངང་ལ་འཇོག་པའམ། སྙིང་གའི་ཧཱུྃ་ཡིག་ལ་སེམས་རྩེ་གཅིག་པས་ཉལ་བ་གང་བདེའི་རྣལ་འབྱོར་གྱིས་ཉལ། ཕྱིར་ནངས་ཐོ་རངས་ལ་བབས་པ་ན་ནམ་མཁའི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་སྔགས་སྒྲ་དང་ཌཱ་དྲིལ་གྱི་སྒྲས་གཉིད་སད་པར་བསམ་ལ་སྐད་ཅིག་གིས་ཐུན་མཚམས་ཀྱི་ལྷར་ལངས་ཏེ། ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱོང་ཞིང་། བརྒྱུད་འདེབས་ཚོགས་བསགས་བཀའ་བསྒོ་སྲུང་འཁོར་ནས་ཐུན་མཚམས་ཀྱི་བར་ཕུར་བུ་བྱིན་རླབས་མི་དགོས་པ་ཙམ་(6ན)ལས་གཞན་སྔར་བཞིན་གྱིས་སྔ་དྲོ་ཐུན་གཉིས་ཏེ་ཐུན་བཞིའམ། ཡང་ན་ཐོ་རེངས་ནས་ཉིན་གུང་ཡན་ལ་ཐུན་གཅིག་དང་། དེ་ནས་སྲོད་ཐུན་གྱི་བར་ལ་ཐུན་གཅིག་སྟེ་ཐུན་གཉིས་སུ་བྱས་ན་ཡང་མི་འགལ་ཞིང་། འོན་ཀྱང་འདི་ལ་ངག་འདོན་སོགས་ཀྱི་སྤྲོས་པ་ཉུང་བས་ཐུན་བཞི་མར་བྱས་པ་ཉིད་བློ་འཇུར་བ་ལ་ཕན་པའི་ཕྱིར་དེ་ལྟར་བྱས་པ་ཉིད་ལེགས། གང་ལྟར་ཡང་རིམ་པ་དེ་ལྟ་བུས་གྲངས་ནི་བདུན་འབུམ་ཉི་ཁྲི་ནས་འབུམ་ཕྲག་བཅོ་ལྔའི་བར་དང་། དུས་ནི་ཟླ་བ་གཅིག་ནས་དྲུག་གི་བར་དང་། མཚན་མ་ནི་ཇི་སྐད་དུ། སྤུ་གྲིའི་རྩ་གཞུང་ལས། སེམས་རྩེ་གཅིག་ཏུ་ཏིང་ངེ་འཛིན་ལ་གནས་ཤིང་གསལ་བ་དང་༔ བླ་མ་ལ་མོས་གུས༔ ཡི་དམ་ལ་དག་སྣང་༔ སྒྲུབ་པ་ལ་སྤྲོ་ཞིང་བློ་དཔའ་བ་དང་གདིང་ཡོད་པ༔ རྨི་ལམ་དུ་མཆོད་རྟེན་དང་རི་མགོའི་རྩེར་འདུག་པ༔ རྔ་བརྡུང་༔ དར་འཕྱར༔ དུང་འབུད༔ ཉི་ཟླའི་སྟེང་དུ་འདུག་པ༔ ལྷའི་ཞལ་མཇལ༔ སྒྲུབ་ཕུར་རྣམས་ལས་འོད་འཕྲོ་འཕར་ལྡིང་བཞད་པ༔ ལྷ་མོའི་གཟུགས་སྟོན་པ༔ དབང་བསྐུར་ཆོས་བཤད་ཁྲི་ཆེན་པ་ལ་འདུག་པ༔ གྲུ་ཆེན་ལ་འཇུག་པ༔ གྲ་པ་མཉན་པ༔ སྡེ་དཔོན༔ ཁྲོམ་གྱི་ཁ་ལོ་བསྒྱུར་བ་འབྱུང་ངོ༔ ཞེས་གསུངས་པ་ལྟར་དངོས་ཉམས་རྨི་ལམ་གང་(6བ)རུང་དུ་རྟགས་མཐོང་གི་བར་རོ། ། གཉིས་པ་སྒྲུབ་པ་ནི། དེ་ལྟར་བསྙེན་པ་རྫོགས་ནས་སྒྲུབ་པ་ལ་འཇུག་པ་ན། མཆོད་གཏོར་རྙིང་པ་ཁ་གསོ་ཞིང་གསར་པའང་ཅི་འབྱོར་པ་བཤམ། དངོས་གཞི་སྔར་བཞིན་བདག་མདུན་དབྱེར་མེད་དུ་བསྒོམ་ནས། བཟླས་པའི་ཐོག་མར་སྙིང་པོ་ལ་ཕཊ་ཛཿབཏགས་པ་བརྗོད་པས་བདག་ཉིད་ལས་མདུན་རྟེན་ལོགས་སུ་ཕྱེས་ཏེ་མདུན་གྱི་ནམ་མཁར་མེ་རི་འདབ་སྦྱོར་གྱི་ཚུལ་དུ་བཞུགས་པར་མོས། བཟླས་དམིགས་སྤྱིར་བཏང་གཞུང་གསལ་ལྟར་ལ། ཁྱད་པར་བདག་ཉིད་ཀྱི་ཐུགས་ཀའི་སེམས་དཔའ་སུམ་བརྩེགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་དང་། མདུན་བསྐྱེད་གཙོ་བོ་ཁྲོ་ཚོགས་སྲས་མཆོག་སྒོ་མ་དམ་ཅན་ཐམས་ཅད་ཀྱི་ཐུགས་ཀར་ཐིམ། དགྱེས་པ་བསྐྱེད་ཅིང་ཐུགས་དམ་བསྐུལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་སྔགས་ཕྲེང་དམར་པོའི་རྣམ་པར་ལྷ་སོ་སོའི་ལྟེ་བ་ནས་བྱུང་། བདག་གི་ལྟེ་བར་ཞུགས། ཐུགས་ཀའི་ས་བོན་ལ་ཐིམ། སླར་ཐུགས་ཀ་ནས་སྔར་བཞིན་སྤྲོས་པ་མགལ་མེ་ལྟར་འཁོར་བར་དམིགས་པ་དང་། ཡང་བདག་གི་ཞལ་གསུམ་ཀ་ནས་ཀཱི་ལ་ཡ་བཟླས་པས་དབུ་རྒྱན་གྱི་ཁྲག་འཐུང་རིགས་ལྔ། བ་སྤུ་བུ་གའི་ཁྲོ་(7ན)ཆུང་རྣམས་དང་། འཁོར་གྱི་ཁྲོ་བོ་ཟ་གསོད་སྲས་མཆོག་སྒོ་སྐྱོང་དམ་ཅན་བཀའ་སྡོད་ཐམས་ཅད་ཀྱིས་དུས་གཅིག་ཏུ་སྔགས་བཟླ་ཞིང་། དེ་བཞིན་དུ་མདུན་གྱི་ནམ་མཁར་རྩ་བ་གསུམ་གྱི་ལྷ་ཚོགས་མཁའ་དབྱིངས་གང་བར་བཞུགས་པ་རྣམས་དང་། ཁམས་གསུམ་སེམས་ཅན་ཐམས་ཅད་ཡི་དམ་གྱི་སྐུར་གྱུར་པས་སྔགས་སྒྲ་རི་རི་སྒྲོགས་པར་བསམ། དེར་མ་ཟད་འབྱུང་བའི་སྒྲ་སྐད་ཐམས་ཅད་ཀྱང་ཀཱི་ལ་ཡའི་རང་སྒྲར་གྲགས་པར་བསམ་པ་བུང་བ་ཚང་ཞིག་གི་དགོངས་པ་གཙོ་བོར་བཟུང་སྟེ། སྙིང་པོ་ལ་འཕྱོང་ཛཿཧཱུྃ་ཨཱཿབཏགས་པ་འབྲུ་བཅུ་བདུན་པའི་བཟླས་པར་ཆིག་དྲིལ་དུ་བརྩོན། ཐུན་མཐར་ཛཔྲ་ཁང་རང་ལ་བསྡུ་བ་ཙམ་ལས་གཞན་རྣམས་བསྙེན་པ་དང་འདྲ་ཞིང་ཚོགས་གཏོར་རྒྱས་པར་བྱ། རིམ་པ་དེ་ལྟ་བུས་གྲངས་དང་དུས་ཚད་བཤད་མ་ཐག་པ་ལྟར་ལ། རྟགས་མཚན་ནི་ཇི་སྐད་དུ། དེ་ལྟར་འོད་ཟེར་སྤྲོ་བསྡུ་མ་ཡེངས་པར་ཞག་སུམ་ཅུ་ཕྲག་གསུམ་མམ་མཚན་རྟགས་མ་བྱུང་གི་བར་འབད་པས༔ རྟགས་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་སྟེ༔ རབ་རྣམ་སྨིན་གྱི་ལུས་འདི་ལྟར་འགྱུར་བའམ༔ འབྲིང་དུ་ཞལ་མཐོང་ལུང་སྟོན་གསུང་དང་ཆོས་སྟོན་པ༔ ངག་བདེན་པ་འགྲུབ་པ་རྣམས་འབྱུང་༔ ཐ་མ་ཡང་རྨི་ལམ་(7བ)དུ་ཞལ་མཇལ༔ དགྲ་བགེགས་ཚར་བཅད་ཕྲིན་ལས་ཐོགས་མེད་དུ་འགྲུབ་པར་འགྱུར་རོ༔ དེ་ཚེ་སྒྲུབ་ཕུར་རྣམས་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དུ་གཏུགས་ཏེ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་མ་ལུས་ཐོབ་པར་བསམ༔ ཐོབ་ཀྱང་ངེས་པར་ཐོབ་པ་ཡིན་ནོ༔ ཞེས་གསུངས་པ་ལྟར་རོ། ། གསུམ་པ་ལས་སྦྱོར་ནི། དེ་ལྟར་སྒྲུབ་པ་ཐེམས་ནས་འདིར་ཆོ་གའི་གཞུང་དང་དམིགས་གནད་ཀྱི་གཞི་སྔར་དང་འདྲ་བ་ལས་བསྙེན་སྒྲུབ་ཀྱི་བཟླས་པ་ཁྱུག་ཙམ་རེ་སོང་རྗེས། ལས་སྦྱོར་དངོས་ཐུན་རེ་ལ་ཆ་གཉིས་རེ་བགོས་ཏེ། དང་པོ་དམ་ཅན་བསྙེན་ནི། བདག་མདུན་གྱི་ཐུགས་ཀའི་སྔགས་ཕྲེང་གི་མཐའ་མར་དམ་ཅན་འདུས་པའི་སྔགས་ཀྱིས་བསྐོར་བར་བསམ། བཟླས་པ་བྱས་པས་སྔགས་ལས་འོད་ཟེར་དམར་པོ་ཛཿཡིག་གི་རྣམ་པ་ཕྱོགས་བཅུར་འཕྲོས། དམ་ཅན་རྣམས་རང་རང་གི་གནས་ནས་ལྕགས་ཀྱུའི་རྡུལ་གྱིས་རང་དབང་མེད་པར་བཀུགས་ཤིང་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་ཐིབས་ཀྱིས་འདུས་ཏེ་བདག་གི་བཀའ་ཉན་ཅིང་ལས་བྱེད་པའི་ཚུལ་དུ་འདུག་པར་བསྒོམ་ལ་བཞི་སྙིང་གཅིག་དྲིལ་བཟླ་ཞིང་། ཐུན་མཐར་དེ་དག་ལས་རྔམ་ཤིང་རིངས་པའི་ཚུལ་དུ་འདུག་པ་ལ་སླར་ཡང་སྔགས་ཀྱི་འོད་ཟེར་རྩུབ་ཅིང་གདུང་བས་རང་དབང་(8ན)མེད་པར་དྲག་ཏུ་བསྐུལ་ཏེ་ཤ་ཁྱི་ཚོམ་ནས་བཀྱེ་བའམ་བྱ་གཅན་ཤལ་རུབ་པ་ལྟར་དམིགས་བྱ་དགྲ་བགེགས་སྒྲོལ་བའི་ལས་བྱེད་པར་བསམ། གཉིས་པ་ངན་སྔགས་ཉེ་བསྙེན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས་ལས་སྤྲུལ་པ་ཁྲོ་ཆུང་མཚོན་ཐུན་གྱི་ཚོགས་དྲག་ཅིང་རྩུབ་པ་དཔག་ཏུ་མེད་པ་སེར་ཐུན་དང་ཐོག་རྒོད་བབས་པ་ལྟར་འཕྲོས་ཤིང་སྔགས་སྒྲ་འབྲུག་སྟོང་དུས་གཅིག་ལྡིར་བ་ལྟར་སྒྲོགས་པ་དང་། སྔགས་ཀྱི་འོད་ཟེར་མེའི་ཚྭ་ཚྭ་ལྟར་འཕྲོས་པས་ལོག་པར་འདྲེན་པའི་བདུད་བགེགས་འབྱུང་པོ་ཐམས་ཅད་ཐུལ་ཐུལ་བསྲེག་ཏེ་ཐལ་བའི་རྡུལ་ཕྲན་བཞིན་བརླག་པར་བསམ་པ་མགར་གྱི་ཚྭ་ཚྭ་སྤྲོ་བ་ལྟ་བུའི་དམིགས་གནད་དང་སྦྱར་ཏེ། རྩ་སྔགས་འབྲུ་བརྒྱད་པ་ལ་སྤུ་གྲིའི་དྲག་སྔགས་འདུས་པ་བཏགས་ནས་བཟླ། གྲངས་ཚད་བསྙེན་པའི་བཅུ་ཆ་ཙམ་སྟེ། དུས་ནི་བདུན་ཕྲག་སོགས་སྒྲུབ་པའི་འགྲོས་དང་སྦྱར་ཏེ་ཇི་ལྟར་འོས་པ་དང་། རྟགས་ནི་སྔ་མ་ལ། རང་སྲུང་མའི་སྐུ་དངོས་སུ་སྟོན། འབྲིང་དངོས་གྲུབ་ཀྱི་རྟགས་སྟེར། ཐ་མ་དགྲ་བོའི་གློ་སྙིང་ཕྱུང་བའམ་བླ་འཁྲིད་ཅིང་བསད་པ་སོགས་དང་། ཕྱི་མའི་རྟགས་སུ། རབ་དགྲ་བོའི་གློ་སྙིང་ཕྱུང་བ། འབྲིང་དགྲ་བོ་དངོས་སུ་འཁྲིད་པ། ཐ་མ་(8བ)དགྲ་བོའི་བླ་བསད་པ་རྣམས་དངོས་ཉམས་གང་རུང་དང་། རྨི་ལམ་དུའང་རྒྱ་མཚོའི་འཐུང་བ། རི་རབ་འཕེན་པ། ཉི་ཟླ་སྦར་བས་འཛིན་པ་སོགས་འབྱུང་གི་བར་རོ། །འོན་ཀྱང་གོང་གི་བསྙེན་སྒྲུབ་ཀྱི་གྲངས་ཚད་ཚུལ་བཞིན་མ་ལོངས་ན་འདི་གཉིས་སྤྱིར་བཏང་ཙམ་ལས་གཉན་ཆ་ཆེ་བས་ཧ་ཅང་མང་མི་རུང་ངོ་། ། རྩ་བའི་གསུམ་པ་རྗེས་ལ། བཀྲ་ཤིས་མཐར་རྒྱས་ཚེའི་སྒྲུབ་པ་དང་། སྒྲུབ་པ་ཆེན་པོའི་ཡན་ལག་དངོས་གྲུབ་ལེན་པ་གཉིས་ཀྱི། དང་པོ་ནི། བསྙེན་སྒྲུབ་ལས་གསུམ་གྲུབ་པའི་ཐོར་ཐུན་ནི་སྔ་དྲོ་ནས་དབུ་བཙུག །ཐུན་དང་ཆོ་གའི་ཁྲིགས་རིམ་སྔར་བཞིན་ལས་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་ཁྱུགས་ཙམ་སོང་རྗེས། ཟུར་བྱང་ལྟར། བདག་མདུན་དཔལ་ཆེན་ཐུགས་ཀ་རུ༔ ཞེས་སོགས་ཀྱིས་དམིགས་པ་གསལ་བཏབ་ལ་རྩ་སྔགས་བཅུ་བཞི་པར་ཚེ་ཤམ་སྦྱར་བ་གཙོ་བོར་བཟླ། ཐུན་མཐར་མདའ་དར་གཡབ་ལ་ཚེ་འགུགས་བསྐུལ་ཞིང་རྒྱས་གདབ་བྱ། འདི་ཉིད་སྤྱིར་ཇི་ཙམ་མང་ན་ལེགས་ཤིང་། གྲངས་གཙོར་བྱེད་ན་འབུམ་ཕྲག་ལས་མི་ཉུང་བ་དང་། ཞག་གཙོ་བོར་བྱེད་ན་ཞག་བདུན་ལས་མི་ཉུང་བར་བྱའོ། །

གཉིས་པ་དངོས་གྲུབ་ལེན་པ་ནི། དེ་ལྟར་བསྙེན་སྒྲུབ་ལས་སྦྱོར་མཐའ་རྒྱས་ཐེམས་(9ན)ནས་མཆོད་གཏོར་རྣམས་ཁ་གསོ། བྷནྡྷ་མཚན་ལྡན་དུ་ཆང་བཟང་པོ་ལ་ཨམྲྀ་ཏ་མངར་གསུམ་བཏབ་པ་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་པ་དང་། རིན་པོ་ཆེའི་སྣོད་དུ་དཀར་མངར་སྤོད་དང་ཆོས་སྨན་སོགས་བསྲེས་པའི་རྒྱུ་ལས་འབྲང་རྒྱས་ནོར་བུ་འབར་བའི་དབྱིབས་ཅན་གྱི་མཐའ་སྐོར་དུ་ཚེ་རིལ་གྱིས་གཏམས་པ་དཀྱིལ་འཁོར་མདུན་དུ་བཤམ། གཞན་ཡང་ཚོགས་རྫས་བཟའ་བཅའ་བཏུང་བའི་རིགས་གང་འབྱོར་གྱིས་བསྐོར། ནུབ་ཐ་མའི་ཐོར་ཐུན་གྱི་ལས་བྱང་གི་མཚམས་གཅོད་སྐབས་སྒྲུབ་རྫས་ལ་བགེགས་སྐྲོད་པའི་དམིགས་པ་ནན་ཏན་དུ་བྱེད། ལྷ་བསྐྱེད་སྐབས་རང་དང་མདུན་གྱི་སྒྲུབ་ཕུར་བཅས་ངོ་བོ་རིག་པའི་མདངས་རྩལ་གཅིག་ལ་རྣམ་པ་བཞིན་དང་མེ་ལོང་ལྟར་ཐ་དད་ཞལ་སྤྲོད་ཀྱི་ཚུལ་དུ་བསྒོམ། བཟླས་པ་ཅུང་ཟད་མཐར་ཚོགས་བསྒྲལ་བསྟབ་ཀྱི་བར་ལས་གཞུང་སྔར་གྱི་དཀྱུས་བཞིན་བསྲང་རྗེས། ཡི་གེ་བརྒྱ་པ་བརྒྱ་རྩ་བཟླས་པས་འཁོན་གཅུག་སྦྱངས་ནས། དངོས་གྲུབ་བླང་བའི་ཛཔྲ་དགོངས་ནི། བདག་དཔལ་ཆེན་པོ་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་གསང་གནས་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ། སྡུད་བྱེད་ཀྱི་སྙིང་པོ་བུ་གར་ཨོཾ་དཀར་པོས་མཚན་པ། ཡུམ་གྱི་མཁའ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨེ་གྲུ་གསུམ་གྱི་དབུས་(9བ)སུ་འབེབས་བྱེད་ཀྱི་སྙིང་པོ་ཨེ་དམར་པོས་མཚན་པར་གྱུར། མཁའ་གསང་སྦྱར་ཏེ་སྙོམས་པར་ཞུགས་པས་ཡུམ་གྱི་དུང་ཁང་ན་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་ཚོན་གང་བཞུགས་པ་རྣམས་བསྐུལ། སྙོམས་པར་ཞུགས་པས་ཡབ་ལྔའི་བྱང་སེམས་མུ་ཏིག་དཀར་པོ། ཡུམ་ལྔའི་དྭངས་མ་མཚལ་ལྟ་བུ་རྩ་དབུ་མ་ནས་བྱུང་། ཡུམ་གྱི་མཁར་བབས་དཀར་དམར་འདྲེན་ནས་དངོས་གྲུབ་ཀྱི་རང་བཞིན་དུ་འཁྱིལ་བ་དེ་ཨོཾ་ཨཱཿཧཱུྃ་གསུམ་དུ་གྱུར་པ་བདག་ཉིད་རྡོ་རྗེའི་ནང་དུ་རྔུབས་ཏེ་ཐུགས་སྲོག་ཧཱུྃ་ལ་ཐིམ། ཐུན་མོང་གི་ཚེ་བསོད་དཔལ་གྲགས་རྒྱས། སྣང་བ་དབང་དུ་འདུས། གཟི་བརྗིད་འོད་དུ་འབར། ལོ་བཅུ་དྲུག་གི་ན་ཚོད་དུ་གྱུར། མཆོག་གི་དངོས་གྲུབ་བདེ་སྟོང་འཛིན་མེད་རང་བྱུང་གི་ཡེ་ཤེས་འབར་བར་བསམ་ཞིང་། སྙིང་པོ་ལ། ཨོཾ་ཨཱཿཧཱུྃ་སརྦ་སིངྔྷི་ཨཱཿ ཞེས་བཏགས་པ་བརྒྱ་སྟོང་སོགས་དྲག་ཏུ་བཟླ། མཐར་ཕྲེང་བ་ལག་གཡས་སུ་ཐོགས། གཡོན་པའི་མཛུབ་མོ་དང་མཐེའུ་ཆུང་བསྒྲེང་། གུང་སྲིན་མཐེ་བོང་སྦྱར་བ་རྟ་མགོའི་ཕྱག་རྒྱ་བྱས་ཏེ། ཐུགས་སྲོག་འོད་ཟེར་གྱིས་བསྐུལ་བས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་དང་། ཁྱད་པར་དུ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་(10ན)བྱིན་རླབས་མཆོག་དང་ཐུན་མོང་ཡིད་ལ་ཅི་འདོད་པ་ཐམས་ཅད་དངོས་གྲུབ་ཀྱི་རྫས་ལ་དྲག་ཏུ་ཐིམ་པས་རྫས་རྣམས་འདོད་རྒུ་འབྱུང་བའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛཿཧཱུྃ་བཾ་ཧོཿ ཀཱ་ཡ་སིངྔྷི་ཨོཾ༔ ཝཱ་ཀ་སིངྔྷི་ཨཱ༔ ཙིཏྟ་སིངྔྷི་ཧཱུྃ༔ སརྦ་སིངྔྷི་ཧྲཱི༔ ཞེས་བཟླས་པས་རྫས་རྣམས་ལ་རབ་འོད་འབར། འབྲིང་ཁོལ། ཐ་མ་རླངས་སམ་དྲི་བྱུང་བའམ། གལ་ཏེ་དེ་ཙམ་མ་བྱུང་ནའང་ཐོར་ཐུན་གྱི་མཐའི་སྐྱ་རེངས་ཤར་བ་དང་བསྟུན་དངོས་གྲུབ་ཀྱི་རྫས་རྣམས་ཐོགས་ལ། ཧཱུྃ༔ དགོངས་ཤིག་རྡོ་རྗེ་ཕུར་པའི་ལྷ༔ རིག་འཛིན་མཁའ་འགྲོ་དམ་ཅན་ཚོགས༔ དཔང་གྱུར་ཐམས་ཅད་དགོངས་སུ་གསོལ༔ དང་པོ་བསྙེན་ཅིང་བར་དུ་བསྒྲུབ༔ བསྐྱེད་རྫོགས་གཉིས་ཀྱི་ལས་གཞུང་བསྲང་༔ སྨིན་གྲོལ་གཉིས་ཀྱིས་རྒྱུད་ཀྱང་སྦྱངས། ཞག་དུས་གྲངས་དང་རྟགས་ཀྱང་ཐེམས༔ དེང་སང་སྐྱ་རེངས་དང་པོ་ཤར༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ༔ འདོད་རྒུའི་དངོས་གྲུབ་རིན་ཆེན་གཏེར༔ ད་ནི་འབྱུང་བའི་དུས་ལ་བབ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བའི༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ (10བ)དབང་དང་དངོས་གྲུབ་བདག་ལ་སྩོལ༔ ལྷ་དང་སྐལ་བ་མཉམ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིངྔྷི་ཕ་ལ་ཧོ༔ ཞེས་བརྗོད་ལ་སྒྲུབ་ཕུར་གནས་གསུམ་དུ་གཏུག་ཅིང་རྡོ་རྗེ་གསུམ་དུ་ལྷུན་གྱིས་གྲུབ་པར་གསོལ་བ་གདབ། ཚེ་འབྲང་གི་དབང་བླང་ཞིང་། ལྷ་དང་དངོས་གྲུབ་འོད་དུ་ཞུ་བ་བདག་གི་ཐུགས་སྲོག་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་བསམ། ཚེ་རིལ་ཆང་དང་འབྲང་རྒྱས་སོགས་དམ་རྫས་རྣམས་ལ་ལོངས་སྤྱོད་ཅིང་ནང་མི་དམ་གཙང་ལའང་སྦྱིན། དེ་ནས་ནམ་ལངས་པ་དང་ཁ་སྐོང་ཞི་བའི་སྲེག་བླུགས་བྱ་བ་ལ། ཆོ་ག་རྒྱས་པའི་ཚུལ་ནི་གཞན་ལས་ཤེས་ཤིང་། འདིར་འཇུག་བདེའི་མེ་མཆོད་སྤྲོས་པ་བསྡུ་བར་འདོད་ན། མདུན་དུ་ཞི་བའི་ཐབ་སྟེགས་ཟླུམ་པོར་རྡུལ་ཚོན་དཀར་པོས་བྲིས་དཀྱིལ་སྤྱི་ལྟར་འབྲི་བའམ། མི་འགྲུབ་ན་མེ་ཏོག་དཀར་པོས་ཚོམ་བུ་གཅིག་བཀོད། དེར་སྲོག་ཆགས་མེད་པའི་བ་ལང་གི་ལྕི་བའམ་བལ་དཀར་སོགས་ཞི་བའི་བུད་ཤིང་ཟླུམ་པོས་ཟླུམ་པོར་བརྩིགས་ལ་མེ་ཚང་བཅའ། འོ་མ་ཅན་གྱི་ཡམ་ཤིང་སོར་བཞི་པ། མར་ཁུ། ཏིལ་དཀར་ནག ། ཡུངས་དཀར། མེ་ཏོག་དང་འབྲུ་སྣ་དཀར་པོའི་རིགས་རྣམས་འདུ་བྱས་ལ། རཾ་ཡཾ་ཁཾ་གིས་བསང་སྦྱང་། རྗེས་རྣམས་འབྲུ་གསུམ་ཞུ་བ་ལས་བྱུང་བའི་ཟག་མེད་ཀྱི་བདུད་རྩིར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ལན་བདུན་གྱིས་བྱིན་བརླབ། མེ་ཐབ་ཨམྲྀ་ཏས་བསང་། སྭབྷཱ་ཝས་སྦྱང་། སྟོང་པའི་ངང་ལས་(11ན)མདུན་དུ་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཟླུམ་པོ་དཀར་པོ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་གདབ། ཨགྣ་ཛྭ་ལ་རཾ་གྱིས་མེ་དུ་བ་མེད་པར་འབར་བ་ཐབ་ཏུ་བཞག་ནས། མེའི་དབུས་སུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་རང་རྩལ་སྤྲུལ་པའི་འཁོར་ཚོགས་དང་བཅས་པ་སྐད་ཅིག་གིས་སད་པར་མོས། གཙོ་འཁོར་ཐམས་ཅད་ཀྱི་བ་སྤུའི་ཁུང་བུ་ནས་འོད་ཟེར་དཀར་པོ་ཟླ་བའི་བདུད་རྩི་ལྟ་བུ་མཁའ་ཁྱབ་ཏུ་སྤྲོ་བ་དང་བསྡུ་བའི་སྒོ་ནས་ཞི་བའི་ལས་རབ་འབྱམས་བསྒྲུབ་པར་བསམ་ལ། རྩ་སྔགས་འབྲུ་བཅུ་བཞི་པའི་ཤམ་དུ། ཛྭ་ལ་རཾ་སརྦ་ཀརྨ་ཀུ་རུ་ཧོཿཞེས་བཏགས་པ་ཁོ་ནས་བརྒྱ་སྟོང་སོགས་འབུལ་ཞིང་། མཚམས་སུ། རྣལ་འབྱོར་པ་བདག་གི་ནད་གདོན་སྡིག་སྒྲིབ་སྔགས་ཀྱི་ལྷག་ཆད་ལ་སོགས་པ་མི་མཐུན་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་སྤེལ། མཐར་རླུང་ནང་དུ་འཇུག་པ་དང་ལྷན་ཅིག་མེ་ལྷ་རང་གི་སྙིང་གར་བསྡུ། ཚུལ་དེ་ལྟ་བུས་བསྙེན་པའི་བཅུ་ཆའི་གྲངས་ལོངས་སུ་བསགས་དགོས་པས་ཉིན་གྲངས་ཇི་ཙམ་འགོར་བ་དེ་སྲིད་ཆོ་གའི་གཞུང་སྔར་ལྟར་བསྲང་ནས་གྲངས་རྫོགས་ངེས་པར་བྱ། དེ་ལྟར་བསྙེན་སྒྲུབ་ལས་སྦྱོར་ཁ་སྐོང་བཅས་གྲུབ་ནས་མཚམས་གྲོལ་བའི་ཉིན་ཡར་ངོའི་གཟའ་ཚེས་འཕྲོད་སྦྱོར་ལེགས་པ་དང་བསྟུན་དགའ་སྟོན་ཚོགས་མཆོད་ཅི་སྦྱོར་པ་བཤམས་ལ་(11བ)ཚོགས་སྐོང་རྒྱས་པར་བཏང་། ལྷག་ཆོག་སྐབས་སྔར་བཙོན་འཛིན་བྱས་པའི་ལྷག་མ་རྣམས་དང་ལྷན་ཅིག་སྒྲུབ་ཁང་ལྷོ་ནུབ་གོམ་པ་བདུན་ཅུའི་སར་སྐྱོལ། སྒྲུབ་ཁང་གི་ཐལ་རྡུལ་རྣམས་ཀྱང་ཕྱིར་དོར། ཆད་མདོའི་གཏོར་མ་གསར་པའང་བཤམས་ཏེ་ཆོས་སྐྱོང་གཞི་བདག་གི་གཏོར་མ་དང་སྔར་གྱི་གཏའ་གཏོར་བཅས་སྒྲུབ་ཁང་གི་ཡང་ཐོག་ཏུ་འབུལ་ཞིང་བཤལ་ཆུས་བརྟན་མ་བསྐྱང་། གཏོར་གཞོང་ཁ་སྦུབས་པ་རི་རབ་ཏུ་གསལ་བའི་འོག་ཏུ་བར་ཆད་དམ་སྲི་སྒྲབ་འདྲེ་འབྱུང་པོ་ཐམས་ཅད་མནན་པར་བསམ་ལ་བྲོ་བརྡུང་། མཆོད་པ་ཁ་གསོས་ཏེ་གཏང་རག་གི་མཆོད་བསྟོད་དང་ནོངས་བཤགས་བྱས་རྗེས། རས་བྲིས་ཀྱི་དཀྱིལ་འཁོར་རམ་བྲིས་སྐུ་དང་སྒྲུབ་ཕུར་ལ་དམིགས་ཏེ། འདིར་ནི་གཟུགས་དང་སོགས་སུ་པྲ་ཏིཥྛས་མེ་ཏོག་འཐོར་ཞིང་ཡེ་ཤེས་པ་བརྟན་བཞུགས་བྱ། དམ་ཚིག་གི་དཀྱིལ་འཁོར་འོད་གསལ་དུ་བསྡུ་ཞིང་སླར་ཡང་གཉུག་མའི་སྐུར་ལྡངས་པའི་གནས་གསུམ་འབྲུ་གསུམ་གྱིས་བསྲུང་བར་མོས། དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོས་ཏེ་སྨོན་ལམ་ནན་ཏན་དུ་གདབ། ཤིས་བརྗོད་སྤྱི་དང་བྱེ་བྲག་རྒྱས་པར་སྤེལ་ལ་མེ་ཏོག་གི་ཆར་དབབ། དེ་ནས་སྒོ་དྲུང་དུ་མཆོད་གཏོར་བཤམས་ལ་སྔར་བཞིན་བྱིན་བརླབ་ཅིང་སྔགས་ཀྱིས་ཕུལ་ནས། ཧཱུྃ༔ རྒྱལ་པོ་(12ན)ཆེན་པོ་སྡེ་བཞི་པོ༔ རྡོ་རྗེ་འཛིན་པའི་བཀའ་བཞིན་དུ༔ སྒྲུབ་པའི་བར་ཆད་བསྲུང་མཛད་པའི༔ གཏང་རག་མཆོད་གཏོར་འདི་བཞེས་ལ༔ རང་གནས་གཤེགས་ཏེ་བྱང་ཆུབ་བར༔ དངོས་གྲུབ་མཆོག་སྩོལ་བར་ཆད་སོལ༔ བཛྲ་མུ༔ ཞེས་གཤེགས་གསོལ་བྱས་ལ་སྒོ་བྱང་བསྡུ། དེ་ནས་བགས་ཀྱིས་མཚམས་གསེང་སྟེ་ཞག་ཤས་གཞན་དུ་མི་འགྲོ་བར་སྒྲུབ་ཁང་དེར་སྡོད། བྲིས་སྐུ་སྒྲུབ་ཕུར་ཀ་པཱ་ལ་རྣམས་མི་འབྲལ་བར་དམ་ཚིག་གི་རྟེན་དུ་འཆང་། རྒྱུན་བཟླས་ཀྱི་དམ་བཅའ་བཟུང་ནས་དེའི་དབུ་འཛུག །ཐོག་མར་དམ་ཚིག་གཙང་བའི་མི་དང་གདོང་འཕྲད་ཅིང་། མིག་ཉི་ཟླ་ལ་བལྟ་བ་དང་། གོམ་པ་གྱེན་དུ་འདོར་བ་སོགས་མཚམས་གྲོལ་བའི་རྟེན་འབྲེལ་གྱི་སྒོ་བཟང་དུ་བསྒྲིགས་པར་བྱའོ། །དེ་ལྟར་བསྙེན་གྲུབ་ཉམས་སུ་ལེན་ཚུལ་སྒོས་ཀྱི་ལག་ལེན་མདོ་ཙམ་བཤད་ཟིན་ནས། ཞར་ལ་སྤྱིའི་གོ་དོན་གལ་ཆེ་བ་འགའ་ཞིག་འཕྲོས་སུ་སྨོས་ན། སྤྱི་རྡོ་རྗེ་ཐེག་པའི་ལམ་གྱི་དངོས་གྲུབ་ནི་བླ་མའི་བྱིན་རླབས་ལ་རག་ལས་ཤིང་དེ་ཡང་མོས་གུས་ཀྱི་རྟེན་འབྲེལ་ལ་རག་ལས་པའི་ཕྱིར་བླ་མ་ཉིད་སྒྲུབ་བྱའི་ལྷ་དང་དབྱེར་མེད་དུ་བལྟ་བ་ནི་རྩ་བ་དང་། དམ་ཚིག་མི་ལྡན་ན་གསང་སྔགས་མི་འགྲུབ་པས་རྩ་བ་དང་ཡན་ལག་གི་(12བ)ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་བྱ་ཞིང་ཐུན་མཚམས་སུ་བཤགས་སྦྱང་ལ་འབད། མཚམས་ཡུན་རིང་ཐུང་དང་ཐུན་བཞིའམ་གཉིས་སོགས་ཀྱི་བཅད་ཁྲིགས་དམ་བཅའ་དང་པོར་གང་བྱས་པ་དེ་ཉིད་མཐར་ཐོན་ངེས་པར་བྱ། འཚོ་ཆས་སོགས་ཚགས་སུ་མ་ཚུད་པས་ཅིས་ཀྱང་གཏོང་ལེན་མི་བྱ་ཀ་མེད་ཡོད་པ་དང་། སྒྲུབ་གཡོག་ཁྲོལ་ཅན་ལྷ་རྗེ་སོགས་སྒྲུབ་པའི་གྲོགས་སུ་འགྲོ་ངས་པ་རྣམས་ཐོག་མ་ནས་དམིགས་འོག་ཏུ་འཇུག་ཅིང་། ལར་ནས་དམ་བཅའི་སྐབས་འདིར་དངོས་སུ་མི་དྲན་པའི་གལ་ཆེ་བ་གློ་བུར་དུ་བྱུང་ན་དམིགས་འོག་ཏུ་ཆུག་པར་བྱེད་པ་སོགས་ཧ་ཅང་སྡོམ་དྲག་པ་མ་ཡིན་པ་དང་། རྗེས་ནས་དམིགས་ཁོངས་སུ་ཆུད་ཡོད་སྙམ་པའི་བག་ཡངས་མི་བྱ་བར་སྒྲུབ་གཡོག་ཁྲོལ་ཅན་དང་ཕྱི་ནང་འགྲུལ་བས་མཚོན་བསྲུང་ཅི་ཐུབ་བྱས་པས་མཚམས་མི་རལ་ཞིང་གཡེང་བས་མི་ཁྱེར་བ་ཡིན། ཕྱི་རོལ་པས་རང་ཉིད་མཐོང་ན་གསང་སྒོ་རྡོལ་བ་དང་། རང་གིས་ཕྱི་རོལ་དུ་བལྟ་བས་གཡེང་ཤོར་ན་གསང་སྒོ་ཤོར་བ་ཞེས་བྱ་སྟེ། དོན་ལ་དམ་ཚིག་ལས་འགལ་བས་སྒྲུབ་པའི་འབྲས་བུ་མི་འབྱིན་པས་ན་སྒྲུབ་པ་པོའི་ལུས་ངག་ཕྱི་རོལ་པས་མཐོང་ཚོར་མི་བྱ། མངོན་མཚན་ཅན་གྱི་སྒྲུབ་པ་ལ་དངོས་གྲུབ་གཡེལ་ཞིང་(13ན)བར་ཆད་འཇུག་པས་བསྙེན་པ་མ་ཐོན་གྱི་བར་ཡི་དམ་གང་ཡིན་གཞན་གྱིས་མི་ཤེས་པ་བྱེད། ཐོག་མར་ཕྱི་ནང་གི་མཚམས་བཅད་པ་ནས་བཟུང་སྒྲུབ་པ་མ་གྲོལ་གྱི་བར་དུ་ཆོས་འཆད་ཉན་དང་གཞན་ལ་བསྲུང་བ་བྱིན་རླབས་རིམ་གྲོ་རྟེན་འབྲེལ་སོགས་མི་བྱ། ཚོགས་གཏེར་མཆོད་ལྷག་སོགས་བྱིན་གྱིས་བརླབས་པའི་རྫས་ཕྱིར་མི་གཏོང་། རང་གི་ཟས་གོས་སྣོད་དཔྱད་སྤྱོད་འཕྲོ་གཞན་སྤྱོད་དུ་མི་འཇུག །གཞན་གྱི་དེ་དག་རང་གིས་མི་སྤྱད། ལྷག་པར་དམ་ཚིག་ཉམས་པའི་ཕྲིན་ཡིག་ཀ་ཅ་ཟས་གོས་སོགས་རླུང་ཕྱོགས་ཙམ་ཡང་འཕྲད་དུ་མི་འཇུག །རྟགས་མཚན་དང་ཉམས་རྟོགས་ཅི་བྱུང་ཡང་གཞན་ལ་མི་བཤད། བྱིན་གྱིས་མ་བརླབ་པའི་ཆུས་ལུས་གོས་སྐྲ་དང་གདོང་མི་བཀྲུ། སྐྲ་སེན་མི་འདྲེག །མལ་ས་མི་སྤོ། སྟན་མི་སྤྲུགས། སྒྲུབ་ཁང་གི་གད་རོ་ཕྱིར་མི་དོར། ལྟར་སྣང་ཉི་ཚེ་གཞན་དོན་གྱི་རྣམ་པའི་གཡེང་བ་དང་། རང་ཉིད་ཞི་བདེ་དོན་གཉེར་གྱི་བློ་འཁྲིས་མ་ཞུགས་པས་སྟན་གྱི་དྲོད་མ་ཡལ་བར་བྱས་ཏེ་བསྒྲུབ། རྒྱུན་གྱི་ཁ་ཏོན་དགེ་སྦྱོར་རིགས་ཀྱང་སྒྲུབ་པ་ཆག་པའི་རྒྱུ་ཡིན་པས་མང་དུ་བྱ་བ་རྣམས་སྤངས་ཏེ། འབྲས་བུ་སངས་རྒྱས་སྒྲུབ་པ་ལ་ཟབ་ལམ་འདི་(13བ)ལས་གཞན་དུ་མེད་པའི་ཡིད་ཆེས་ཀྱིས་ཆོག་ཤེས་པར་བྱེད། རྒྱུན་དུ་ཆབ་ལྡན་གྱི་ཁྲུས་བུམ་དུ་སྨེ་བརྩེགས་སམ་བདུད་རྩི་འཁྱིལ་བ་བསྐྱེད་བཟླས་བྱས་པས་ཁྲུས་བྱ་ཞིང་། མི་བྱེད་ཀ་མེད་ཀྱི་ཡོ་བྱད་ལེན་པ་དང་སྒྲུབ་གཡོག་འགྲུལ་དགོས་ན་ཁྲུས་ཆུས་བསང་གཏོར་དང་གུ་གུལ་གྱིས་བདུག་པ་སོགས་བྱ། མི་དང་ཡོ་བྱད་གསར་པའི་གདོང་དུ་ཤེས་པ་བྱིང་འཐིབ་ཚིག་པ་གཉིད་ཡེར་བ་སོགས་བྱུང་ན་འགྲུལ་སྣ་ཡིན་པས་སྲུང་འཁོར་བསྒོམ། རྫས་དེ་བྱུང་ཚར་བའི་རྗེས་སུ་བྱུང་ན་གྲིབ་ལྷོངས་ཡིན་པས་ཡིག་བརྒྱ་བཟླ། འགྲུབ་ཏུ་རུང་ན་རྫས་དེ་དག་འཕྲལ་དུ་ལོངས་མ་སྤྱོད། མཚམས་རལ་པ་ལྟ་བུའི་རྐྱེན་གྱིས་བགེགས་འཚུབས་ཀྱི་རྟགས་བྱུང་ན་བགེགས་སྐྲོད་ནན་ཏན་དང་རྒྱལ་ཐོ་གསོ་ཞིང་སྲུང་འཁོར་བསྒོམ། ཀ་ཅ་ཆེ་ཕྲ་ཕྲིན་ཡིག་ཙམ་གྱི་བཏང་ལེན་ཀྱང་མི་བྱ་བར་གཅིག་པུར་རྣམ་གཡེང་སྤངས་ནས་བསྒྲུབ་ནུས་ན་རྟགས་མཚན་མྱུར་ཞིང་སྒྲུབ་པའི་འབྲས་བུ་འབྱིན་པ་ཡིན་ལ། བསྙེན་སྒྲུབ་ཀྱི་དམ་ཚིག་རལ་ཞིང་ཁ་ཡེངས་མིག་ཡེངས་ཀྱི་བཟླས་པ་ལོ་ཟླར་འབད་ཀྱང་གྲུབ་པའི་རྟགས་དང་འབྲས་བུ་མི་འབྱུང་བས་འབད་པ་དོན་མེད་དུ་འགྲོ་བ་ཡིན། སྐབས་རེར་ཚིག་པ་ཟ་བ་དང་སྙིང་མི་དགའ་བ་སོགས་བྱུང་ན་བླ་མའི་མོས་གུས་དང་ངོ་བོ་ལ་བལྟས་ནས་རང་ཐོག་ཏུ་བཞག །(14ན)ཤེས་པ་འཕྱོ་ཞིང་ཡེད་པ་སོགས་རླུང་རྟགས་བྱུང་ན་རུས་ཐང་སོགས་དང་། བྱིང་འཐིབ་ཉོབ་ན་ཇ་དཀར་བཏུང་བ་སོགས་ཁམས་དང་བསྟུན་པའི་ཟས་སྤྱོད་དང་སྨན་བསྟེན་པ་སོགས་སྤྱོད་ལམ་གཟབ་པར་བྱ། བཟླས་ཕྲེང་སྤྱི་ལ་བྷོ་ངྷི་ཙེ་ཉིད་འགྱུར་སྟོབས་དང་བསྔགས་པ་ཆེ་བར་བཤད་ཅིང་། འདིར་དྲག་པོའི་ཕྲིན་ལས་ཀྱི་དབང་གིས་རུ་རཀྵ་དང་ཐོད་པའི་ཕྲེང་བ་མཆོག་ཏུ་ཤིས། གང་ཡང་གཞན་གྱིས་ལོངས་མ་སྤྱད་པ་ཉིད་གཞོན་ནུ་མས་བཀལ་བའི་སྲད་བུ་རིགས་ལྔ་སྐུ་གསུམ་སོགས་མཚོན་པའི་ལྔ་བསྒྲིལ་སུམ་བསྒྲིལ་ཇི་ལྟར་འཚམས་པ་ལ་བརྒྱུས་ཤིང་སྐུ་གཉིས་མཚོན་པའི་མདོ་འཛིན་ཉིས་བརྩེགས་སུ་ཡོད་པར་བྱས་ལ་བྱིན་གྱིས་བརླབས་ཏེ་འགོམ་ཡུག་དང་ཕལ་གྱིས་མཐོང་རེག་མེད་པར་བཅང་། སྔགས་ཀྱི་སྒྲ་ཆེ་ཆུང་མྱུར་བུལ་ལྷག་ཆད་ཡིག་འབྲུ་སྒྲ་ཟུར་ཉམས་པ། གློ་ལུ་བ་དང་གླལ་བ་སྤྲིད་པ་སོགས་ཀྱིས་བར་ཆོད་པ་མ་ཡིན་པའི་ངག་བཟླས་སྐྱོན་བྲལ་བྱེད་ཅིང་། སྔགས་ཕྲེང་སྐོར་རེའི་མཚམས་སུ་བཟླས་དམིགས་གསལ་སྐྱོར་དང་སྟོང་རྗེས་ལ་བརྒྱ་སོགས་བཅུ་ཆའི་ཁ་སྐོང་ཡང་ཞོར་ལ་འགྲོ་བ་ཐོན་ན་རྗེས་སུ་སྦྱིན་སྲེག་མ་གྲུབ་ཀྱང་སྐྱོན་མེད་པ་དང་། སྒྲུབ་པ་ཞག་གྲངས་སུ་བཅད་པ་སོགས་ལ་སྟབས་བདེ་བ་ཡིན། ཐུན་(14བ)གྱི་སྒང་ལ་འགྲོ་འདུག་འགུལ་བསྐྱོད་གཞན་ལ་ངག་དང་ཕྲིན་ཡིག་གཏོང་བ། ལྷ་སྔགས་མི་གཅིག་པ་འདོན་བསྒོམ་སོགས་བཟླས་དམིགས་ཀྱི་བར་ཆད་དུ་འགྲོ་བའི་རྣམ་གཡེང་ཐམས་ཅད་སྤངས། ཐུན་མཚམས་རྣམས་སུ་ཡང་ལྷའི་གསལ་སྣང་མ་བྲལ་བས་བཟླས་པ་གང་འགྲུབ་བྱེད་ཅིང་གྲངས་སུ་མི་རྩི། ཁམས་གསེང་ལ་འགྲོ་བ་སོགས་སྟན་ལས་འཕགས་དུས་ཕྲེང་བ་ལ་རྡོ་རྗེའི་མདུད་པ་བྱས་པ་ཁྲོ་ཞལ་དུ་དམིགས་ནས་གདན་ཁར་བཞག་པས་སྟན་བསྲུང་། བཟའ་བཏུང་གང་ཡང་འབྲུ་གསུམ་གྱིས་བྱིན་བརླབ་ལ་ཚོགས་འཁོར་གྱི་ཚུལ་དུ་ལོངས་སྤྱད། སྔགས་ནུས་འཇོམས་པའི་ཟས་ཀྱི་སྤང་བྱ་དུག་རིགས་འདྲེས་པའི་བཟའ་བཏུང་། ཉམས་གྲིབ་དང་འདྲེ་ཅན་གྱི་ཁ་ཟས། སྒོག་བཙོང་། ལ་ཕུག །ལྒ་གཡེར། དམར་ཚྭ། ཟྭ་ཚོད། ལྕེའི་དབང་པོ་སོགས་ཀྱིས་ནུས་པ་འགྱང་བར་བཤད། བྱ་བ་གང་ལ་འཇུག་ཀྱང་དྲན་པའི་རྩིས་ཟིན་པས་ཐ་མལ་གྱི་བློ་ལང་དུ་མ་ཤོར་བ་ཞིག་ཅིས་ཀྱང་དགོས། དེའང་ལྷའི་སྣང་ཆགས་ལ་མ་ཐེབས་ན་བསྐྱེད་རིམ་གྱིས་གོ་མི་ཆོད། ང་རྒྱལ་མེད་ན་ཐ་མལ་གྱི་སྣང་ཞེན་མི་ལྡོག །དག་དྲན་མེད་ན་ལྷ་ཞི་བ་བསྒོམ་ཀྱང་རྒྱལ་འགོང་དང་། དྲག་པོ་བསྒོམ་ན་རཱུ་དྲར་གོལ་བར་འགྱུར་བས་ན་གསལ་བརྟན་དག་གསུམ་གྱི་གནད་ལ་འབད།(15ན)གཞན་ཡང་བདུད་ཀྱིས་ལྷར་བརྫུས་ནས་བར་གཅོད་འབྱུང་བའང་སྲིད་པས་རྟགས་དང་ཆོ་འཕྲུལ་འཚུབས་ལྷོང་སོགས་བཟང་ངན་གྱི་མཚན་མ་ཇི་ལྟར་བྱུང་ཡང་དགག་སྒྲུབ་རེ་དོགས་ཀྱི་བློས་མ་བཅིངས་པར་གདོད་མའི་གནས་ལུགས་དབྱིངས་དང་ཡི་ཤེས་གཉིས་སུ་མེད་པའི་ཀློང་ཆེན་པོར་ལ་བཟླ། ལར་བསྐྱེད་རིམ་ཙམ་དུ་མ་ཟད་འཁོར་འདས་ཀྱི་སྣང་ཆ་ཐམས་ཅད་རྟོག་པས་བཏགས་པ་ཁོ་ན་ཡིན། དེའང་ཉི་མ་དང་འོད་ཆུ་དང་རླན་བཞིན་རིག་པའི་རང་རྩལ་ལས་གཞན་དུ་གྲུབ་པ་རྡུལ་ཙམ་མེད། རང་རིག་ཐིག་ལེ་ཉག་གཅིག་གི་ཀློང་དུ་ཆོས་ཐམས་ཅད་ཡེ་རྫོགས་ཆེན་པོར་གྲུབ་པ་ལ་སླར་བཅོས་མས་རྒྱས་འདེབས་མི་དགོས། རིག་པའི་ངོ་བོ་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བས་ཅིར་ཡང་མ་ཡིན་ལ་ཅིར་ཡང་འཆར་བ། ཤར་བ་ཙམ་ནས་དངོས་པོ་མཚན་མར་མ་གྲུབ་ཀྱང་ཀུན་རྫོབ་ཏུ་སྣང་ལ་དོན་བྱེད་ནུས་པ་བསམ་བསྐྱེད་ལྷུན་རྫོགས་ཀྱི་དཀྱིལ་འཁོར། ཟང་ཐལ་གྱི་ཡེ་ཤེས་རང་གནས་ལ་ནམ་ཡང་འཕོ་འགྱུར་མེད་པས་འཛིན་མེད་ཅོག་བཞག་གི་ཆོས་སྐུ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་བསྐྱེད་རྫོགས་ཟུང་འཇུག་འབའ་ཞིག་ལས་མི་འདའ་བ་གཤིས་ལུགས་ཀྱི་སྣང་སྟོང་ཟུང་འཇུག་ལ་རིག་ཐོག་ཏུ་མྱོང་བ་ཐོན་ནས་གནད་གཅིག་ཤེས་པས་འཁོར་འདས་ཀུན་གྱི་སྟོང་སྲོག་ཐོབ་པ་(15བ)ཉིད་བསྐྱེད་རྫོགས་གང་གི་ཡང་སྙིང་པོ་སྟེ། སློབ་དཔོན་ཆེན་པོས། འགྲོ་འདུག་ཉལ་དང་སྤྱོད་ལམ་ཐམས་ཅད་ཀུན། །དེ་ལྟར་ལྟ་བའི་བྱ་ར་མ་ཡེངས་ན། །ང་ཉིད་པདྨ་འབྱུང་གནས་ཐུགས་ཀྱི་སྲས། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་ཐོབ། །ཕྱི་ནང་ཟས་ནོར་མི་དང་ལྷ་འདྲེ་འདུ། །བླ་མེད་བྱང་ཆུབ་གོ་འཕང་མྱུར་དུ་ཐོབ། །ལྟ་བས་མ་ཟིན་བསྒྲུབ་ཀྱང་དོན་མེད་པས། །ལྟ་བ་བྱ་ར་གཅེས་སོ་རིགས་ཀྱི་བུ། །ཞེས་དང་། བརྒྱ་བཤད་སྟོང་དུ་ལབ་ཀྱང་གོ་བ་གཅིག །གཅིག་ཤེས་ཀུན་གྲོལ་རང་རིག་རང་མདངས་སྐྱོང་། །ཞེས་གསུངས་པ་ལྟར། ལྟ་བའི་སྤྱི་རྒྱ་རླབས་ཀྱིས་གཅོད་པའི་སྒོ་ནས་བསྐྱེད་རྫོགས་ཟུང་དུ་འཇུག་པའི་ཉམས་ལེན་གྱི་རིམ་པ་ལ་གནད་དུ་བསྣུན་པས། འབྲས་བུ་ཕྱི་དུས་སུ་མི་ལྟོས་པར་ཚེ་འདི་ཉིད་ལ་དངོས་གྲུབ་རྣམ་པ་གཉིས་མངོན་དུ་བྱེད་པར་འགྱུར་ཏེ། བཤད་རྒྱུད་ལས། རྡོ་རྗེ་ཁྲག་འཐུང་ང་ཉིད་ཀྱི། །ཡི་གེ་ཧཱུྃཙམ་བཟླས་པ་ལའང་། །བར་ཆད་ཀུན་གྱིས་མི་ཚུགས་ཤིང་། །མཚན་མ་འགྲུབ་པར་ཐེ་ཚོམ་མེད། །རྩེ་གཅིག་འདི་ལ་བརྩོན་ལྡན་པས། །འཁོར་བར་མི་ལྡོག་མངོན་འཚང་རྒྱ། །ཞེས་དང་། མཚོ་རྒྱལ་གྱིས། འདི་ལྟར་བསྙེན་སྒྲུབ་ལས་སྦྱོར་གསུམ་སྒྲུབ་ཚད་ཐེམས་ནས་ནི༔ ཚེ་འདིར་ཕྲིན་ལས་རྣམ་པ་བཞི་གང་ལ་བརྩམ་པ་འགྲུབ་པ་(16ན)དང་༔ མཆོག་གི་དངོས་གྲུབ་ཡི་དམ་ལྷ་དང་སྐལ་བ་མཉམ་སྟེ༔ བར་དོ་གསུམ་ལ་ལྷའི་སྣང་བ་ཐོབ་སྟེ༔ ལོངས་སྤྱོད་རྫོགས་པའི་སྐུ་རྡོ་རྗེ་གཞོན་ནུའི་གོ་འཕང་འཐོབ་པར་ཐེ་ཚོམ་མེད་དོ་བདག་འདྲ་མཁར་ཆེན་བཟས་མི་བསླུ་བའི་དོན་གྱི་ཐ་ཚིག་གོ༔ ཞེས་གསུངས་པ་ལྟར་རོ། །བདུད་འདུལ་སྤུ་གྲིའི་མན་ངག་གི ། བཅུད་ཕུར་རེག་ཕུང་འབར་བ་ཡི། །བསྙེན་ཚུལ་མདོ་ཙམ་བརྗོད་འདི་ལས། །སྐལ་བཟང་དངོས་གྲུབ་མངོན་བྱེད་ཤོག །ཅེས་པའང་མདོ་ཁམས་རྫོགས་ཆེན་དགོན་གྱི་བསྟན་འཛིན་དམ་པ་ཕུར་ཚ་སྤྲུལ་སྐུ་རིན་པོ་ཆེ་དང་། བཤེས་གཉེན་རིག་སྔགས་འཆང་བ་དོན་དམ་ཆོས་མཆོག་སོགས་ལམ་འདིའི་བཀའ་བབས་ཀྱི་སྐྱེས་བུ་དུ་མས་སྔ་ཕྱིར་ཡང་ནས་ཡང་དུ་བསྐུལ་བར་མཛད་པ་ཡིད་ལ་སིམ་པའི་ཐོག ། ཉེར་ཆར་མི་འཕྲོག་པའི་དད་གུས་ཀྱི་ནོར་ལྡན་དྭགས་པོ་གཤམ་མཁར་བ་འཇིགས་མེད་བློ་གྲོས་ཀྱི་གསུང་གིས་ནན་ཆགས་སུ་བསྐུལ་བས་མཚམས་སྦྱར་ཏེ། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཀུན་འཛིན་གྱི་ལོ་སྨིན་ཟླའི་ཡར་ངོའི་རྒྱལ་བ་དང་པོ་ལ་མཆིམས་ཀྱི་ཀོང་ཡུལ་ལྗོན་པ་བུ་ཆུ་བདེ་ཆེན་སྟེང་གི་རིག་པ་འཛིན་པའི་དགའ་ཚལ་དུ་སྦྱར་བའོ། །འདིས་ཀྱང་སྐལ་ལྡན་རྣམས་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།