DJYD-KABUM-24-YA-027: Difference between revisions

From Dudjom Wiki
DJYD-KABUM-24-YA-027
No edit summary
No edit summary
Line 7: Line 7:
|author=Dudjom Rinpoche
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 24: . Kalimpong: Dupjung Lama, 1979-1985.
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=༢༤
|volyigtib=ཡ
|volumenumber=24
|volumenumber=24
|volumeLetter=YA
|volumeLetter=YA

Revision as of 16:11, 24 July 2024

Wylie title DJYD-KABUM-24-YA-027.pdf
Location bdud 'joms rin po che bka' 'bum
Volume 24, Text 27, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: . Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
༄༅། །སྨན་ཆེན་ཁྱུང་ལྔའི་མན་ངག་བཞུགས། ། (1བ)ཨོཾ་སྭསྟི། (ཉོན་མོངས་བདུད་ཁམས་ཡེ་ཤེས་རྩིར། །བསྒྲུབ་མཁས་བླ་མ་སྨན་རྒྱལ་ལ། །བཏུད་ནས་དཔའ་བོ་ཁྱུང་ཆེན་ལྔའི། །སྦྱོར་ཐབས་མན་ངག་འདིར་གསལ་བྱ། །སྙིགས་དུས་ཀླུ་གཉན་ས་བདག་གི། །གཉེན་པོ་གཅིག་ཆོག་རྒྱལ་པོ་མཆོག །སྔོན་ཚེ་གསང་བདག་ཧེ་རུ་ཀའི། །ཐུགས་རྗེའི་རང་གཟུགས་ག་རུ་ཌ། །དེ་ཡི་ཡེ་ཤེས་བྱིན་རླབས་མཐུ། ས་ལ་འཁྲུངས་པ་སྨན་ལྔ་སྟེ། །ཨ་རུ་ཤ་ཡིན་བཙན་དུག་སྙིང་། །རུ་རྟ་རུས་པ་ཤུ་དག་རྒྱུས། །མ་གི་ཏ་ནི་ཁྲག་ཡིན་ནོ། །དེ་ཡི་སྦྱོར་ཐབས་ལག་ལེན་ནི། ཤ་བརྒྱད་སྙིང་གཅིག་རུས་པ་གཉིས། །རྒྱུས་པ་སུམ་གཉིས་ཁྲག་གསུམ་ཆ། །ལེགས་སྦྱར་མཁའ་ལྡིང་རྒྱལ་པོ་ཡི། །ཁམས་ལྔར་དབང་བསྐུར་བྱིན་བརླབས་ཏེ། །རིལ་བུ་རྒྱ་(2ན)ཤུག་ཚིག་གུ་ཙམ། །དྲིལ་ལ་གྲིབ་སྐམ་བྱུང་བ་ན། །དར་སྔོན་གྱིས་བསྟུམ་ཐོད་པར་གཞུག །སྟེགས་བུར་བཀོད་ལ་མཆོད་པས་བསྐོར། །རང་ཉིད་གསང་བདག་གཏུམ་པོ་ཡི། །ཏིང་ངེ་འཛིན་ལ་གནས་པའི་ངང་། །མདུན་རྟེན་བསང་སྦྱངས་སྟོང་པར་བལྟ།) །སྟོང་པའི་ངང་ལས་དྲན་རྫོགས་སུ། །སྨན་སྣོད་རང་བྱུང་ཀ་པཱ་ལ། །བདེ་ཆེན་འབར་བའི་ཕོ་བྲང་དབུས། །པདྨ་ཉི་མའི་གདན་སྟེང་དུ། །རིལ་བུ་ཁྲོཾ་ཡིག་མཐིང་ནག་ལས། །འོད་འཕྲོས་རྒྱལ་མཆོད་འགྲོ་སྒྲིབ་སྦྱངས། །ཚུར་འདུས་ཡོངས་གྱུར་སྐད་ཅིག་གིས། །རྡོ་རྗེ་མཁའ་ལྡིང་ནག་པོ་ནི། །སྐུ་མདོག་བཻ་ཌཱུར་(2བ)ཞུན་མའི་མདངས། །སྤུ་གྲིའི་སྒྲོ་གཤོག་རལ་གྲི་གཟེང་། །སྡེར་མོ་ལྕགས་ཀྱུ་འབར་བ་ཡིས། །ཀླུ་གཉན་ས་བདག་གནོད་བྱེད་གཟིར། །ཕྱག་གཉིས་གདེངས་ནས་རིགས་ལྔའི་སྦྲུལ། །མགོ་མཇུག་བཟུང་སྟེ་ལྟོ་སྐེད་ཆ། །གནམ་ལྕགས་མཆུ་ཡིས་གཏུབ་ཅིང་རོལ། །ཞལ་ནས་ཡེ་ཤེས་མེ་དཔུང་འབར། །ཤངས་ནས་སྲིད་པའི་རླུང་ནག་གཡོ། །སྐུ་ལས་ཐོག་གི་ཚྭ་ཚྭ་འཐུལ། །ཕྱག་ཞབས་སྦྲུལ་རིགས་ཆུན་པོ་དང་། །རིན་ཆེན་ཕྱག་གདུབ་མགུལ་རྒྱན་སྤྲས། །དབུ་གཙུག་ནོར་བུ་འབར་བས་བརྒྱན། །དཔྲལ་བར་སྐུ་ཡི་བྱ་ཁྱུང་དཀར། །མགྲིན་པར་གསུང་གི་བྱ་ཁྱུང་དམར། །སྙིང་གར་ཐུགས་ཀྱི་བྱ་ཁྱུང་མཐིང་། །ལྟེ་བར་ཡོན་ཏན་བྱ་ཁྱུང་སེར། །གསང་བར་ཕྲིན་ལས་བྱ་ཁྱུང་ལྗང་། །ཀུན་ཀྱང་ཆ་ལུགས་གཙོ་དང་མཚུངས། །དེ་ལྟར་གསལ་བའི་སྤྱི་བོར་ཨོཾ། །མགྲིན་པར་ཨཱཿདང་ཐུགས་ཀར་ཧཱུྃ། །ཐུགས་ཀའི་ཆ་སྨད་ཉི་སྟེང་ཁྲོཾ། །དེ་ལས་འོད་འཕྲོས་རང་འདྲ་བའི། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ(ས་གཉིས་མེད་གྱུར།) །སླར་ཡང་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་དབང་ལྷ་སྤྱན་དྲངས་ཏེ། །དབང་(3ན)བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་ཡར་ལུད་རིགས་ཀྱི་བདག །མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། །ཨོཾ་བཛྲ་ག་རུ་ཌ་ས་པ་རི་ཝཱ་ར་ཨརྒྷཾ་(སོགས་ནས།)ཤཔྡ(འི་བར་གྱིས་མཆོད།) དཔལ་ཆེན་གསང་བདག་གཏུམ་པ་ཡི། །ཐུགས་ལས་སྤྲུལ་པའི་དཔའ་བོ་ཆེ། །གདུག་པ་མ་ལུས་འཇོམས་མཛད་ལྷ། །རྡོ་རྗེ་ནམ་མཁའི་ལྡིང་ལ་བསྟོད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །མཐུ་སྟོབས་སྔགས་ནུས་རབ་འཕེལ་བས། །གདོན་བགེགས་གདུག་པ་ཚར་གཅོད་པའི། །དངོས་གྲུབ་བདེ་བླག་སྩལ་དུ་གསོལ། །(ཞེས་པས་མཆོད་བསྟོད་འདོད་གསོལ་བྱ།) །ཐུགས་ཀར་ཉི་མའི་དཀྱིལ་འཁོར་དབུས། །ཁྲོཾ་ཡིག་མཐིང་ནག་མཐའ་སྐོར་ཏུ། །སྔགས་ཕྲེང་མགལ་མེ་ལྟར་འཁོར་ལས། །མེ་ཡི་ཚྭ་ཚྭ་ཁྲོ་ཆུང་དང་། །བྱ་ཁྱུང་རྣམ་པ་འོད་ཟེར་ཚུལ། །དཔག་མེད་འཕྲོས་པས་རྒྱལ་རྣམས་མཆོད། །བྱིན་རླབས་ཚུར་འདུས་རིལ་བུར་ཐིམ། །གདུག་ཅན་མ་ལུས་ཐལ་བར་བརླག །འགྲོ་དྲུག་སེམས་ཅན་སྡིག་སྒྲིབ་སྦྱངས། །ཡང་དག་བདེ་བའི་ལམ་ལ་བཀོད། །འཁོར་འདས་དྭངས་བཅུད་ནུས་པ་ཀུན། །འོད་ཟེར་རྣམ་པས་རྫས་ལ་ཐིམ། །ཁྲག་འཐུང་རབ་འབྱམས་མཐུ་ནུས་སྟོབས། །(3བ)དབང་བྱིན་དངོས་གྲུབ་མ་ལུས་ཀུན། །དམ་ཚིག་རྫས་དང་རོ་གཅིག་འདྲེས། །སྨན་གྱི་ཡོན་ཏན་ནུས་སྟོབས་ཀུན། །ཚད་མེད་འཕེལ་རྒྱས་གཟི་འབར་གྱུར། །(ཅེས་དམིགས་ལ།)ཨོཾ་ཁྲོཾ་བཛྲ་ག་རུ་ཌ་ཧཱུཾ་ཕཊ། (ཅེས་པ་གཙོར་བཟླ་དེ་བཞིན་དུ།) །ཨོཾ་བུདྡྷ་ག་རུ་ཌ་ཧཱུཾ་ཕཊ། ཨཱཿཔདྨ་གུ་རུ་ཌ་ཧཱུཾ་ཕཊ། ཧཱུཾ་བཛྲ་ག་ར་ཌ་ཧཱུཾ་ཕཊ། སྭཱ་རཏྣ་ག་རུ་ཧཱུྃ་ཕཊ། ཧཱ་ཀརྨ་ག་རུ་ཌ་ཧཱུཾ་ཕཊ། (དེ་རྣམས་བརྒྱ་སྟོང་ནས་བརྩམས་ཏེ། །ཉེར་གཅིག་བར་སོགས་གང་འགྲུབ་བཟླ། །མཐར་ནི་སྔར་བཞིན་མཆོད་ཅིང་བསྟོད། །ཡིག་བརྒྱ་བཟླས་པས་ནོངས་པ་བཤགས།)།ཡེ་ཤེས་རྒྱལ་པོ་ག་རུ་ཌ། །སྤྲུལ་པའི་བྱ་ཁྱུང་རིགས་ལྔར་བཅས། །འོད་དུ་ཞུ་ནས་རིལ་བུར་ཐིམ། །མཐོང་ཚོར་མྱོང་རེག་སྐྱེ་འགྲོ་རྣམས། །ནད་གདོན་སྡུག་བསྔལ་ལས་གྲོལ་(བསམ། །རྟེན་སྙིང་གང་མང་བཟླས་པ་ཡི། །མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། །དེ་ལྟར་མན་ངག་དང་ལྡན་པས། །ཚུལ་བཞིན་སྦྱར་བསྒྲུབས་རིལ་བུ་རེས། ཀླུ་གཉན་ས་བདག་གྲོང་ཁྱེར་འབུམ། །རྩྭ་ཕུང་མེ་བཞིན་ལྷག་མེད་གཏོང་། །ནང་གི་གཉན་རིགས་གཟེར་ཁ་འཇོམས། །ཕྱི་ཡི་མཛེ་ཤུ་ལྤགས་ནད་སྐེམ། །མཛེ་ནད་འཇོམས་པའི་འཁོར་ལོ་ཡིན། །གག་ལྷོག་གསོ་བའི་བདུད་རྩི་ཡིན། །གཉན་རིགས་སྲུང་བའི་གོ་ཆ་ཡིན། །འོག་གདོན་སྲེག་པའི་མེ་དཔུང་ཡིན། །གཉན་གཟའ་དྲེག་གྲུམ་རེངས་འཁུམ་གདོན། །ཤ་ལྤགས་རྩ་རྒྱུས་རུས་པའི་ནད། །(4ན)མདོར་ན་གཟེར་རིགས་མ་ལུས་འཇོམས། །ལུས་ལ་འཆང་ན་གདོན་བགེགས་སྲུང་། །མེར་བསྲེགས་དུད་པས་གདོན་བགེགས་བྲོས། །ཐོག་དང་སེར་བ་འབབ་པ་གཅོད། །ད་དུང་བདུད་རྩི་ཁྱུང་ལྔ་འདིར། །སྨན་སྒྲུབ་ཁ་ཚར་བཤད་ཀྱི་ཉོན། །ཚ་ཤས་ཆེ་ན་གི་ཝང་བསྣན། །གྲང་ཤས་ཆེ་ན་པི་པི་ལིང་། །གདོན་ལ་ཆོས་སྨན་གུ་གུལ་བསྣན། །སྲིན་ལ་བྱི་ཏང་མ་རུ་ཙེ། །གཉན་ལ་ཐར་ནུ་སྟག་ཤ་བསྣན། །རླུང་ལ་ཤ་ཆེན་ཤིང་ཀུན་བསྣན། །ཆུ་འགགས་རྒྱ་ཚྭ་སྡིག་སྲིན་བསྣན། །གག་ལ་ལི་ཤི་ཐར་ནུ་བསྣན། །གཉན་ཚད་ཆུ་རྩི་དྲི་ཆུ་བསྣན། །མཛེ་ལ་ཆུ་སེར་སྨན་གསུམ་བསྣན། །ཆུ་སེར་དངུལ་ཆུ་སེང་ལྡེང་བསྣན། །གྲང་སྐྲངས་གཡེར་མ་སྤོས་དཀར་བསྣན། །ཀུན་ལ་གུ་གུལ་གི་ཝང་བསྣན། །དེ་རྣམས་ཁ་ཚར་བསྐོར་ཐང་སྐབས། །གླ་རྩིའི་ཚད་ཀྱི་བོང་ཚད་སྦྱར། །སྤྱི་ལ་གཅེས་པའི་གདམས་པ་ནི། །སྨན་འདི་སྦྱར་སྒྲུབ་གཏོང་བའི་རུས། །ཡར་ངོ་ཞི་གཟའ་དུས་སྦྱོར་དགེ། །སྤེན་པ་རིགས་ལྡན་འཆར་དུས་མིན། །དམེ་མནོལ་ཉམས་གྲིབ་ཅན་སོགས་ཀྱིས། །མ་མཐོང་མ་རེག་པའང་གཅེས། །ཆུ་མིག་ལ་སོགས་ཀླུ་གཉན་རྣམས། །གནས་སར་མི་སྦྱོར་མི་གྲུབ་བོ། །རླུང་ལྷག་ཉི་ཆར་སོགས་མི་ཕོག །རོ་ནུས་མི་ཡལ་གཅེས་སྤྲས་ཀྱིས། །བཅང་བ་གནད་དུ་བཟུང་བར་བྱ། །དེ་ལྟར་གཉན་རིགས་སྤྱི་འཇོམས་ཀྱི། །སྨན་སྦྱོང་ཁྱུང་ལྔ་སྒྲུབ་པའི་ཚུལ། །བཀའ་གཏེར་སྙན་བརྒྱུད་མན་ངག་ལས། །གཅེས་བཏུས་ལག་ལེན་འཇུག་བདེ་རུ། །འདི་ལྟར་སྦྱོར་ཞེས་བྱང་སེམས་ཀྱི། །ནོར་ལྡན་ཀུན་ཕན་འཚོ་བྱེད་པ། །(4བ)བཀྲ་ཤིས་གཡང་འཕེལ་མཚན་ཅན་གྱིས། །ནན་ཏན་བསྐུལ་བའི་བཞེད་སྐོང་དུ། །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར། །འདིས་ཀྱང་འབྲེལ་ཚད་སྐྱེ་འགྲོ་རྣམས། །དུས་མིན་འཆི་བའི་འཇིགས་པ་ལས། ཡོངས་སྐྱོབ་གདུང་སེལ་བདུད་རྩིར་སྨིན། །ཕན་བདེའི་དཔལ་འབར་བཀྲ་ཤིས་ཤོག། །།)