DJYD-KABUM-23-A-006: Difference between revisions

From Dudjom Wiki
DJYD-KABUM-23-A-006
No edit summary
No edit summary
Line 4: Line 4:
|fulltitletib=གཏེར་ཁ་དགུ་འདུས་བཀའ་བརྒྱད་སྒྲུབ་ཆེན་གྱི་ཁོག་དབུབ་གྲུབ་གཉིས་བདུད་རྩིའི་ཟ་མ་ཏོག།
|fulltitletib=གཏེར་ཁ་དགུ་འདུས་བཀའ་བརྒྱད་སྒྲུབ་ཆེན་གྱི་ཁོག་དབུབ་གྲུབ་གཉིས་བདུད་རྩིའི་ཟ་མ་ཏོག།
|fulltitle=gter kha dgu 'dus bka' brgyad sgrub chen gyi khog dbub grub gnyis bdud rtsi'i za ma tog
|fulltitle=gter kha dgu 'dus bka' brgyad sgrub chen gyi khog dbub grub gnyis bdud rtsi'i za ma tog
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Gter kha dgu 'dus bka' brgyad sgrub chen gyi khog dbub grub gnyis bdud rtsi'i za ma tog''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 23: 71-135. Kalimpong: Dupjung Lama, 1979-1985.
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Gter kha dgu 'dus bka' brgyad sgrub chen gyi khog dbub grub gnyis bdud rtsi'i za ma tog''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 23: 71-125. Kalimpong: Dupjung Lama, 1979-1985.
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|collectiontitle=bdud 'joms rin po che bka' 'bum
|collectiontitle=bdud 'joms rin po che bka' 'bum
Line 20: Line 20:
|totalvolumes=25
|totalvolumes=25
|textnuminvol=006
|textnuminvol=006
|pagenumbers=71-135
|pagenumbers=71-125
|totalpages=55
|totalpages=55
|beginfolioline=1a1
|beginfolioline=1a1

Revision as of 08:54, 25 July 2024

Wylie title gter kha dgu 'dus bka' brgyad sgrub chen gyi khog dbub grub gnyis bdud rtsi'i za ma tog DJYD-KABUM-23-A-006.pdf
Location bdud 'joms rin po che bka' 'bum
Volume 23, Text 6, Pages 71-125 (Folios 1a1 to 28a1)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Gter kha dgu 'dus bka' brgyad sgrub chen gyi khog dbub grub gnyis bdud rtsi'i za ma tog. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 23: 71-125. Kalimpong: Dupjung Lama, 1979-1985.
Side notes Recto: sgrub khog   Verso: bka' brgyad dgu 'dus
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche)
Genre Structural Arrangement for Ritual Practice - sgrub khog
Cycle བཀའ་བརྒྱད་གཏེར་ཁ་དགུ་འདུས་ (bka' brgyad gter kha dgu 'dus)
Deity bka' brgyad
Colophon

ཅེས་གཏེར་ཁ་དགུ་འདུས་ཟབ་ལམ་བཀའ་བརྒྱད་ཀྱི་ཕྲིན་ལས་ཚོམ་བུ་ཚོགས་སུ་བསྒྲུབ་པའི་ལས་ཁྲིགས་གྲུབ་གཉིས་བདུད་རྩིའི་ཟ་མ་ཏོག་ཅེས་བྱ་བ་འདི་ཡང་། རང་གཞན་རྣམས་ཉམས་ལེན་འཇུག་པ་བདེ་བའི་ཆ་རྐྱེན་དུ་འདི་ལྟར་བྲི་བར་འདུན་པའི་ཐོག །ཉེ་ཆར་ཟིལ་གནོན་བཀའ་བརྒྱད་གླིང་གི་སྔགས་རིག་འཛིན་པའི་སྡེས་བསྟན་དོན་རྒྱུན་གྱི་ཉམས་བཞེས་གསལའདེབས་སུ་ཉེར་མཁོར་གྱུར་ནས། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བཀའ་བརྒྱད་གཏེར་ཁ་གོང་འོག་གི་བཅུད་ཕྱུངས་ཏེ་འཇུག་བདེ་དོན་ཚང་དུ་བསྡེབས་པ་སྟེ། རྔ་ཆེན་དབོ་ཟླའི་དུས་ཚེས་བཟང་པོ་ལ། བལ་ཡུལ་དུར་ཁྲོད་ལྷུན་གྲུབ་བརྩེགས་པའི་ཉེ་འགྲམ་དུ་སྦྱར་བ་ལས་ཐོག་མའི་ཡི་གེ་པ་ནི་སྔགས་བན་ཚེ་སྒྲུབ་མཐར་ཕྱིན་གྱིས་བགྱིས་པའོ། །འདིས་ཀྱང་བསྟན་འགྲོའི་རྒུད་པ་མིང་མཐར་གྱུར་ནས་མཆོག་གསང་སྙིང་པོའི་རིང་ལུགས་མི་ནུབ་དར་ཞིང་རྒྱས་པའི་ཆ་རྐྱེན་དུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

ces gter kha dgu 'dus zab lam bka' brgyad kyi phrin las tshom bu tshogs su bsgrub pa'i las khrigs grub gnyis bdud rtsi'i za ma tog ces bya ba 'di yang /___rang gzhan rnams nyams len 'jug pa bde ba'i cha rkyen du 'di ltar bri bar 'dun pa'i thog________/nye char zil gnon bka' brgyad gling gi sngags rig 'dzin pa'i sdes bstan don rgyun gyi nyams bzhes gsala'adebs su nyer mkhor gyur nas/___'jigs bral ye shes rdo rjes bka' brgyad gter kha gong 'og gi bcud phyungs te 'jug bde don tshang du bsdebs pa ste/___rnga chen dbo zla'i dus tshes bzang po la/____bal yul dur khrod lhun grub brtsegs pa'i nye 'gram du sbyar ba las thog ma'i yi ge pa ni sngags ban tshe sgrub mthar phyin gyis bgyis pa'o/___/'dis kyang bstan 'gro'i rgud pa ming mthar gyur nas mchog gsang snying po'i ring lugs mi nub dar zhing rgyas pa'i cha rkyen du gyur cig___/sarba dA mang+ga laM//

[edit]
༄༅། །གཏེར་ཁ་དགུ་འདུས་བཀའ་བརྒྱད་སྒྲུབ་ཆེན་གྱི་ཁོག་དབུབ་གྲུབ་གཉིས་བདུད་རྩིའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། །


༄༅། །ཨོཾ་སྭསྟི། ཆོས་དབྱིངས་ཡེ་ཤེས་ཀློང་ཆེན་དགུ་ཡི་རྩལ། །འབར་བའི་དཀྱིལ་འཁོར་ཚོམ་བུ་དགུར་སྣང་བ། །ཁྲག་འཐུང་ཆེ་མཆོག་དཔལ་དགུར་ཡོངས་བཏུད་ནས། །ཚུལ་དེ་སྒྲུབ་པའི་མན་ངག་འདིར་དབྱེ་བྱ། །(དེའང་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་ཆོས་སྡེ་གཏེར་བྱོན་བཀའ་སྲོལ་རིམ་པ་དགུའི་བྱིན་རླབས་ཀྱི་ཆུ་བོ་གཅིག་ཏུ་འདྲེས་པའི་ལུགས་ལྟར་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་གྱི་བ་ལ་གསུམ། གང་ཞིག་བསྒྲུབ་པའི་གཞི། ཇི་ལྟར་སྒྲུབ་བྱེད་ཀྱི་ལམ། དེ་ལྟར་བསྒྲུབ་པའི་འབྲས་བུའོ། །དང་པོ་གང་ཞིག་བསྒྲུབ་པའི་གཞི་ནི། ལུང་ལས། བསྒྲུབ་བྱའི་ལྷ་ནི་སེམས་ཡིན་ཏེ༔ སེམས་ཉིད་དོན་གྱི་ལྷ་སྐུར་བཞུགས༔ ཞེས་གསུངས་པ་ལྟར་(2ན)རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཉིད་བདེ་བ་ཆེན་པོ་གདོད་མ་ནས་དོན་དམ་རང་བྱུང་གི་ལྷའི་སྐུ་དང་ཡེ་ཤེས་ཟུང་འཇུག་ཏུ་བཞུགས་པ་ཉིད་དོ། །) (གཉིས་པ་ཇི་ལྟར་སྒྲུབ་བྱེད་ཀྱི་ལམ་ལུགས། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བ། རྗེས་ཀྱི་ལས་རིམ་རྣམས་ཀྱིས་སྒྲུབ་པ་མཐའ་རྒྱས་སུ་བྱ་བའོ། །དང་པོ་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་ནི། བཀའ་བརྒྱད་གཞུང་ལས། བསྙེན་རྫོགས་རྟོགས་ལྡན་སྟོན་པ་དང་༔ དད་བརྩོན་བརྟུལ་ཞུགས་ལྡན་པའི་འཁོར༔ གནས་དུས་ཡོ་བྱད་ཕུན་ཚོགས་པས༔ ཞེས་གསུངས་པ་ལྟར། གཙོ་བོ་སྟོན་པ་རྡོ་རྗེ་རྒྱལ་པོ་བསྙེན་སྒྲུབ་ལ་གྲངས་རྟགས་རྫོགས་ཤིང་རྟོགས་པའི་གདིང་དང་(2བ)ལྡན་པ། སྒྲུབ་པའི་འཁོར་གྲོགས་དད་གུས་བརྩོན་འགྲུས་གསང་སྔགས་ཀྱི་ལྟ་སྤྱོད་ལམ་དུ་ལོངས་པའི་བརྟུལ་ཞུགས་དང་ལྡན་པ། གནས་ཀྱི་ཁྱད་པར་རྒྱུད་ལས་གསུངས་པའི་སྒྲུབ་གནས་ཀྱི་མཚན་ཉིད་ཚང་བའམ་གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་ཤིང་དབེན་ལ་བཀྲ་ཤིས་པ། དུས་ཉི་མ་བྱང་བགྲོད་ཟླ་བ་ཡར་གྱི་ངོ་གཟའ་སྐར་སྦྱོར་བྱེད་དགེ་ཞིང་ཤིས་པ། ཡོ་བྱད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རྟེན་གཙོ་བོར་གྱུར་པའི་སྒྲུབ་པའི་མཐུན་རྐྱེན་ཇི་ལྟར་དགོས་པ་ཐམས་ཅད་གཙང་ཞིང་དག་ལ་མ་ཚང་བ་མེད་པ་སྟེ། ཕུན་སུམ་ཚོགས་པ་ལྔ་དང་ལྡན་པས་སྒྲུབ་པ་ལ་འཇུག་པར་བྱའོ། །) (གཉིས་པ་བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བ་ནི། རྒྱུད་ལས། བསྙེན་སྒྲུབ་ཡན་ལག་རྣམ་པ་བཞིས། །ཐུན་མོང་མཆོག་གི་དངོས་གྲུབ་ལེན། །ཅེས་གསུངས་པས། སྔོན་དུ་འགྲོ་བ་བསྙེན་པ་དང་ཉེ་བསྙེན། དངོས་གཞིའི་ལས་རིམ་ཕྲིན་ལས་ཀྱི་གཞུང་བསྲང་སྟེ་སྒྲུབ་པ་དངོས་ལ་འཇུག་པ། རྗེས་དངོས་གྲུབ་བླང་བ་སྒྲུབ་པ་ཆེན་པོ་གསུམ་གྱིས་བསྡུས་པ་ལས། དང་པོ་སྔོན་དུ་འགྲོ་བ་བསྙེན་པ་དང་ཉེ་བསྙེན་ལ་གཞི། ས་ཆོག །མཚམས་གཅོད། རྟེན་གྱི་དཀྱིལ་འཁོར་བཅའ་བ། སྒྲུབ་པ་པོ་རྣམས་ཕྲིན་ལས་ལ་འཇུག་རུང་གི་བྱ་བའོ། །དང་པོ་ས་ཆོག་ལ་ལྔ། བརྟག་པ། བསླང་བ། དབང་དུ་བྱ་བ། སྦྱོང་བ། སྲུང་བའོ། །དང་པོ་ས་བརྟག་པ་ནི། སྒྲུབ་གནས་རྙིང་པ་ལ་མི་དགོས་པས་འདིར་མ་སྨོས་ལ། ཤེས་པར་འདོད་ན་གཞན་དུ་བལྟའོ། །གཉིས་པ་ས་བསླང་བ་ནི། (3ན)སྣང་བ་མི་ལས་རང་དབང་དུ་གྱུར་པ་གཞིར་བྱས་ནས། མི་སྣང་བ་ལས་བསླང་བ་ལ། གང་དུ་བྱ་བའི་དཀྱིལ་འཁོར་གྱི་སའི་དབུས་ཀྱི་སྟེགས་བུ་ལ་འབྲུའི་ཚོམ་བུ་བཀོད་པའི་སྟེང་དུ། མཉྫིའི་ཁར་ས་ལྷའི་གཏོར་མ་དཀར་ཟླུམ་མཐེབ་ཀྱུ་དང་རིལ་བུས་མཚན་པ། མདུན་དུ་གསེར་སྐྱེམས་དང་བཅས་པའི་མཐར་བྱང་ཤར་དུ་མཚམས་འཛིན་མེ་ཏོག་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་དང་བཅས་པས་གཡས་སུ་བསྐོར། ལོགས་གང་བདེར་བདག་བསྐྱེད་ཀྱི་མཆོད་པ་དཔལ་གཏོར་སྨན་རཀ་ཉེར་སྤྱོད་བཅས་བཤམ། གཞན་ཡང་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། བདག་གི་རྣལ་འབྱོར་ནི། བརྒྱུད་འདེབས་དང་།) རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །(སོགས་ཚོགས་བསགས་སྔོན་དུ་འགྲོ་བས། རྣལ་འབྱོར་རྒྱུན་གྱི་ཉམས་ལེན་ལྟར། གཙོ་སྔགས་བརྒྱ་ཕྲག་གསུམ་དང་། ཁྲོ་བོ་སྤྱི་འདུས་ཀྱི་སྙིང་པོ་བརྒྱ་རྩ་གཅིག །ལས་སྦྱོར་དྲག་སྔགས་སོ་ལྔ་པ་སུམ་ཅུ་ཙམ་བཟླས་ལ། བསྡུ་ལྡང་བར་བྱ། ས་ལྷའི་མཆོད་པ་རྣམས་)ཨ་མྲྀ་ཏ(ས་བསང་།) རཾ་ཡཾ་ཁཾ་(གིས་སྦྱང་།) ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷྲཱུཾ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་(3བ)ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ། དྷུ་པེ། ཨཱ་ལོ་ཀེ ། གནྔྷེ། ནཻ་ཝི་དྱེ། ཤཔྡ་པཱུ་ཛ་ས་མ་ཡ་ཧཱུཾ༔ (ཞེས་དང་།) གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོ་དཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ། (ལན་གསུམ་རྒྱ་དང་བཅས་པས་བརླབ།) བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ (ཞེས་རྡོ་རྗེ་བསྡུ་བའི་རྒྱ་དང་བཅས་སྤྱན་དྲངས།) ཨོཾ་བཛྲ་ཨརྒྷཾ་(ནས།) ཤཔྡ་པྲ་ཏཱཙྪ་སྭཱ་ཧཱའི་(བར་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད། རྡོར་ཐལ་ཕྱེ་བས།) བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། (ལན་གསུམ་གྱིས་གཏོར་མ་ཕུལ་ལ།) ཧཱུྃ༔ དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང་༔ གངས་རི་གཡའ་རྩེ་ལུ་མ་སྐྱེད་མོས་ཚལ༔ མཚོ་རྗིང་ལྟེང་ཀ་སོ་སོའི་གནས་རྣམས་ནས༔ ལྷ་ཀླུ་ས་བདག་གནས་འདིར་སྤྱན་འདྲེན་གྱི༔ འཛམ་གླིང་གྲུ་བཞིར་སྒྲུབ་པའི་ས་བསླང་ཕྱིར༔ ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཏེ༔ བྱིན་རླབས་བསྔོས་པའི་གཏོར་མ་འདི་བཞེས་ལ༔ རིན་ཆེན་གཏེར་(4ན)གྱི་ས་འདི་སྩལ་དུ་གསོལ༔ སྔོན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སངས་རྒྱས་པ་དང་བདུད་སྡེ་བཞི་བཏུལ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ས་གཞི་རིན་པོ་ཆེའི་སྟེང་དུ་མཛད་པ་ལགས་པས༔ དེ་དང་རྗེས་སུ་མཐུན་པར་བདག་ཅག་སྒྲུབ་པ་པོ་རྣམས་ཀྱིས་ཀྱང་༔ ཚོགས་ཆེན་པོ་གཉིས་རྫོགས་པར་བགྱི་བའི་སླད་དུ་གནས་འདིར་མི་གནས་པའི་དཔལ་ཆེན་པོ་རྒྱལ་བ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རིག་འཛིན་དང་བཅས་པའི་ཕོ་བྲང་འདེབས་པར་འཚལ༔ ས་བདག་ལྷ་ཀླུ་སའི་ལྷ་མོ་དང་བཅས་པ་ཀུན་ས་གླུད་ཆེན་པོ་འདི་ཁྱེར་ལ་བདག་གིས་སྒྲུབ་པ་འདི་དབུ་གཙུགས་ནས་མཇུག་མ་ཐོན་གྱི་བར་དུ་གནས་གཞན་དུ་སྤོས་ཏེ་ས་གཞི་ཡང་བརྟན་ཅིང་བཀྲ་ཤིས་པར་མཛད་དུ་གསོལ༔ (ཞེས་འདོད་དོན་གསོལ་ནས།) བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ༔ གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་(བསམ་ཞིང་འཇམ་རོལ་དང་བཅས་གཏོར་མ་དང་གསེར་སྐྱེམས་ཕྱིར་འབུལ། མཆོད་པ་རྣམས་བསྡུའོ། །) (གསུམ་པ་ས་དབང་དུ་བྱ་བ་ནི། སྟེགས་(4བ)བུའི་མདུན་ནས་སློབ་དཔོན་གྱིས་དབང་མཆོག་གི་ཕུར་པ་བཟུང་ལ།) བདག་ཉིད་ཆེ་མཆོག་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཕུར་བུ་ལ་ཐིམ། དེ་ཉིད་དཔལ་རྟ་མགྲིན་གྱི་སྐུར་གྱུར་པར་(བསམ་ལ།) ཧཱུྃ་པདྨནྟ་ཀྲིཏ་ཧཱུྃ་ཕཊ། (ཅེས་བཏབ་སྟེ་ལན་བདུན་བཟླས་པས།) ཕུར་བུ་ལས་བྱུང་བའི་འོད་ཟེར་དམར་པོས་ས་གཞི་ཐམས་ཅད་ཁྱབ། བདག་གི་དབང་དུ་གྱུར་པར་(བསམ་མོ། །) (བཞི་པ་ས་སྦྱོང་བ་ལ། སྔགས་དང་ཕྱག་རྒྱས་སྦྱོང་བ་ནི། སློབ་དཔོན་གྱི་ལག་གཡས་རྡོ་རྗེ་རྩེ་ལྔ་པར་བསམས་ནས་ཕྱག་རྡོ་རྗེ་དང་བཅས་སྟེགས་བུའི་སྟེང་དུ་བཞག །ཐམས་ཅད་ཀྱིས་རྡོ་རྗེ་དང་བཅས་ལག་གཡས་ས་ལ་རེག་པའི་ཚུལ་བྱས་ནས།) ཨོཾ་སྭ་བྷཱ་ཝ་ཤངྔྷ་སརྦ་སྭ་བྷཱ་ཝ་ཤུངྔྷོཉཧཾ། (ལན་གསུམ་གྱིས་ས་ལ་བསྣུན། ཏིང་ངེ་འཛིན་གྱིས་སྦྱོང་བ་ནི།) བདག་ཉིད་ཆེ་མཆོག་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཕྲ་མོ་གྲངས་མེད་པ་ཕྱོགས་བཅུར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེག་གཏོར་(5ན)སྦྱངས། དུར་ཁྲོད་རོལ་པའི་ཞིང་ཁམས་ཆེན་པོར་གྱུར་པར་(བསམ། བསྡུ་ན་དེ་ཙམ་གྱིས་ཆོག །ཅུང་ཟད་སྤྲོ་ན།) (ལྔ་པས་བསྲུང་བ་ནི། སེང་ལྡེང་གྱི་ཕུར་པ་ཅོད་པན་ཅན་བཅུ་འབྲུའི་སྣོད་དུ་བཙུགས་པ་སློབ་དཔོན་སྟེགས་བུའི་དབུས་ནས་ཞལ་ཤར་དུ་ཕྱོགས་པའི་མདུན་དང་། ཕུར་སྟེགས་ཨེ་བཅུ་རྣམས་ཕྱོགས་བཅུར་བཀོད།) བདག་གི་ཐུགས་ཀ་ནས་ཧཱུྃ་འཕྲོས། ཨོཾ་ཊཱ་ཀི་རཱ་ཛ་མ་ཧཱ་ཀྲོ་ངྷ་ཧཱུྃ་ཕཊ། ཅེས་བརྗོད་པས་ཁྲོ་བོ་ལྕགས་ཀྱུ་དང་ཐོ་བ་ཐོགས་པ་སྤྲོས། ཕྱོགས་སྐྱོང་བཅུ་བཀུག་ནས་ཐོ་བས་བསྣུན་ཏེ་གཟིར། ཨེ་བཅུར་བཀོད་པར་གྱུར། ཡང་རང་གི་ཐུགས་ཀ་ནས་ཧཱུྃ་ཡིག་བཅུ་སྤྲོས་པ་ལས་ཕུར་བུ་རྣམས་ཁྲོ་བོ་བཅུ་སྐུ་སྨད་ཕུར་བུའི་དབལ་ཅན་དུ་གྱུར། ཧཱུྃ་(བཅུ་བརྗོད།) ཕྱོགས་བཅུའི་བགེགས་རྣམས་ཀྱི་སྙིང་གར་བཏབ་པར་གྱུར། སློབ་དཔོན་གྱིས་(ཕྱག་གཡས་ཐོ་བ་དང་། གཡོན་པ་ས་སྟེང་གི་ཁྲོ་བོའི་ཕུར་པ་སོགས་རིམ་བཞིན་ཐོགས་ལ།) ཨོཾ་བཛྲ་ཀྲོ་ངྷ་ཧཱུྃ་ཀ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ཨོཾ་གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚཾ་ཧཱུྃ་ཕཊ། ཀཱི་ལི་ཀཱི་ལ་ཡ་ས་སརྦ་པཱ་པཾ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་ངྷ་རོ་ཨ་ཛྙཱ་པ་ཡ་ཏི་(5བ)སརྦ་བི་གྷྣཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ༔ (དེས་འགྲེས་ཏེ་ཁྲོ་བཅུའི་སྙིང་པོ་སོ་སོར་ལས་སྔགས་བཏགས་པ་བརྗོད་ཅིང་འབར་བའི་སྟངས་སྟབས་དང་བཅས་སྟེང་གི་ཕུར་པ་ཤར་གྱི་ཤར་དང་། ཕྱོགས་བཞི་ཤར་ནས་གཡས་སྐོར། མཚམས་བཞི་བྱང་ཤར་ནས་གཡོན་བསྐོར། འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གདབ་ཅིང་།) ཕྱོགས་བཅུར་ཕུར་བུ་བཏབ་པས་དེ་བས་བྱུང་བའི་ཡེ་ཤེས་ཀྱི་མེ་དཔུང་ཕྱོགས་ཐམས་ཅད་དུ་ཁྱབ་པར་འབར་བས་བགེགས་རྣམས་བསྲེགས་ཤིང་མི་གནས་པར་གྱུར་པར་(བསམ། སྐབས་འདིར་སྤྱི་བཤགས་བྱ་བར་གསུངས་པས་ན། སཱཙྪ་གདབ་པ། སྲོག་བསླུ། ཉེའུ་འདོན། བཤགས་སྐོང་དང། སྦྱིན་སྲེག ། མགྲོན་བཞི་ལ་མཆོད་སྦྱིན་ཅི་འབྱོར་དང་། གཟུངས་མདོ་སྒྲོགས། ཁྱད་པར་གནས་ཁང་གི་ཤར་དུ་ཤེར་ཕྱིན། ལྷོར་སྟོབས་པོ་ཆེ། ནུབ་ཏུ་ལང་གཤེགས། བྱང་དུ་ཏོག་གཟུངས་རྣམས་འདོན་པ་སོགས་དགེ་བའི་དཔུང་བསྐྱེད་པའི་ཕྱིར་རང་ངམ་གཞན་གྱིས་ཀྱང་ཅི་འགྲུབ་ཏུ་བྱའོ། །) (གཉིས་པ་མཚམས་བཅད་པ་ལ་གསུམ། ཕྱི་མཚམས། བར་མཚམས། ནང་མཚམས་སོ། །དང་པོ་ཕྱི་མཚམས་ནི། སྒྲུབ་ཁང་གི་ཕྱོགས་བཞིར་ཐོ་བཞི་ལ་རྒྱལ་ཆེན་སོ་སོའི་སྐུ་རྟེན་རྒྱལ་མཚན་དང་བཅས་པ་བཙུགས་པའི་མདུན་དུ་སྟེགས་བུ་ཁེབས་ལྡན་གྱི་ཁར་མེ་ཏོག་ཚོམ་བུའི་སྟེང་དུ་གཏོར་མ་(6ན)དཀར་ཟླུམ་མདུན་དུ་མཐེབ་ཀྱུ་རིལ་བུས་མཚན་པ་རེ་དང་། དེའི་མདུན་དུ་གཡོན་ནས་བརྩམས་པའི་ཆུ་གཉིས་ཉེར་སྤྱོད་ལྔ་དང་བཅས་པ་བཤམས། སློབ་དཔོན་འདུས་པ་བཅས་རོལ་ཆ་དང་སེར་སྦྲེང་གིས་ཤར་གྱི་ཐོ་རྩར་འཁོད་ལ། མཆོད་པ་དང་གཏོར་མ་བསང་སྦྱང་བྱིན་རླབས་གོང་གིས་ལྷའི་སྐབས་ལྟར་བྱ། ཐོ་སྐུ་རྟེན་དང་བཅས་པ་)ཨ་མྲྀ་ཏས་བསང་། སྭ་བྷཱ་ཝ(ས་སྦྱང་།) རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ(ས་སྤྱན་དྲངས།) ཛཿཧཱུྃ་བཾ་ཧོཿ(ས་རྟེན་ལ་བསྟིམ།) ཨོཾ་ཌྷིཥྚ་རཱཥྚ་ཧཱུྃ་ཛཿ (ལན་ཉེར་གཅིག་གི་མཐར།) ཨོཾ་བཛྲ་ཨརྒྷཾ་(ནས།) ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱའི་(བར་གྱི་མཆོད། རྡོར་ཐལ་ཕྱེ་རྒྱས་སྙིང་པོའི་མཐར།) བ་ལིཾ་ཏ་ནཱ་ནཱ་ཁ་དུནྟུ་གྲྀཧྞ་ཧཱུྃ་ཁཱ་ཧི་ཁཱ་ཧིཿ (ཞེས་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ།) ཧཱུྃ༔ རི་རབ་གླིང་བཞིའི་ཤར་ཕྱོགས་ནས༔ ཕྱག་ན་རྡོ་རྗེ་དབང་གི་མཐུས༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་པ་རྣམས་མཚམས་ཅོད་ཅིག༔ དཔལ་ལྡན་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ (6བ)ཞི་བའི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་དཀར༔ ཐུགས་རྗེའི་དབང་གིས་འགྲོ་དོན་པི་ཝང་བསྣམས༔ ཤར་ཕྱོགས་དྲི་ཟའི་འཁོར་ཚོགས་མཚམས་ཆོད་ཅིག༔ (ཅེས་ཕྲིན་ལས་གསོལ་བས་སྲུང་བའི་ལས་མཛད་པར་བསམ་ཞིང་།) ཏིཥྛ་བཛྲ༔ (ཞེས་མེ་ཏོག་འཐོར་ལ་བརྟན་བཞུགས་བྱ། དེ་ནས་ལྷོའི་མཆོད་གཏོར་སྔར་ལྟར་བྱིན་གྱིས་བརླབ། ཐོ་བསང་སྦྱང་།) རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ(ས་སྤྱན་དྲངས།) ཛཿཧཱུྃ་བྃ་ཧོཿ(ས་བསྟིམ།) ཨོཾ་བཻ་རུ་དྷ་ཀ་ཧཱུྃ་ཛཿ (ལན་ཉེར་གཅིག་དང་།) ཨོཾ་བཛྲ་ཨརྒྷཾ་(སོགས་ཀྱིས་མཆོད། སྙིང་པོའི་མཐར།) བ་ལིཾ་ཏ་(སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ།) ཧཱུྃ༔ རི་རབ་གླིང་བཞིའི་ལྷོ་ཕྱོགས་ནས༔ ཕྱག་ན་རྡོ་རྗེའི་དབང་གི་མཐུས༔ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ མངོན་སྤྱོད་ཚུལ་གྱིས་འགྲོ་དོན་མཐར་ཕྱིན་སྐུ༔ དུག་གསུམ་(7ན)འཇོམས་པའི་བེ་ཅོན་རལ་གྲི་བསྣམས༔ ལྷོ་ཕྱོགས་གྲུལ་བུམ་འཁོར་ཚོགས་མཚམས་ཆོད་ཅིག༔ (ཅེས་དང་།) ཏིཥྛ་བཛྲ(ས་བརྟན་བཞུགས་བྱ། དེ་ནས་ནུབ་ཀྱི་མཆོད་གཏོར་སྔར་ལྟར་བྱིན་གྱིས་བརླབ། ཐོ་བསང་སྦྱང་།) རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ(ས་སྤྱན་དྲངས།) ཛཿཧཱུྃ་བྃ་ཧོཿ(ས་བསྟིམ།) ཨོཾ་བཻ་རཱུ་པཱཀྵ་ཧཱུྃཛཿ (ལན་ཉེར་གཅིག་དང་།) ཨོཾ་བཛྲ་ཨརྒྷཾ་(སོགས་ཀྱིས་མཆོད། སྙིང་པོའི་མཐར།) བ་ལིཾ་ཏ་(སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ།) ཧཱུྃ༔ རི་རབ་གླིང་བཞིའི་ནུབ་ཕྱོགས་ནས༔ ཕྱག་ན་རྡོ་རྗེའི་དབང་གི་མཐུས༔ རྒྱལ་པོ་ཆེན་པོ་སྤྱན་མི་བཟང་༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་༔ དབང་དྲག་དམར་སྨུག་འབར་བ་འཇིགས་པའི་སྐུ༔ བསོད་ནམས་ཚོགས་རྫོགས་རིན་ཆེན་སྦྲུལ་ཞགས་བསྣམས༔ ནུབ་ཕྱོགས་ཀླུ་དབང་འཁོར་ཚོགས་མཚམས་ཆོད་(7བ)ཅིག༔ (ཅེས་དང་།) ཏིཥྛ་བཛྲ(ས་བརྟན་བཞུགས་བྱ། དེ་ནས་བྱང་གི་མཆོད་གཏོར་སྔར་ལྟར་བྱིན་གྱིས་བརླབ། ཐོ་བསང་སྦྱང་།) རང་གི་ཐུགས་ཀ་ནས་འདོ་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ(ས་སྤྱན་དྲངས།) ཛཿཧཱུྃ་བྃ་ཧོཿ(ས་བསྟིམ།) ཨོཾ་བཻ་ཤྲ་མ་ཎ་ཧཱུྃ་ཛཿ (ཞེས་ལན་ཉེར་གཅིག་དང་།) ཨོཾ་བཛྲ་ཨརྒྷཾ་(སོགས་ཀྱིས་མཆོད། སྙིང་པོའི་མཐར།) བ་ལིཾ་ཏ་(སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ།) ཧཱུྃ༔ རི་རབ་གླིང་བཞིའི་བྱང་ཕྱོགས་ནས༔ ཕྱག་ན་རྡོ་རྗེའི་དབང་གི་མཐུས༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ཆེ་བའི་ཡོན་ཏན་ལོངས་སྤྱོད་མཐར་ཕྱིན་སྐུ༔ རིན་ཆེན་གཏེར་ལྡན་ནེའུ་ལེ་བེ་ཅོན་རྣམས༔ བྱང་ཕྱོགས་གནོད་སྦྱིན་འཁོར་ཚོགས་མཚམས་ཆོད་ཅིག༔ (ཅེས་དང་།) ཏིཥྛ་བཛྲ(ས་བརྟན་བཞུགས་བྱའོ། །) (གཉིས་པ་བར་མཚམས་ལ་གཉིས་ཀྱི། དང་པོ་དམ་སྲི་མནན་པ་ནི། དུག་ཤོག་ལ་དམ་སྲིའི་ལིངྒ་(8ན)སྤྱི་མཐུན་གྱི་སྙིང་གར་ཏྲིའི་མཐར། ཡ་མ་དམ་སྲི་གམ་པ་རི་མཱ་ར་ཡ་ཛ༔ ཞེས་བྲིས་ལ་དུག་ཁྲག་བྱུག་པ་བྲུབ་ཁུང་དུ་བཀོད་ནས་བསྐུལ་གསེར་སྐྱེམས་གཟུ་དཔང་དམིགས་བྱ་འགུགས་བསྟི་མཐུན་གྱིས་བྲབ་ནས་མནན་ཐོད་དུ་གཞུག་པ་རྣམས་སྔ་ཉིན་ནས་རྡོ་རྗེ་མཚམས་པ་སོགས་ཀྱིས་གྲུབ་པ་ཡོད་ན་དང་། མ་གྲུབ་ན་ལིང་རྐྱང་སྒྲུབ་ཁང་གི་སྒོ་དྲུང་དུ་དོང་གྲུ་གསུམ་བྲུས་པའི་ནང་དུ་བཀོད་ལ། སློབ་དཔོན་གྱིས་གསེར་སྐྱེམས་ཐོགས་ཏེ།) རྃ་ཡྃ་ཁྃ། འདོད་ཡོན་ཟག་པ་མེད་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། (ཞེས་བྱིན་གྱིས་བརླབས་ནས།) ཧཱུྃ༔ བྱིན་རླབས་མཆོག་རྩོལ་རྩ་བརྒྱུད་བླ་མ་དང་༔ ཡི་དམ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ལྷ༔ སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ལ༔ གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད༔ མཐུ་སྟོབས་དབང་ཕྱུག་མ་མགོན་ལྕམ་དྲལ་དང་༔ དྲེགས་པའི་སྡེ་དཔོན་ཆེན་པོ་སུམ་ཅུ་སོགས༔ ཡེ་ཤེས་ལས་ལས་གྲུབ་པའི་དམ་ཅན་ལ། གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད༔ ཕྱི་ནང་གསང་བ་གབ་སྦས་བསྟན་པ་སྐྱོང་༔ དྲེགས་པ་སྡེ་བརྒྱད་ཡུལ་ལྷ་(8བ)གཞི་བདག་སོགས༔ སྲིད་གསུམ་འབྱུང་པོ་མཐུ་སྟོབས་ཅན་རྣམས་ལ༔ གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད༔ ( ཅེས་གསེར་སྐྱེམས་བཏང་།) ཨེ་ཡཾ་རཾ་ཛྭ་ལ་རཾ༔ བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར༔ ན་མོ། རིག་འཛིན་རྩ་བརྒྱུད་(སོགས་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས།) ཁྱད་པར་བཅོམ་ལྡན་འདས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་མ་རུང་པའི་སེམས་ཅན་ཡ་མ་དམ་སྲི་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག༔ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ (ཞེས་དགུག་གཞུག་བྱས་ནས། ཕུར་ཆུང་གཅིག་མི་གཡོ་བར་བསྐྱེད་པ་སློབ་དཔོན་གྱི་ཕྱག་ཏུ་ཐོགས་ལ།) ཨོཾ་བཛྲ་ཀྲོ་ངྷ་ཨཱརྻ་ཨ་ཙ་ལ་ཧཱུྃ་བྷནྔྷ་བྷནྔྷ་ཧཱུྃ་ཕཊ༔ (ཅེས་ཚར་གསུམ་གྱིས་གཟི་བྱིན་བསྐྱེད་ནས།) ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་མཆོག་འདིར༔ སྒྲུབ་པའི་བར་ཆད་བྱེད་པའི་བགེགས༔ བཀའ་ལས་འདས་པའི་(9ན)དམ་སྲི་རྣམས༔ བསད་ཅིང་མནན་པའི་དུས་ལ་བབ༔ ཧཱུྃ་མཛད་ཧཱུྃ་གི་ཁྲོ་བོ་ཨཱརྻ་ཨ་ཙ་ལ༔ སྤྲུལ་པའི་འོད་ཟེར་རྔམས་བརྗིད་དགྲ་བགེགས་འདུལ༔ དུར་ཁྲོད་བགེགས་ཀྱི་ཚོགས་འཇོམས་བཛྲ་ཀཱི་ལ་ཡ༔ ཡ་མ་དམ་སྲི་ཐལ་བའི་རྡུལ་དུ་རློག༔ ཨཱརྻ་ཨ་ཙ་ལ་དམ་སྲི་བྷནྔྷ་བྷནྔྷ་མཱ་ར་ར་ཡ་ཧཱུྃ་ཕཊ༔ (ཅེས་མནན་ཐོད་དམ་ལིངྒ་ལ་སློབ་དཔོན་གྱིས་སྐྱེར་པའི་ཕུར་ཆུང་བཏབ། ཐུན་རྫས་ཀྱིས་བྲབ། མནན་ཆས་དོང་ནང་དུ་བསྐྱུར། རོ་གཡམ་ལ་རི་གླིང་དང་རྡོ་རྗེ་རྒྱ་གྲམ་བྲིས་པས་བཀབ་པའི་སྟེང་སཱཙྪ་ནག་པོས་མནན་རྗེས། ཐམས་ཅད་ཀྱིས་)ཨཱརྻ་ཨ་ཙ་ལའི་(སྔགས་བརྗོད་བཞིན་པས་ས་ཆུ་མེ་རྣམས་ཀྱིས་རྒྱས་གདབ་ནས་མི་མངོན་པར་བྱས་ལ། སློབ་དཔོན་གྱི་རྡོ་རྗེ་རྒྱ་གྲམ་དུ་མནན་ལ།) ཧཱུྃ༔ རི་རབ་ཆེན་པོའི་རྨང་དུ་མནན༔ རྒྱ་མཚོ་ཆེན་པོའི་གཏིང་དུ་བསྐྱུར༔ གཤིན་རྗེ་ནག་པོའི་ལག་ཏུ་གཏད༔ ཆུ་སྲིན་གདུག་པའི་ཁ་རུ་བརྫང་༔ འཁོར་ལོ་འབར་བའི་ཕྱག་རྒྱས་མནན༔ བདུན་བརྒྱུད་རིགས་ནི་བརླག་པར་འགྱུར༔ ནམ་ཡང་ལྡང་བར་མི་ནུས་སོ༔ བྱང་ཆུབ་སེམས་ནི་སྐྱེས་ན་བཏང་༔ (9བ) (ཞེས་བརྗོད་ཅིང་དོན་བསམ། དེའི་སྟེང་དུ་ཐམས་ཅད་ཀྱིས་སུམྦྷ་ནི་བརྗོད་བཞིན་དུ་ལག་པ་ལུག་རྒྱུད་དུ་སྦྲེལ་ནས་ལས་བྱང་ལྟར་བྲོ་བརྡུང་ངོ་། །) (གཉིས་པ་སྒོ་བྱང་གདགས་པ་ནི། ར་སོག་གམ་རོ་རས་ལ་གཤིན་རྗེའི་སྐུ་མངོན་རྟོགས་ལྟར་བྲིས་པའི་རྒྱབ་ཏུ་སྙིང་པོ་དང་འདོད་གསོལ་བཅས་བྲིས་པ་སྒོའི་ཡ་ཐེམ་གྱི་ཕྱི་ངོས་སུ་བཏགས་པའི་མདུན་དུ་གཏོར་མ་གྲུ་གསུམ་དམར་པོ་མཐེབ་རིལ་གྱིས་མཚན་པ་དང་ཆུ་གཉིས་ཉེར་སྤྱོད་བཅས་བཤམས་པ་སྔར་ལྟར་བྱིན་གྱིས་བརླབ། སྐུ་རྟེན་)ཨ་མྲྀ་ཏ(ས་བསང་།) སྭ་བྷཱ་ཝ(ས་སྦྱང་།) སྟོང་པའི་ངང་ལས་ཧཱུྃ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མཐིང་ནག་འཁོར་ལོ་དང་ཐོད་དབྱུག་འཛིན་པ་ཁྲོ་གཏུམ་འཇིགས་པའི་ཆས་ཅན་མ་ཧེ་ལ་དོར་སྟབས་ཀྱིས་གནས་པའོ། །ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ (ཞེས་དྲངས་བསྟིམ་བྱ།) ཨོཾ་བཛྲ་ཀརྨཱ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ (ཅེས་ཉེར་གཅིག་བཟླ།) ཨོཾ་བཛྲ་ཨརྒྷཾ་(ནས།) ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱས་(མཆོད་ལ། རང་སྔགས་ཀྱི་མཐར་)བ་ལིཾ་ཏ་ནཱ་ནཱ་ཁཱ་དནྟུ་གྲྀཧྞ་ཧཱུྃ་ཁཱ་ཧི་ཁཱ་ཧིཿ (ཞེས་ལན་གསུམ་གྱིས་རྡོར་ཐལ་ཕྱེ་རྒྱས་གཏོར་མ་ཕུལ་ནས་ཕྲིན་ལས་གསོལ་བ་ནི།) ཧཱུྃ༔ གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས༔ ལས་ཀྱི་གཤིན་(10ན)རྗེའི་བདག་པོ་ལ༔ བཅོམ་ལྡན་ཆོས་རྗེས་བཀའ་སྩལ་ལྟར༔ དེ་བཞིན་རིག་འཛིན་སྒྲུབ་པ་པོས༔ བཀའ་གསང་གཞུང་ཆེན་འདི་བསྒྲུབས་ནས༔ ཡང་དག་དོན་ཆེན་དེང་སྒྲུབ་ན༔ འདི་ལ་གནོད་ཅིང་བར་གཅོད་པ༔ ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན༔ ཁྱོད་ཀྱི་འཁོར་དང་གཡོག་ལགས་པས༔ རྣམ་པར་སྨིན་པའི་ཆོས་ཤོད་ལ༔ གསང་བ་མཆོག་གི་རྣལ་འབྱོར་པས༔ བླ་མེད་འབྲས་བུ་མ་ཐོབ་བར༔ ས་འདི་ཡན་ཆད་མ་བཏང་བར༔ ཕྱི་འཁོར་སྐྱོང་བའི་མུ་རན་ལ༔ རྡོ་རྗེའི་ཡལ་གམ་ཐུབ་པར་མཛོད༔ ཨོཾ་བཛྲ་ཡ་མ་རཱ་ཛ་ས་མ་ཡ་སྟྭཾ༔ (ཞེས་རྟེན་ལ་མེ་ཏོག་འཐོར་ནས་བརྟན་བཞུགས་བྱ། སྒོ་ཐེམ་གྱི་ནང་དུ་བྲུབ་ཁུང་ཞིག་གི་ནང་དུ་ཟན་ལིང་ལ་སེང་ལྡེང་ངམ་སྐྱེར་པའི་ཕུར་བུའི་དབལ་ལ་མི་གཡོ་བའི་སྔགས་དང་། མགུལ་དུ་རྒྱ་ཤོག་ལ། སྒོ་འདི་ཡན་ཆད་སུའང་མ་འདའ་ཞིག༔ ཅེས་བྲིས་ཏེ་བཏགས་པ་བཏབ།) སྒོ་འདི་ཡན་ཆད་སུའང་མ་འདའ་ཞིག༔ (ཅེས་བརྗོད།) (གསུམ་པ་ནང་མཚམས་ལའང་གཉིས་ལས། དང་པོ་མ་ཏྲཾ་བསྒྲལ་བ་ནི། དཀྱིལ་འཁོར་གྱི་གཞིར་མ་ཏྲཾ་གི་གཟུགས་བརྙན་(10བ)མགོ་ལྷོ་ནུབ་ཏུ་བསྟན་པ་གན་རྐྱལ་དུ་བཞག ། སྟེགས་བུའི་ཤར་ངོས་སུ་སློབ་དཔོན་ཞལ་ནུབ་བསྟན་གྱིས་ཕྱག་ཏུ་གཡབ་དར་དང་དྲིལ་བུ་བསྣམས་ནས།) ཨོཾ་བཛྲ་ཀྲོ་ངྷ་མ་ཧཱ་ཤྲཱི་ཧེ་རུ་ཀོཉཧཾ། བདག་ཉིད་བཛྲ་ཧེ་རུ་ཀའི་སྐུར་གྱུར། (ཞེས་བརྗོད་ཅིང་། སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ།) མ་ཏྲཾ་ཀ་རུ་དྲ་ཛཿ (ལན་བདུན་བརྗོད།) ན་མོ། རིག་འཛིན་རྩ་བརྒྱུད་(སོགས་བདེན་སྟོབས་བརྗོད་པ་སྔོན་འགྲོས།) བདེན་པ་ཆེན་པོས་བྱིན་གྱི་རླབས་ཀྱིས་རྣམ་པ་མ་ཏྲཾ་རུ་དྲ། ངོ་བོ་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་མ་ཏྲཾ་རུ་དྲ་ཨཱ་ཀརྵ་ཡ་ཛ༔ ཏྲི་ཡཾ་ཛཿ ཛཿཧཱུྃ་བྃ་ཧོཿ (ཞེས་བཀུག་སྟེ་གཟུགས་ལ་བསྟིམ་ནས།) ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ སྔོན་ཡང་སྒྲུབ་པ་ཀུན་ལ་བསྒྲིབས༔ སྔོན་ཚེ་དཔལ་ཆེ་ན་ཧེ་རུ་ཀས༔ བསྒྲལ་ནས་དུར་ཁྲོད་ཆེན་པོར་བྱས༔ ཁུངས་དང་རྫས་བཅས་གང་ལས་བྱུང་༔ ཁུངས་དང་རྫས་བཅས་བདག་ལས་བྱུང་༔ བདག་མེད་སྟོང་པའི་ཐོ་བས་གཞོམ༔ ཨོཾ་མ་ཧཱ་ཤུནྱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། མ་ཏྲཾ་རུ་དྲ་ཛཿ(11ན)ཨཱ་ཀརྴ་རུ་དྲ་ཛཿ ཁ་ཏྲང་རུ་དྲ་ཛཿ (ཞེས་པས་ཆོས་དང་གང་ཟག་གི་བདག་རྟག་ཅིང་ཆད་པར་ལྟ་བ་རྣམས་གཞོམ་པའི་དོན་དུ། མ་ཏྲཾ་གི་གཟུགས་དེ་ཉིད་སློབ་དཔོན་གྱི་ཞབས་གཡས་པའི་དོར་སྟབས་ཀྱིས་མནན་ལ།) ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ རོལ་པའི་སྟབས་ཀྱིས་མནན་པ་ནི༔ འཇིགས་བྱེད་ཆེན་པོ་ཧེ་རུ་ཀས༔ མགོ་ནི་ལྷོ་ནུབ་མཚམས་སུ་བསྟན༔ རྐང་པ་བྱང་ཤར་མཚམས་སུ་བསྟན༔ ཁྲོ་རྒྱལ་ཞབས་ནི་གཡས་གཡོན་གྱིས༔ གྱད་ཀྱི་དོར་སྟབས་ཚུལ་དུ་མནན༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་དྲི་ཤྱ་ཧོཿ ས་མ་ཡ་སྟྭཾ༔ མ་ཧཱ་དེ་བ་རུ་དྲ་ཛཿཛཿ་ཧཱུྃ༔ (ཞེས་ལན་བདུན་བཟླ་ཞིང་། ཐམས་ཅད་ཀྱི་ལག་གཡས་ཀྱི་སོར་མོ་གསུམ་སྦྲེང་བ་ཁ་ཊྭཱྃ་གི་རྒྱས་སྙིང་གར་བསྣུན་ཚུལ་བྱས་ལ། གཟུགས་ཕུང་ཧྲུལ་གྱིས་ཞིགཿ མ་རིགས་སྒོ་ལྔའི་སྦུབ་བྲལ༔ རྣམ་ཤེས་ཏྲི་ནག་པོར་གནས་པ་ཐུགས་ཀའི་འོད་ཀྱིས་སྦྱངས་པས་ཧཱུྃ་ཡིག་དཀར་པོར་གྱུར་པ་བདག་གི་ཐུགས་ཀར་ཐིམ་ནས་གཉིས་སུ་མེད་པར་གྱུར་པར་བསམ། ལས་རྡོར་གྱིས་མ་ཏྲཾ་གི་ལྷུ་ཚིག་སོ་སོར་ཕྲལ་ནས། སྟེགས་བུའི་ལྷོ་ནུབ་ཏུ་མགོ། ནུབ་(11བ)ཏུ་སྙིང་༔ ནུབ་བྱང་དུ་ལག་གཡོན། བྱང་དུ་རྐང་གཡོན། བྱང་ཤར་དུ་གསང་གནས། ཤར་དུ་རྐང་གཡས། ཤར་ལྷོར་ལག་གཡས། ལྷོར་གློ་བ་སྟེ་ཕྱོགས་མཚམས་རྣམས་སུ་སོ་སོར་བཀོད། སློབ་དཔོན་ཤར་དུ་གནས་པས།) བྷྲཱུྃ་ཛྙཱ་ན་མཎྜལ་ལ་བྷྲཱུྃ། ཐུགས་ཀ་ནས་བྷྲཱུྃ་འཕྲོས་ཁོག་པ་ཐིམ་པས་ཁོག་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུར་ཁྲོད་བརྒྱད་རབ་མེད་དང་བཅས་པས་བསྐོར་བར་གྱུར། (ཐམས་ཅད་ཀྱི་ལག་གཡས་ཕྱི་དང་གཡོན་ནང་དུ་བྱས་པས་ཁུ་ཚུར་དཔུང་མགོར་བསྣོལ་ཞིང་།) ཧཱུྃ་པྲ་བེ་ཤ་ཕཊ༔ (ཅེས་ལན་བདུན་བཟླས་ནས་རྒྱ་བཀྲོལ་ཏེ།) དཀྱིལ་འཁོར་གྱི་སྒོ་ཤག་གིས་ཕྱེ་བར་གྱུར་པར་(བསམ་ལ། དེ་ནས་སློབ་དཔོན་རྡོ་རྗེའི་འགྲོས་གར་གྱིས།) ཧཱུྃ་ཧཱུྃ་ཧཱུྃ༔ ཧ་ཧ་ཧ་༔ ཕཊ་ཕཊ་ཕཊ༔ (ཅེས་བརྗོད་ནས་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་ནས། དཀྱིལ་འཁོར་གྱི་ནང་དུ་ཚུད་པར་གྱུར། ཞེས་བརྗོད་ལ་སྟེགས་བུའི་དབུས་ཀྱི་ཁྲིའུའི་ཁར་སློབ་དཔོན་ཞལ་ཤར་དུ་ཕྱོགས་པས་བཞུགས།) (གཉིས་པ་སྲུང་འཁོར་བསྒོམ་པ་ནི།) ཧཱུྃ༔ བདག་ཉིད་དཔལ་ཆེན་ཁྲག་འཐུང་ཐུགས་ཀ་ནས༔ (སོགས་ནས།) ཧ་ལ་ཧ་ལ་ཧཱུྃ་ཕཊ༔ (ཅེས་མཚམས་བཅད་དོ། །) (གསུམ་པ་རྟེན་གྱི་དཀྱིལ་(12ན)འཁོར་བཅའ་བ་ལ་གསུམ། ཆག་ཆག་གདབ་པ། ཐིག་ཚོན་གྱི་བྱ་བ། རྒྱན་དགོད་པའོ། །དང་པོ་ཆག་ཆག་གདབ་པ་ནི། བདུད་རྩི་ལྔ་ཆང་དང་སྦྱར་བས་དཀྱིལ་འཁོར་གྱི་གཞིར་བྱང་ཤར་ནས་གཡས་བསྐོར་དུ་ཁྱེམ་མེད་པར་བྱུགས་ཤིང་།) ཧཱུྃ༔ ཚེ་མཆོག་འཛིན་པའི་དངོས་གྲུབ་འདྲི༔ བྱང་ཆུབ་སེམས་ནི་དཀར་བས་ན༔ མཱཾ་ས་ཡོན་ཏན་ཀུན་དང་ལྡན༔ རཀྟ་ཆགས་པའི་གནས་ཆེན་པོ༔ བདུད་རྩི་གུར་གུམ་དྲི་ཡི་ཆུ༔ གདོད་ནས་དག་པའི་རྩ་བ་ལྔ༔ ཉོན་མོངས་དུག་ལྔ་འཁོར་བའི་རྒྱུ༔ ཡེ་ཤེས་རྣམ་ལྔར་བྱིན་བརླབས་ནས༔ དཀྱིལ་འཁོར་དགུ་རུ་ལྷུན་གྱིས་གྲུབ༔ ཨོཾ་མ་ཧཱ་ཧེ་རུ་ཀ་པཱཉྩ་ཨ་མྲྀ་ཏ་ཛྙཱ་ན་མཎྜ་ལ་ཧཱུྃ༔ (ཞེས་བརྗོད། གཉིས་པ་ཐིག་ཚོན་གྱི་བྱ་བ་ནི་ལོགས་སུ་སྨོས་པ་ལྟར་ལག་ཏུ་ལེན་ཅིང་། དཀྱུས་སུ་འཇུག་པ་བདེ་བའི་ཁྱད་ཀྱིས་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ན་ཚུལ་བཞིན་བྲིས་པའི་རས་བྲིས་ཀྱི་དཀྱིལ་འཁོར་དགྲམ། དེ་ཡན་ཆད་ནི་བསྙེན་པ་སྟེ་ནུབ་དང་པོའི་བྱ་བའོ། །) (གསུམ་པ་རྒྱན་དགོད་པ་ལ། ཐོག་མར་སྒྲུ་བརྟེན་དངོས་གྲུབ་ཀྱི་རྫས་རྣམས་སྔོན་ནས་ཉེར་བསྡོགས་བྱ་སྟེ། སྐུ་རྟེན་ཐོད་པ་མཚན་ལྡན་ལ་ཆེ་མཆོག་གི་(12བ)སྐུ་བྲིས་པ། གསུང་རྟེན་དར་དམར་ལ་སྔགས་བྱང་གསེར་གྱིས་བྲིས་པ། ཐུགས་རྟེན་གནམ་ལྕགས་རྡོ་རྗེ། ཡོན་ཏན་གྱི་བྷནྔྷ་བདུད་རྩི་ཆོས་སྨན་གྱིས་བཀང་བ། ཕྲིན་ལས་ཀྱི་རྟེན་ཕུར་པ་ཁྲོ་ཞལ་ཅན། བྷནྔྷར་མར་མེ་སྡོང་བུ་དགུ་བཙུགས་པ་རྣམས་དང་། རྒྱལ་མཚན། བ་དན། རལ་གྲི། མདའ་དར་བཅས་བཞི་རེ། ཚོན་སྐུད་ཀྱི་དྲྭ་བ་དང་། ཕྱི་ནང་མཆོད་རྫས་སོགས་སྟེགས་བུར་བཀོད། ཕྱི་ཉིན་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་འདུས་པ་རྣམས་ཞྭ་བཅས་བཞེངས་ལ།) ཧཱུྃ་ཧཱུྃ་བི་ཤྭ་བཛྲ་(སོགས་དང་།) སུམྦྷ་ནི་(བརྗོད་ཅིང་རོལ་མོ་བཅས་སློབ་དཔོན་གྱིས་ཡུངས་ཐུན་འཐོར། ལས་རྡོར་གྱིས་གུ་གུལ་བདུག་ལ་རྟེན་གྱི་བགེགས་བསལ། འདུས་པ་རྣམས་དཀྱིལ་འཁོར་ལ་ཕྱོགས་པར་ཁྲོམ་ཚོགས་སུ་གནས། རྡོ་རྗེ་སློབ་དཔོན་གྱིས་དྲིལ་སྤོས་བཅས་སྣ་དྲངས། རྒྱལ་ཚབ་པ། ཡུམ་བཟང་མོ། རྒྱལ་ཐེབས་སོགས་ཀྱིས་སྐུ་གསུང་ཐུགས་རྟེན་ནས་མཆོད་རྫས་བར་རིམ་པར་ཐོགས། ཆེ་མཆོག་གི་ཛཔྲ་དབྱངས་དང་འཇམ་རོལ་སྐབས་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་ནས་མདུན་དུ་འཁོད་ལ་དྲིལ་གདངས་བཅས།) ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་སྐུ་ནི་མཁའ་དང་མཉམ༔ ཕྱག་(13ན)རྒྱའི་རྟེན་དང་དབྱེར་མེད་བཞུགས༔ སྐུ་ཡི་བྱིན་རླབས་དངོས་གྲུབ་སྩོལ༔ (བསྙེན་སྒྲུབ་སྔགས་མཐར།) ཀཱ་ཡ་ཛྙཱ་ན་ས་མ་ཡ་སྟྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ (ཞེས་ཐོད་སྐུ་དཀྱིལ་འཁོར་གྱི་དབུས་སུ་རིན་པོ་ཆེའི་སྣོད་འབྲུས་བཀང་བ་ལ་བཞུགས་སུ་གསོལ།) ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་གསུང་དབྱངས་མི་ཤིགས་སྒྲ༔ སྔགས་ཀྱི་རྟེན་དང་དབྱེར་མེད་བཞུགས༔ གསུང་གི་བྱིན་རླབས་དངོས་གྲུབ་སྩོལ༔ (སྔགས་མཐར།) ཝཱ་ཀ་ཛྙཱ་ན་ས་མ་ཡ་སྟྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ (ཞེས་སྔགས་བྱང་རྒྱབ་ཏུ་དགོད།) ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་ཐུགས་ནི་འོད་གསལ་དབྱིངས༔ ཕྱག་མཚན་རྟེན་དང་དབྱེར་མེད་བཞུགས༔ ཐུགས་ཀྱི་བྱིན་རླབས་དངོས་གྲུབ་སྩོལ༔ (སྔགས་མཐར།) ཙིཏྟ་ཛྙཱ་ན་ས་མ་ཡ་སྟྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ (ཞེས་རྡོ་རྗེ་ཤར་དུ་དགོད།) ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་ཡོན་ཏན་ལྷུན་གྱིས་གྲུབ༔ བདུད་རྩིའི་རྟེན་དང་དབྱེར་མེད་བཞུགས༔ ཡོན་ཏན་བྱིན་རླབས་(13བ)དངོས་གྲུབ་སྩོལ༔ (སྔགས་མཐར།) གུ་ཎ་ཛྙཱ་ན་ས་མ་ཡ་སྟྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ (ཞེས་སྨན་ཐོད་ལྷོར་དགོད།) ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་ཕྲིན་ལས་ཐོགས་མེད་ཁྱད༔ ཕུར་པའི་རྟེན་དང་དབྱེར་མེད་བཞུགས༔ ཕྲིན་ལས་བྱིན་རླབས་དངོས་གྲུབ་སྩོལ༔ (སྔགས་མཐར།) ཀརྨ་ཛྙཱ་ན་ས་མ་ཡ་སྟྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ (ཞེས་ཕུར་བུ་བྱང་དུ་དགོད།) ཧཱུྃ༔ ཆོས་ཉིད་གཅིག་ལས་རིག་རྩལ་དགུ༔ གཟི་བརྗིད་སྒྲོན་མེ་འོད་གསལ་བ༔ དཔལ་ཆེན་ཀློང་དགུའི་རྟེན་དུ་བཞུགས༔ ཡེ་ཤེས་བྱིན་རླབས་དངོས་གྲུབ་སྩོལ༔ (སྔགས་མཐར།) དཱི་པཾ་ཛྙཱ་ན་དྷཱ་ཏུ་ས་མ་ཡ་སྟྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ (ཞེས་བྷནྔྷའི་མར་མེ་དབུས་ཀྱི་ཐོད་སྐུའི་མདུན་དུ་དགོད།) ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་གཞལ་ཡས་ཕོ་བྲང་ནི༔ མཉམ་ཉིད་དོན་གྱི་ཁྱད་པར་དབྱེར་མེད་ཀྱང་༔ ཀུན་རྫོབ་རིགས་ལ་ཕྱི་ནང་བྱེ་བྲག་གསལ༔ མ་འདྲེས་ཁ་དོག་སོ་སོར་གསལ་བཀྲ་ཞིང་༔ ཁྱད་པར་ཡོན་ཏན་མཛེས་པའི་རྒྱན་བྲེས་པས༔ ཕྱོགས་བཞི་མཚམས་(14ན)དང་སྟེང་འོག་ཐམས་ཅད་དུ༔ ཕོ་བྲང་རྒྱན་དང་ལྡན་པར་བཞུགས་སུ་གསོལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་ཏྲཾ་ས་མ་ཡ་ལྷན༔ (ཞེས་ཕྱོགས་བཅུར་ཕུར་བུ། ཕྱོགས་བཞིར་རལ་གྲི་དང་འཕན་བཞི། མཚམས་བཞིར་མདའ་དར་དང་རྒྱལ་མཚན་བཞི་བཙུགས་ལ་ཚོན་སྐུད་ཀྱི་དྲྭ་བས་སྦྲེལ་བའམ། སྒབ་སྐོར་དང་གདུགས་ལ་སོགས་པས་བརྒྱན། དེ་རྒྱབ་དཀྱིལ་འཁོར་ཤར་དུ་ཆུ་གཉིས་ཉེར་སྤྱོད། ལྷོར་འདོད་ཡོན་ལྔ། བྱང་དུ་དྲག་པོའི་ཉེར་སྤྱོད་རྣམས་གཡས་སྐོར། ནུབ་ཏུ་དཀྱིལ་འཁོར་ལྷའི་འདས་གཏོར་དམར་པོ་གཙོ་འཁོར་དགུ་པ་སོ་སོའི་མདུན་དུ་མཐེབ་ཀྱུ་གྱེན་ལངས་རེ་སྦྱར་བ་རྩེ་ཁྲོམ་ཅན། གཡས་གཡོན་དུ་ཆོས་སྐྱོང་སྤྱི་སྒེར། གཏེར་སྲུང་དང་གཞི་བདག་སྤྱི་གཏོར། སྨན་རཀ་དང་བཅས་པ་བཀོད། གཞན་ཡང་ཉིན་རེ་བཞིན་འབུལ་རྒྱུའི་ཆོས་སྐྱོང་འབུལ་གཏོར། ཆད་ཐོ། བརྟན་མ། ཚོགས་རྫས་སོགས་ཉེ་བར་མཁོ་བའི་རིགས་ཐམས་ཅད་ཇི་ལྟར་འོས་པའི་བཀོད་པ་ལེགས་པར་བཤམ་ཞིང་། དེ་དག་སྤྱི་ཁྱབ་ཏུ།) བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་(14བ)ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། (ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཁའ་ཁྱབ་ཏུ་སྤེལ་ལོ། །) (བཞི་པ་སྒྲུབ་པ་པོ་རྣམས་ཕྲིན་ལས་ལ་འཇུག་རུང་གི་བྱ་བ་ལ་གསུམ། གནས་སུ་འགོད་པ། ཆས་སུ་འཇུག་པ། བསྲེ་བསྣན་བྱ་བའོ། །དང་པོ་གནས་སུ་འགོད་པ་ནི། རྡོ་རྗེ་རྒྱལ་ཚབ་པས་གྲལ་གཤམ་ནས་གཏོང་ཐུན་སྔོན་དུ་འགྲོ་བས། དབྱངས་སྙན་བོར་ལེན་ཚུལ་གྱིས།) ཧཱུྃ༔ སངས་རྒྱས་གདུང་འཚོབ་རྡོ་རྗེ་རྒྱལ་པོ་ཉིད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ དུག་ལྔ་རྩད་གཅོད་ཡོན་ཏན་ཀུན་འབྱུང་གནས༔ སྟོན་པའི་སྒྲོན་མེར་མངའ་གསོལ་དགྱེས་པར་བཞུགས༔ ( ཞེས་དང་། རྒྱལ་ཚབ་ལ།) ཧཱུྃ༔ བླ་མའི་གདུང་འཚོབ་སྐུ་གསུང་ཐུགས་ཀྱི་སྲས༔ དམ་ཆོས་ཆར་འབེབས་ཚེ་དང་དངོས་གྲུབ་སྤེལ༔ དབང་བསྐུར་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པ༔ རྒྱལ་ཚབ་སྟོན་པར་མངའ་གསོལ་དགྱེས་པར་བཞུགས༔ (ཡུམ་ལ།) གཉིས་མེད་བདེ་སྐྱེད་(15ན)མཚན་ཉིད་རབ་ཏུ་བཟང་༔ ཀུན་བཟང་ཡུམ་དུ་མངའ་གསོལ་དགྱེས་པར་བཞུགས༔ (རྡོ་རྗེ་ལས་པར།) ཕྲིན་ལས་གཞུང་སྲོང་བསྙེན་སྒྲུབ་མཐར་ཕྱིན་མཛད༔ རྡོ་རྗེ་ཀརྨར་མངའ་གསོལ་དགྱེས་པར་བཞུགས༔ (གིང་ལ།) བར་གཅོད་བགེགས་བསྒྲལ་གཟུགས་ཕུང་ལྷ་ལ་སྟོབ༔ རྡོ་རྗེ་གིང་མཆོག་མངའ་གསོལ་དགྱེས་པར་བཞུགས༔ (མཚམས་པར།) ཕྱི་ནང་མཚམས་གཅོད་བར་གཅོད་ཐམས་ཅད་བསྲུང༔ རྡོ་རྗེ་མཚམས་པར་མངའ་གསོལ་དགྱེས་པར་བཞུགས༔ (སྤྱན་པར།) དངོས་གྲུབ་བགེགས་གཉིས་དུས་དང་དྲོད་ཚད་མཁྱེན༔ རྡོ་རྗེ་སྤྱན་པར་མངའ་གསོལ་དགྱེས་པར་བཞུགས༔ (དུས་མཚམས་པར།) ཕྲིན་ལས་སྐབས་སྦྱར་དུས་འཛིན་ནམ་ཚོད་མཁས༔ རྡོ་རྗེ་དུས་མཚམས་མངའ་གསོལ༴ (ཕྱག་ཚང་ལ།) ཕུད་གཙང་གཡོས་མཁས་ཕྱི་ནང་བྱ་བྱེད་མཁས༔ རྡོ་རྗེ་ཕྱག་ཚང་༴ (བྱན་པོར།) གཡོས་མཁན་ཆད་ལྷག་མེད་ཅིང་གཙང་སྦྲ་ལྡན༔ རྡོ་རྗེ་བྱན་པར༴ (15བ)(མཆེད་ལྕམ་གཞན་རྣམས་ལ།) གསལ་དག་ཛཔྲ་མཁས་དད་ལྡན་བརྩོན་པར་བཞུགས༔ གསེར་ཕྲེང་མཆེད་རྣམས༴ (རྡུལ་ཕྱགས་ལ།) ཀུན་གྱི་བཀའ་སྒྲུབ་ཕྱི་ཡི་ཉུ་ལེ་སྐྲོད༔ རྡུལ་ཕྱགས་སྐྱེས་བུར་མངའ་གསོལ་དགྱེས་པར་བཞུགས༔ (ཞེས་སོ་སོའི་ཚིག་མཐར་ལས་རྡོར་གྱིས་བདུད་རྩི་རིམ་པར་དྲངས་ལ་མངའ་གསོལ།) (གཉིས་པ་ཆས་སུ་ཞུགས་པ་ནི། གཏོང་ཐུན་དབྱངས་བཅས་སྔར་དང་འདྲ་བས།) ཧཱུྃ༔ དོན་དམ་སྤྲོས་མེད་རྒྱུ་མའི་ཁོང་གསེང་ཅན༔ ཡེ་ཤེས་ལྔ་ལྔན་ཐོད་པའི་དབུ་རྒྱན་གསོལ༔ ཐེག་མཆོག་དོན་སྟོན་གླང་ཆེན་ཀོ་རློན་གསོལ༔ འཁོར་བ་མི་སྤོང་མི་ལྤགས་གཡང་གཞི་གསོལ༔ ཞེ་སྡང་ཉིད་འཇོམས་སྦྲུལ་ནག་ཆུན་པོ་གསོལ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་སྟག་ཤམ་གསོལ༔ འཁོར་བའི་བཅུད་ལེན་ཞག་གི་ཟོ་རིས་གསོལ༔ ཆགས་པ་དབང་སྡུད་རཀྟའི་ཐིག་ལེ་གསོལ༔ སྐྱེ་འཆི་རྩད་གཅོད་ཐལ་ཆེན་ཚོམ་བུ་གསོལ༔ སྐུ་གསུམ་ལྷུན་གྲུབ་ཐོད་ཕྲེང་ཚར་གསུམ་གསོལ༔ ཅིས་ཀྱང་མི་(16ན)ཤིགས་རྡོ་རྗེའི་གོ་ཁྲབ་གསོལ༔ མ་རིག་ནག་བསྲེག་ཡེ་ཤེས་མེ་དཔུང་གསོལ༔ ཞིང་བཅུ་ཡོངས་སྒྲོལ་དཔལ་གྱི་ཆས་བཅུ་འདི༔ དབང་ཕྱུག་ཆེན་པོའི་སྐུ་ལ་རྒྱན་དུ་བཞེས༔ (ཞེས་རྗེས་ཟློས་དང་བཅས་ཚིག་དང་བསྟུན་ནས་ཆས་རྣམས་ལས་ཀྱི་རྡོ་རྗེས་རྒྱལ་ཚབ་ལ་རིམ་པར་ཕུལ་ལ་རྡོ་རྗེ་སློབ་དཔོན་སོགས་ཐམས་ཅད་ཀྱི་གནས་སོ་སོར་བརྒྱན་ཚུལ་མཛད། དེ་ནས་ལས་བྱང་ལྟར་བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ།) (གསུམ་པ་བསྲེ་བསྣན་བྱ་བ་ནི།) དབང་མ་ཐོབ་པའི་མཆེད་གསར་བུ་རྣམས་དཀྱིལ་འཁོར་བྱང་ཤར་ལྟ་བུར་ལོགས་སུ་ཕྱེ། སློབ་དཔོན་གྱི་མདུན་རྡོར་དྲིལ། བདུད་རྩི། ཡུངས་ཐུན་སོགས་བཀོད་ནས། བདུད་རྩི་བྱིན་རླབས་ཀྱི་སྔགས་ལན་གསུམ་སྔོན་དུ་འགྲོ་བས་ལས་བྱང་ལྟར་སྨན་མཆོད་འབུལ། དེ་ནས་སློབ་དཔོན་གྱིས། བདག་ཉིད་ཆེ་མཆོག་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཡ་ལས་ལྕགས་སྡིག་མགོ་དགུ་རྭ་བཅོ་བརྒྱད་པ་སྤྲོས། དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་སློབ་བུའི་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་(བསམ་ཞིང་།) ཨོཾ་ཨཱཿཧཱུྃ་བཛྲ་ཡཀྵ་ཀྲོ་ངྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ (ཅེས་བཟླ་ཞིང་ཡུངས་(16བ)ཐུན་གྱིས་བྲབ། བར་གཅོད་བགེགས་བསྐྲད་པའི་ཕྱིར།) ཧཱུྃ༔ རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་དུ༔ (སོགས་ལས་བྱང་ལྟར་བརྗོད་ལ་དྲག་སྔགས་སྤོས་རོལ་གིང་དང་མེ་ཆུའི་ཐུན་སོགས་ཚམས་རྔམས་དང་གྲྭ་མང་གིས་འཇམ་རོལ་དང་བཅས་བགེགས་བསྐྲད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ཀྱི་རྗེས་ཟློས་གསར་བུ་རྣམས་ལ་བྱེད་བཅུག །སྙིང་གར་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བ་བསྒོམས་ལ་བྱིན་གྱིས་བརླབས་པའི་བདུད་རྩི་རྡོ་རྗེས་ལྕེ་ཐོག་ཏུ་ལན་གསུམ་བཞག་ནས།) ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང་༔ བྱང་ཆུབ་སེམས་དང་རྡོ་རྗེ་འཛིན༔ དེ་བཞིན་སྒྲུབ་པའི་རྣལ་འབྱོར་པ༔ དེ་དག་ལ་ནི་སྙིང་རིང་ན༔ རྡོ་རྗེ་ཡཀྵ་གནོད་སྦྱིན་གྱིས༔ ཁྱོད་ཀྱི་སྙིང་ལ་ཞུགས་ཏེའཐུང་༔ སྙིང་ལ་ཡང་དག་གནས་པའོ༔ འདི་ནི་སེམས་ཅན་དམྱལ་བའི་ཆུ༔ དམ་ཚིག་ཉམས་ནས་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ (ཅེས་བྱིན་པ། སློབ་མས་ཀྱང་།) ཨི་དནྟི་ན་ར་ཀན་ས་མ་ཡ་ཡཀྵ་ཧཱུྃ༔ ཞེས་མྱངས་པ་(17ན)སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ་ནས་དབྱེར་མེད་དུ་གྱུར་པར་(བསམ། འདྲེས་ཟིན་བསྣན་པ་ནི། རྒྱལ་ཚབ་པས་བདུད་རྩི་གཡོན་བསྐོར་དུ་གསར་རྙིང་ཐམས་ཅད་ལ་འགྲིམ་ཞིང་། ཆེ་མཆོག་གི་སྔགས་དབྱངས་ལན་གསུམ་མཇུག་ཏུ་འཇམ་རོལ་དང་བཅས་པས་བདུད་རྩི་མྱང་ནས་ཐམས་ཅད་ཀྱིས།) ཨོཾ༔ དཔལ་ལྡན་སངས་རྒྱས་སྐུ་འཆང་བ༔ རྡོ་རྗེ་མི་ཕྱེད་སྐུ་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ༔ ཨཱཿ དཔལ་ལྡན་སངས་རྒྱས་གསུང་འཆང་བ༔ རྡོ་རྗེ་མི་ཕྱེད་གསུང་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་གསུང་གི་དངོས་གྲུབ་སྩོལ༔ ཨཱཿསརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ༔ ཧཱུྃ༔ དཔལ་ལྡན་སངས་རྒྱས་ཐུགས་འཆང་བ༔ རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཧཱུྃ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ༔ (17བ)(ཞེས་དང་། སློབ་དཔོན་གྱིས།) དེང་ཕྱིན་ཆད་མཆེད་གསར་རྙིང་ཐམས་ཅད་སྐལ་པ་མཉམ་ཞིང་དམ་ཚིག་གཅིག་ཏུ་འདུས་པ་ཡིན་པས་དམ་ཚིག་གཞུང་བཞིན་དུ་བསྲུང་བར་གྱིས་ཤིག །(ཅེས་བསྒོ། ཐམས་ཅད་ཀྱིས་ཕྱག་ཐལ་སྦྱར་གྱི་བར་དུ་མེ་ཏོག་བཟུང་ལ།) སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སློབ་དཔོན་དང་༔ དམ་ཚིག་འབྲེལ་བའི་མཆེད་དང་ལྕམ་དྲལ་གྱིས༔ སྒྲུབ་མཆོག་རྣམས་སུ་བྱིན་གྱིས་བརླབ་པ་ཡི༔ བཀའ་དྲིན་རྗེས་སུ་དྲན་ཕྱིར་གཏང་རག་གཏོང་༔ (ཞེས་དྲིན་ལན་གྱི་མེ་ཏོག་འཐོར། དེ་ནས་རྡོ་རྗེའི་གྲལ་དུ་བཞག་པ་ནི། མཆེད་གསར་པ་རྣམས་རང་རང་གི་གྲལ་དུ་འཁོད་ནས།) རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་༔ བསྙེན་སྒྲུབ་རྣམ་བཞི་བསྙེན་ཅིང་སྒྲུབ་པ་དང་༔ ཡི་དམ་ལྷ་མཆོག་ཛཔྲ་བསྙེན་བགྲང་བའི་ཕྱིར༔ དམ་ཚིག་རྡོ་རྗེའི་གྲལ་དུ་མཆི་བར་གནང་༔ (ཞེས་བརྗོད་ཅིང་ལྷའི་ང་རྒྱལ་དང་ལྡན་པས།) ཨོཾ་མ་ཧཱ་བཛྲ་ཧཱུྃ༔ (ཞེས་རྡོ་རྗེ་ཐུགས་ཀར་གསོར།) ཨོཾ་བཛྲ་གཎྜེ་ཧཱུྃ༔ (ཞེས་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན།) ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་(18ན)བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ༔ (ཞེས་ཐུགས་ཀར་འཁྱུད་རྒྱ་བྱས་ལ་དྲིལ་བུ་དཀྲོལ་བ་དང་རོལ་ཆེན་བརྒྱ་བརྡུང་སོགས་རོལ་མོའི་སྒྲ་ཆེར་བསྒྲགས། དེའི་རྗེས་འབྲེལ་དུ་གཞུང་ལས། ཡེ་ཤེས་ལྷ་ཡི་གཟི་བྱིན་དབབ༔ ཅེས་པས་འདུས་པ་རྣམས་དབུ་ཞྭ་བཅས་བཞེངས། སློབ་དཔོན་གྱིས་གཡབ་དྲིལ་ཐོགས་པས་དཀྱིལ་འཁོར་མདུན་དུ་འཁོད། ལས་རྡོར་གྱིས་སྦྱར་སྤོས་དང་གཡབ་དར་ཐོགས་པས་སྣ་དྲངས་ཏེ་དབྱངས་རོལ་བཅས་བྱིན་འབེབས་གཤམ་དུ་རྒྱུད་གསུམ་རོལ་མོའི་སྐབས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ་རང་གྲལ་དུ་འཁོད། བསྔོ་ད་སྨོན་ལམ་བྱས་ལ་གྲོལ། དེ་དག་ནི་ཉེ་བར་བསྙེན་པ་སྟེ་ཉིན་གཉིས་པའི་བྱ་བའོ། །) (གཉིས་པ་དངོས་གཞིའི་ལས་རིམ་ཕྲིན་ལས་ཀྱི་གཞུང་བསྲང་སྟེ་སྒྲུབ་པ་དངོས་ལ་འཇུག་པ་ནི། ཕྱག་ལེན་རིགས་མཐོང་བརྒྱུད་ལྟར་བྱས་ལ། བརྒྱུད་འདེབས་དང་ལས་བྱང་གི་སྔོན་འགྲོ་ཚང་བར་བཏང་། དངོས་གཞི་དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་གསལ་བཏབ་ལ་ལྷ་བསྐྱེད་ནས་བསྟོད་པའི་བར་སོང་ནས།) བྷྲཱུྃ་བི་ཤྭ་བི་ཤུངྔྷི་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཛཿ (ཞེས་པས་མདུན་རྟེན་གྱི་གོ་སར་ཛཔྲ་ཁང་དབྱེ། གཞུང་གི་ཞི་བའི་ཛཔྲ་དགོངས་གསལ་བཏབ་ལ།) ཧཱུྃ༔ ཀུན་བཟང་རིགས་ལྔ་(18བ)གཙོ་དང་འཁོར༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ སྐུ་ནི་སྣང་སྟོང་གཟི་བྱིན་འབར༔ གསུང་ནི་གྲགས་སྟོང་སྔགས་སྒྲ་སྒྲོགས༔ ཐུགས་མཆོག་རིག་སྟོང་སྲོག་ལྡན་པ༔ བསྙེན་སྒྲུབ་ཛཔྲ་ཀྱིས་ཐུགས་དམ་བསྐུལ༔ མ་འགྲུབ་བར་དུ་མི་བཏང་ན༔ མ་གཡེལ་ཐུགས་རྗེའི་དཔུང་བསྐྱེད་ལ༔ བཟླས་པའི་ཕྲིན་ལས་དབྱེར་མེད་པས༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་འགྲུབ་མཛད་གསོལ༔ (ཅེས་བསྐུལ་ལ་ཞི་བའི་བསྙེན་སྔགས་བཟླ། སྟོང་ཚིགས་ནི།) ཧཱུྃ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །(སོགས་བརྗོད་ལ་སྨན་རཀ་འཐོར་བ་ཕྱི་མ་ཐམས་ཅད་ལའང་འགྲེ།) བདག་ཉིད་ཀྱི་ཐུགས་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པ་(སོགས་ཁྲོ་བོའི་དམིགས་པའི་འཕྲོ་འདུ་གསུམ་གསལ་བཏབ་ལ།) སྔགས་སྒྲས་ཞིང་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། ཧཱུྃ༔ ཚོམ་བུ་དགུ་ཡི་དཀྱིལ་འཁོར་ནས༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་(སོགས་གོང་ལྟར་བརྗོད་པས་(19ན)བསྐུལ་ལ་ཁྲོ་བོ་སྤྱི་བསྡུས་ཀྱི་སྔགས་བཟླ། སྟོང་ཚིགས་འབུལ།) ཧཱུྃ༔ དབུས་ནས་རང་བྱུང་གྲུབ་པའི་ལྷ༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་སོགས། ཨོཾ་བཛྲ་ཀྲོ་ངྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་ནས་རང་བྱུང་གྲུབ་པའི་ལྷ༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་སོགས། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ནས་རང་བྱུང་གྲུབ་པའི་ལྷ༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་རྣམས༔ སྐུ་ནི་(སྣང་སྟོང་སོགས།) ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཏ་ཀ་ཧ་ན་མ་ཐཱ་བྷཉྫ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་ནས་རང་བྱུང་གྲུབ་པའི་ལྷ། པདྨ་གསུང་གི་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་སོགས། ཨོཾ་པདྨཱནྟ་ཀྲིཏ་བཛྲ་ཀྲོ་ངྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ནས་རང་བྱུང་གྲུབ་པའི་ལྷ༔ ཕུར་པ་ཕྲིན་ལས་ལྷ་ཚོགས་རྣམས༔ (སྐུ་ནི་སྣང་སྟོང་སོགས།) ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་ལྷོ་རང་བྱུང་གྲུབ་པའི་ལྷ༔ མ་མོ་རྦོད་གཏོང་ལྷ་ཚོགས་རྣམས༔ (19བ)སྐུ་ནི་(སྣང་སྟོང་སོགས།) ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ནུབ་རང་བྱུང་གྲུབ་པའི་ལྷ༔ བླ་མ་རིག་འཛིན་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་(སོགས།) ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིངྔྷི་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་བྱང་རང་བྱུང་གྲུབ་པའི་ལྷ༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་རྣམས༔ སྐུ་ནི་(སྣང་སྟོང་སོགས།) ཨོཾ་བཛྲ་ཙནྚ་སརྦ་དུཥྚན་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཤར་རང་བྱུང་གྲུབ་པའི་ལྷ༔ དམོད་པ་དྲག་སྔགས་ལྷ་ཚོགས་རྣམས༔ སྐུ་ནི་(སྣང་སྟོང་སོགས།) ཨོཾ་བཛྲ་སརྦ་དུཥྚན་ཨེ་ཛཿབྷྱོ་ཧཱུྃ་ཕཊ༔ (བྱ་ཁྱུང་དང་བཀའ་སྡོད་ཀྱང་འོས་ཚོད་བཟླས་ནས་རེ་རེ་བཞིན་སྟོང་ཚིགས་འབུལ། ལས་སྦྱོར་ནི།) ལྷ་ཚོགས་བདུན་བརྒྱ་ཉེར་ལྔའི་ཞལ་ནས་(སོགས་ཀྱིས་དམིགས་པ་གསལ་བཏབ་ལ་དྲག་སྔགས་སོ་ལྔ་པ་བཟླ་ཞིང་། དེའང་ཞི་བའི་བསྙེན་པ་དང་ཁྲོ་བོའི་དྲིལ་སྒྲུབ་གཉིས་ལ་བཟླས་པའི་དངོས་གཞི་དང་སྔགས་རྒྱུན་བཟུང་། བསྙེན་སྔགས་ལས་ཀྱང་སྒྲུབ་སྔགས་བུང་བསྐྱེད། ཆེ་མཆོག་ལ་སྟོང་ཕྲག་བྱས་ན་དཔལ་བརྒྱད་པོ་བརྒྱ་རྩ་རེ་བཟླས་པས་མཚོན་པ་དང་། ལས་(20ན)སྦྱོར་ལྔ་བཅུའམ་ཉེར་གཅིག་ཙམ་བཟླ། ཚེ་བཅུད་བསྡུ་བའི་དམིགས་གནད་བཅས། ཞི་ཁྲོ་སྤྱི་སྔགས་མཐར།) ཨོཾ་བྷྲཱུྃ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། (ཞེས་བཏགས་པའང་ཉེར་གཅིག་ཙམ་བཟླས་པས་ཐུན་དང་པོ་གྲུབ། དེ་ནས་ཐུན་དྲུག་བྱེད་ན། སླར་ཡང་ཉིན་མོ་ལ་ཕྲིན་ལས་ཚར་གཉིས་དང་། མཚན་མོ་ཚར་གསུམ་བསྐྱར། ཐུན་བཞི་བྱེད་ན་ཉིན་མོ་ཡང་བསྐྱར་གཅིག་དང་། མཚན་མོ་ཚར་གཉིས་བཏང་དགོས་པས། ཚར་རྗེས་མ་རྣམས་མཆོད་པ་ཁ་གསོས་ལ་མཆོད་པ་བྱིན་རླབས་དང་ལྷ་བསྐྱེད་ནས་བཟླས་པའི་བར་བསྐྱར་བ་ཡིན་ལ། བཟླས་པ་ནི་བསྐུལ་ཚིག་བཅས་ཞི་ཁྲོའི་བསྙེན་སྔགས་བཟླས་པའི་དངོས་གཞི་བྱ། མཐར་ལས་སྦྱོར་ཅུང་ཟད་བཟླ་ཞིང་སྟོང་ཚིགས་སོ་སོར་འབུལ། ཚེ་བསྙེན་ཀྱང་ཉེར་གཅིག་ཙམ་རེ་བཟླས་པས་ཆོག་གོ། ཉིན་ཐུན་རྗེས་མར་བསྙེན་པ་གྲུབ་པ་དང། སྨིན་ལུགས་དམ་ཅན་སྤྱི་གཏོར་ལྟ་བུའི་སྲུང་མའི་གཏོར་ཆོག་དང་། དྲེགས་པའི་སྡེ་དཔོན་སུམ་ཅུའི་གཏོར་འབུལ་སོགས་ཀྱང་བྱ། དེ་ནས་ལས་བྱང་ལྟར་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་བར་བྱས་ལ། སྤྲོ་ན་སྐབས་འདིར་བདག་འཇུག་བླང་བ་འགྲུབ་ན་མཆོག་ཏུ་ལེགས། དེ་ནས་ཕྱི་རོལ་དུ་ཆ་གསུམ་གཏོར་མ་བཏང་། ཚོགས་ལ་རོལ། (20བ)ལྷག་གཏོར་བསྔོས་ལ། ལྷག་མ་བཙོན་འཛིན་བྱ། དམ་ཅན་གཏོར་འབུལ་སོགས་མཐར་དབྱུང་། ལས་བྱང་གི་བསྐུལ་དང་ཆད་བརྟན་རྟ་བྲོ་གཏང་རག་མཆོད་བསྟོད་བཟོད་གསོལ་གྲུབ་ནས་མདུན་བསྐྱེད་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། །དེ་ནས་བར་གཅོད་ཉུ་ལེ་འདུལ་ཞིང་བསྐྲད་པ་ནི། འདུས་པ་ཐམས་ཅད་ཞྭ་དང་བཅས་བཞེངས། སློབ་དཔོན་སོགས་ཆས་ཞུགས་པ་རྣམས་དཀྱིལ་འཁོར་གྱི་མདུན་དུ་འཁོད་པའི་དྲུང་དུ་ཉུ་ལེའི་ལིངྒ་བཅས་ལ།) ཨེ་ཡྃ་རྃ་ཛྭ་ལ་རྃ། བྲུབ་ཁུངས་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། (ཞེས་བྲུབ་ཁུང་བསྐྱེད།) ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་(སོགས་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས།) བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ(21ན) ཛཿཧཱུྃ་བྃ་ཧོཿ(ས་དགུག་གཞུག་ནས་གིང་པ་ལས་ཀྱི་ཆེ་མཆོག་ཏུ་གསལ་བའི་ཐུགས་ཀ་ནས་ཕོ་ཉ་མཚོན་ཆའི་ཆར་འབེབས་པས་རྡུལ་དུ་བརླག་པར་བསམ་ཞིང་། རོལ་མོ་དབྱངས་དང་ཊཱ་ཀིའི་འཆམས་སྟབས་དང་བཅས་ཕུར་ཐུན་ཚོམ་བུར་བསྐུལ་བ་ནི།) ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ (ཅེས་དང་།) ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ བཀའ་བརྒྱད་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་བསྣམས༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས༔ ལྕགས་ཀྱུས་བཟུང་ལ་ཕུར་བུས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ (ཅེས་ཕུར་ཐུན་ཚོམ་བུར་བསྐུལ་མཐར་སློབ་དཔོན་གྱིས་དྲག་སྔགས་ཕུར་བསྐོར་དང་བཅས་པས་གདབ་ཅིང་། ཊཱ་ཀི་རྣམས་ཀྱིས་ཐུན་གྱིས་བྲབ། ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི།) ཧཱུྃ༔ ཤར་ཕྱོགས་(21བ)དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་པོ་ཉི་ཟླ་སྐར་ལྟར་འཕྲོ༔ སྨིན་མ་གློག་འགྱུ་མུན་པའི་གོ་སྐབས་འབྱེད༔ བུ་ཡུག་ཐོག་འབེབ་ཤངས་ནས་རྡོ་རྗེ་འཁྲུགས༔ བཞད་པའི་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས༔ རྔམ་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམས་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་གསུང་སྒྲ་སྒྲོགས༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལ་བསྐལ་པའི་མེ་ཆེན་འབར༔ བ་སྤུ་རྡོ་རྗེ་གནམ་ལྕགས་ཞུན་མ་འཁྲུགས༔ སྨིན་མ་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང་༔ ཞབས་ཀྱི་ཕུར་པས་སྲིན་པོ་ལྔ་བརྒྱ་གཟིར༔ རལ་པའི་གསེབ་ནས་ཁྲག་གི་དུག་ཆར་འབེབས༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོ་སྙིང་འབྱིན་ཆངས་པར་བཅུག་ནས་གསོལ༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་(22ན)ཀླུ་སྲིན་མ་ལུས་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་བྱོན༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་མནན༔ བདུད་ལ་བབ་ན་སྙིང་ཁྲག་དྲོན་མོ་འཐུང་༔ སྲི་ལ་བབ་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབ་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབ་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་སྤྲུལ༔ དམ་ཚིག་དགྲ་དང་འབྱུང་པོ་འགེགས་ཀྱི་ཚོགས༔ ཕུང་པོ་དུམ་བུར་གཏུབས་ཤིང་དོན་སྙིང་མ་ལུས་སྲེག༔ གྲུ་བུ་གྲུ་ཨ་པ་ཙེ་རུ་པ་ཙེ་ནི་ཙ་ར་ཎ་ཐུན་དུ་ཐུན་ན་ཤ་སྟྭཾ་བྷ་ཡ་ཡཀྵ་འབྱིན་ཡཀྵ་འབྱིན་ཡ་ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ (ཞེས་དྲག་སྔགས་སྤོས་རོལ་དང་ཁྱད་པར་གྱི་དབྱུག་པས་བསྡིགས་ཤིང་ཐུན་གྱིས་བྲབ་པ་སོགས་དྲག་པོའི་ཚམ་རྔམ་དང་བཅས་གཟིར་ལ་བསྐྲད། སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ། དེ་ནས་བྱིན་དབབ་པ་ནི་སྤོས་རོལ་གཡབ་དྲིལ་སོགས་སྔར་ལྟར་བྱས་ལ།) ཧཱུྃ༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ (སོགས་དུར་ཁྲོད་(22བ)བརྒྱད་ཀྱི་བྱིན་འབེབས་བཀའ་བརྒྱད་གསང་རྫོགས་ལས་འབྱུང་བ་ཉིད་བརྗོད། བསྙེན་སྒྲུབ་ཀྱི་ཛཔྲ་དབྱངས་ལན་གསུམ་བྱས་པས་གྲུབ། མཚན་ཐུན་དང་པོར་ལས་བྱང་གི་ཚོགས་བསགས་ནས་བཟུང་སྔོན་འགྲོ་ཚང་བ་དང་། ཐོར་ཐུན་རྗེས་ཚོགས་མཆོད་རེ་ལྷག་པོར་བཏང་། གཞན་ཉིན་ཐུན་རྗེས་མ་དང་འདྲ། ཐོར་ཐུན་གྲོལ་རྗེས་ཉུ་ལེ་བསྐྲད། བྱིན་འབེབས་ལས་བྱང་ལྟར་བྱ། སྒྲུབ་ཞག་རྗེས་མ་གསུམ་གྱི་སྔ་དྲོར་ཚེ་བསྙེན་རྗེས་ཟུར་གསལ་ཚེ་འགུགས་ཚར་རེ་སྦྱོར་རྒྱུ་བྱུང་ནའང་ལེགས། དེ་ལྟ་བུའི་ཚུལ་གྱིས་ཞག་བདུན་ལ་སོགས་པར་གྱེར་བསྒོམ་བཟླས་པ་མ་ཆད་པར་བྱ་སྟེ་སྒྲུབ་པའི་རིམ་པའོ། །གྲོལ་ཉིན་དགོང་མོར་དབང་གི་སྦྱིན་སྲེག་གྲུབ་ན་ལེགས། གསུམ་པ་རྗེས་དངོས་གྲུབ་བླང་བ་སྒྲུབ་པ་ཆེན་པོ་ལ། གྲུབ་པའི་རྟགས་རབ་འབྲིང་ཐ་མའི་ཚུལ་དུ་བྱུང་བའམ་སྒྲུབ་པའི་ཞག་གྲངས་ཐེམས་པའི་ཚེ། རྫས་བཤམས་པ་ནི། དཀྱིལ་འཁོར་གྱི་མདུན་དུ་སྟེགས་བུ་ཁེབས་ལྡན་དཀར་པོའི་སྟེང་དུ་འབྲུ་དཀར་པོས་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་ཁར་མཉྫིའི་སྟེང་དུ་དཀྱིལ་འཁོར་གྱི་རྣམ་བུམ་བླང་ལ་བཞག །གཡས་སུ་རིན་པོ་ཆེའི་སྣོད་དུ་གསེར་གཡུ་སོགས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱེ་མ་དང་དཀར་མངར་གྱིས་བསྒྲུབ་པའི་ལས་བཞིའི་འབྲང་རྒྱས་རིལ་བུས་(23ན)བསྐོར་བ། མཱཾ་ས། མར། ཐུད། འབྲས་ཆན། ཁུར་བ། ཞོ་དང་ལ་དུ། ཤིང་ཐོག་སྣ་ཚོགས། སུ་ར་སོགས་བཟའ་བཅའ་བཏུང་བའི་བྱེ་བྲག་སྣ་ཚོགས་པས་བསྐོར་བ། གཡོན་དུ་ཆང་བཟང་པོ་མངར་གསུམ་དང་ཨ་མྲྀ་ཏས་སྦགས་པས་བྷཉྫ་བཀང་བ་བཤམས་ལ་དར་གྱིས་གུར་ཕུབ་པའི་ཚུལ་དུ་བཀབ། ནང་མོ་ཕྲིན་ལས་ཀྱི་གཞུང་སྔར་ལྟར་བསྲངས་ལ་བཟླས་པའི་རྗེས་ཚེ་འགུགས་སྦྱར། སྟོང་ཚིགས་ཐུན་པ་རྣམས་ཀྱིས་ཀྱང་ལྷན་ཅིག་འབུལ་སྔགས་རྒྱུན་སྔ་མ་གྲོལ། བསྙེན་སྒྲུབ་སྔགས་ལ།) ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིངྔྷི་ཕ་ལ་ཧཱུྃ༔ (ཞེས་བཏགས་པ་བཟླ། སྲུང་མ་རྣམས་ཀྱི་གཏོར་ཆོག་གྲུབ་ནས། ལས་བྱང་ལྟར་བགེགས་བསྐྲད། རྒྱལ་ཚབ་པས་དཀྱིལ་འཁོར་བསྐོར་ཞིང་ཐུན་བྲབ། མཚམས་གཅོད། ལས་རྡོར་དང་རྒྱལ་ཚབ་པས་སྤོས་གཡབ་དྲིལ་བཅས་ཚོགས་པ་དང་དཀྱིལ་འཁོར་བསྐོར་ཞིང་ལས་བྱང་ལྟར་བྱིན་འབེབས་གྱེར།) ཡེ་ཤེས་སྐུ་མཆོག་(སོགས་བརྗོད་ལ་ནོངས་པ་བཤམས། བདུད་རྩིའི་སྔགས་ལན་གསུམ་བརྗོད་ལ་རྫས་རྣམས་བྱིན་བརླབ།) དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་འོད་ཟེར་དམར་པོ་ཕྱོགས་(23བ)བཅུར་འཕྲོས། འགྲོ་བའི་རྒྱུད་སྦྱངས། བདེ་བར་གཤེགས་པ་རྣམས་ལ་ཕོག ། དགྱེས་པ་བསྐྱེད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་ཚུར་འདུས་བདག་ལ་ཐིམ་པས་གསལ་ཞིང་བརྟན་པར་བྱས། རྫས་རྣམས་ལ་ཐིམ་པས་འཆི་མེད་ཀྱི་བདུད་རྩི་དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་གྱུར། (ཞེས་དམིགས་ཏེ་བསྙེན་སྒྲུབ་སྔགས་ལ་གོང་གི་སྔགས་ཤམ་བཏགས་པ་བརྒྱའམ་ཉེར་གཅིག་བཟླས་ལ།) བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཐུགས་རྗེའི་གཏེར༔ བསྙེན་སྒྲུབ་རྡོ་རྗེའི་དམ་ཚིག་ཐེམས་ལགས་ན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དཀྱིལ་འཁོར་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་བྱིན་དབང་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིངྔྷི་ཕ་ལ་ཧོཿ (ཞེས་བརྗོད་ཅིང་དངོས་གྲུབ་སྤྱིར་བསྐུལ། བྱེ་བྲག་ཏུ།) དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་གནས་ལྔ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་ཡིག་འབྲུ་ལྔ་དང་འོད་ཟེར་ཐིག་ལེའི་རྣམ་པ་དཔག་ཏུ་མེད་པ་འཕྲོས་ཏེ་རང་གི་(24ན)གནས་ལྔར་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་(མོས་ལ། སློབ་དཔོན་གྱིས་གནས་ལྔར་རིམ་པར་གཏུགས་ལ་གོང་གི་རྒྱན་བཀོད་སྐབས་ཀྱི།) ཨོཾ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ (སོགས་ཚིགས་བཅད་དང་བསྙེན་སྒྲུབ་སྔགས་མཐར།) ཀཱ་ཡ་སིངྔྷི་ཕ་ལ་ཧཱུྃ༔ (ཞེས་སོགས་སོ་སོར་བཏགས་པ་ཤློ་ཀ་ལྔ་བརྗོད་ཅིང་དངོས་གྲུབ་བླང་། སློབ་དཔོན་ལ་བུམ་ཆུ་དང་དངོས་གྲུབ་ཀྱི་ཕུད་འབུལ།) ཧཱུྃ༔ ཚེ་ཡི་དངོས་གྲུབ་རྒྱུད་གསུམ་པོ༔ རྩ་སྲོག་ཙིཏྟའི་ཐིག་ལེར་སྟོམས༔ མི་ཕྱེད་སྐུ་གསུང་ཐུགས་རྡོ་རྗེ༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙ་ན་སིངྔྷི་ཧཱུྃ་བྷྲཱུྃ༔ (ཞེས་བརྗོད་ལ་ཚེ་འབྲང་གི་དབང་བླང་། ཚེ་རིལ་དང་ཚེ་ཆང་ཕུལ། དེ་ནས་འདུས་པ་རྣམས་ཀྱིས་བསྙེན་སྒྲུབ་ཛཔྲ་དབྱངས་བྱས་ལ། སློབ་དཔོན་དང་རྒྱལ་ཚབ་པས་རྟེན་རྣམས་དང་ཚེ་བུམ་གྱིས་དབང་བསྐུར། ལས་རྡོར་སོགས་ཀྱིས་རྫས་དང་ཚེ་རིལ་སོགས་བཀྱེ། རྫས་རྣམས་དངོས་གྲུབ་ཏུ་རོལ་པས་)ལྷ་དང་བདག་གཉིས་སུ་མེད་པ་བདེ་བ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་(24བ)རང་བཞིན་དུ་གྱུར་པར་(མོས་ལ།) བདེ་གཤེགས་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་དངོས་གྲུབ་ཐམས་ཅད་བདག་ཅག་རྣམས་ཀྱིས་ཐོབ་ནས་སྐུ་ལྔ་ཡེ་ཤེས་ལྔའི་ཡོན་ཏན་མ་ལུས་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་གྱུར་ཅིག༔ ཧོཿ བདག་ཅག་སྒྲུབ་པ་པོ་རྣམས་ཀྱིས་རྡོ་རྗེའི་ཚེ་གསོལ་བས་ཚེའི་དངོས་གྲུབ་དབང་དུ་གྱུར་ཅིག༔ ཐབས་ཀྱི་མཱཾ་ས་གསོལ་བས་འཁོར་འདས་ཀྱི་ནུས་སྟོབས་དབང་དུ་གྱུར་ཅིག༔ ཤེས་རབ་ཛ་གད་གསོལ་བས་བདེ་བ་ཆེན་པོའི་ཡེ་ཤེས་དབང་དུ་གྱུར་ཅིག༔ ཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བས་ཞི་ཁྲོ་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་དབང་དུ་གྱུར་ཅིག༔ འདོད་ཡོན་གྱི་རྣམ་པ་ཐམས་ཅད་ལོངས་སྤྱོད་པས་འཁོར་འདས་ཀྱི་ལེགས་ཚོགས་ཐམས་ཅད་དབང་དུ་གྱུར་ཅིག༔ སརྦ་ཀརྨ་ཝཱ་ཤ་མ་ནོ་ཧ་ར་སིངྔྷི་སིངྔྷི་ཧཱུྃ༔ (ཞེས་དང་ཟུར་བྱང་ལྟར།) ཧཱུྃ༔ ཚེ་བཅུད་སྙིང་དབུས་རྟེན་ལ་ཐིམ༔ (སོགས་ཀྱང་བརྗོད་པས་སྒྲུབ་པ་ཆེན་པོའི་རིམ་པ་གྲུབ་བོ། །སྐབས་འདིར་དཔོན་སློབ་ཁ་ཤས་ནས་རྒྱས་པའི་(25ན)སྦྱིན་སྲེག་བྱས་ལ་དངོས་གྲུབ་ཀྱི་ཕུད་འབུལ། སྤྲོས་པ་བསྡུ་ན་འདི་ཙམ་ལས་སྦྱིན་སྲེག་གཞན་མ་གྲུབ་ཀྱང་ཆད་སྐྱོན་དུ་མི་འགྱུར་རོ། །གཞན་དོན་དུ་དབང་བསྐུར་ན་སྨིན་བྱེད་རྒྱས་པ་དེའི་སྙིང་པོར་བསྡུས་པ་ཙམ་གྱིས་སྐབས་འདིར་རྗེས་སུ་འཛིན་པར་བྱའོ། །) (གསུམ་པ་རྗེས་ཀྱི་ལས་རིམ་རྣམས་ཀྱིས་སྒྲུབ་པ་མཐའ་རྒྱས་སུ་བྱ་བ་ནི། ལས་བྱང་ལྟར་ཚོགས་བྱིན་རླབས་ནས་རིམ་པར་བཏང་བའི་ཞལ་བསྟབས་མཇུག་ཏུ་ཉུ་ལེའི་ལིང་ག་མེར་བསྲེག ། ལྷག་མ་བསྡུས་ནས་སྔར་བཙོན་འཛིན་བྱས་པའི་ཚོགས་ལྷ་མཆོད་པའི་རས་མ་དང་བཅས་ཕྱི་རོལ་དུ་བཏང་། སྲུང་མའི་གཏོར་འབུལ་ཟུར་དུ་ཡོད་ན་བྱ། བསྐུལ་ཆད་བརྟན་རྟ་བྲོ་ཡན་གྲུབ་ནས། གཏང་རག་མཆོད་བསྟོད་རྒྱས་པར་བྱ། །ནོངས་བཤགས་བཟོད་གསོལ་དང་། དཀྱིལ་འཁོར་རས་བྲིས་ཡིན་ན་བརྟན་བཞུགས་སྤྱི་ལྟར་བྱ་ཞིང་དམ་ཚིག་པ་རང་ལ་བསྡུ། རྡུལ་ཚོན་ཡིན་ན་དཀྱིལ་འཁོར་བསྡུ་ཞིང་རྡུལ་ཚོན་ཆུ་བོར་གཤེགས་པའི་ཚུལ་སྤྱི་ལྟར་ཤེས་པར་བྱ། གང་ལྟར་བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡང་། དེ་ནས་ཕྱི་མཚམས་བཀྲོལ་བ་ནི། སྒྲུབ་ཁང་གི་ཤར་ལ་སོགས་པའི་རྒྱལ་ཆེན་བཞི་དང་སྒོ་བྱང་གི་ལྷ་བཅས་སོ་སོའི་མདུན་དུ་མཆོད་པ་བཤམ། བསང་སྦྱང་(25བ)བྱིན་རླབས་དྲངས་བསྟིམ་མཆོད་པ་རྣམས་སྔར་ལྟར་ལས།) མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ (སོགས་ཀྱིས་ཕྲིན་ལས་བཅོལ།) བཛྲ་མུཿ(ས་གཤེགས་སུ་གསོལ། དཀྱིལ་འཁོར་མཐའི་ཕུར་བུ་རྣམས།) ཨོཾ་བཛྲ་ཀཱི་ལ་ཡ་ཨུཏྐཱི་ལ་ཡ་སརྦ་ཀཱི་ལ་བཛྲ་ངྷཱ་ར་ཨཱ་ཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ (ཞེས་ལག་གཉིས་སྐམ་པའི་རྒྱ་དང་བཅས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུངས་ཏེ།) ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིངྔྷི་ལོ་ཙ་ནི་སརྦ་ཨརྠ་ས་དྷ་ནི་སྭཱ་ཧཱ༔ (ས་ཕུར་རྩེ་འོ་མས་བཀྲུ། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་དྲིལ་བུ་དཀྲོལ་ཞིང་། ཨ་ཀཱ་རོའི་སྔགས་བརྗོད་བཞིན་པས་འཇམ་རོལ་དང་བཅས་རས་བྲིས་དཀྱིལ་འཁོར་བསྡུ། སྒྲུབ་རྫས་སོགས་རྗེས་ཤུལ་མི་མངོན་པར་བྱ། དེ་ནས་མར་མེའི་སྨོན་ལམ་གྱིས་དགེ་བའི་རྩ་བ་བླ་ན་མེད་པའི་རྒྱུར་བསྔོ་བ་ནི། དཔོན་སློབ་ཐམས་ཅད་ལག་བསྣོལ་བས་སྲིན་ལག་སྦྲེལ། རྡོ་རྗེ་ཐེབས་ཀྱིས་སྣམ་སྦྱར་དང་བཅས་བཞེངས་ཏེ་མར་མེའི་སྨོན་ལམ་གཏོང་ཐུན་སྔོན་དུ་འགྲོ་བས།) ཧོཿ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྙིང་པོ་བྱང་ཆུབ་ལམ་ལ་ཞུགས་པ་ཡིས། །འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང་། །ཆགས་སྡང་གཅོང་(26ན)རོང་གནས་སུ་མི་སྐྱེ་དང་། །ལོག་ལྟ་དམྱལ་བའི་ཟངས་ཁར་རྦབ་མི་འགྲིམ། །འཁོན་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་མཚོན་རྩེ་གདུག་པའི་ཟེར་མི་འཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང་། །སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང་། །གསུམ་པའི་དབང་གིས་སྦྲེལ་བའི་རིག་མ་གསུམ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུ་ཁྱད་པར་རིམ་གྱིས་འགྲོད་པར་ཤོག ། ནམ་ཞིག་ཚེ་འཕོས་ལུས་བརྗེའི་དུས་བྱུང་ནས། འཁོར་བའི་གཡང་སར་ལན་གཅིག་ལྟུང་སྲིད་ཀྱང་། །སྣང་བའི་གོ་འབྱེད་ཞུན་མར་མདངས་གསལ་འདིས། རིག་འཛིན་སྒྲུབ་པ་པོ་ཡིས་ཤུལ་མཚོན་ཅིང་། །ཀུན་ཏུ་འོད་ཀྱི་ས་ལ་རྒྱུ་སྦྱངས་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མདུན་བསུས་ཤིག ། ཡི་དམ་ལྷ་ཡིས་རྒྱབ་(26བ)ནས་སྲོག་བརྟེན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་སྐྱོར་ཅིག །མཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །མི་ལྡོག་པ་ཡི་ས་ལ་གནས་ནས་ཀྱང། །རྡོ་རྗེ་ཁྲོ་རྒྱལ་ཁྱོད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །(ཅེས་ཐམས་ཅད་ཀྱིས་རྗེས་ཟློས་དང་བཅས་སྨོན་ལམ་གདབ། ལས་བྱང་ལྟར།) ཧོཿ བསོད་ནམས་ཡེ་ཤེས་ཚོགས་གཉིས་མཐུ་བྱིན་གྱིས༔ (སོགས་བསྔོ་སྨོན་དང་ཤིས་པ་བརྗོད། གཞན་ཡང་ཞལ་ནས་གསུངས་པས་ཐོག་དྲངས་ཏེ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱས་པར་སྤེལ་ལོ། །)

(གསུམ་པ་དེ་ལྟར་བསྒྲུབས་པའི་འབྲས་བུ་ནི། ཇི་སྐད་དུ། དེ་ལྟར་འབད་པས་བརྩོན་འགྲུས་དང་༔ ཏིང་འཛིན་སྐལ་པའི་ཁྱད་པར་བཞིན༔ རབ་ཀྱིས་རིག་འཛིན་མཆོག་དངོས་གྲུབ༔ འབྲིང་གིས་སྔགས་ཀྱི་དྲོད་ཚད་འཐོབ༔ གཞན་དུ་ཕྲིན་ལས་ཅི་རིགས་འགྲུབ༔ མདོར་ན་འབྲེལ་ཚད་དོན་ལྡན་ (27ན)པ༔ སྒྲུབ་པ་ཆེན་པོའི་ཕྲིན་ལས་སོ༔ ཞེས་བསླུ་མེད་རྡོ་རྗེའི་གསུང་གི་ངེས་པ་ལྟར་རོ། །ཞར་བྱུང་འཕྲོས་དོན་དུ་མོས་སློབ་ཀྱི་སྒྲུབ་ཆེན་འདྲ་འབག་ཙམ་ཡང་མི་ལྕོགས་པས་སྒྲུབ་མཆོད་སྤྱི་འགྲོ་ལྟར་བྱེད་པར་འདོད་ན། ནུབ་དང་པོ་ས་ཆོག་གི་ས་བཟུང་བ་ཡན་ཆད་སྔར་བཞིན་ལས། ཕྱོགས་སྐྱོང་ཕུར་གདབ་གྲུབ་པ་དང་ལས་བྱང་ལྟར་མཚམས་བཅད། དེ་ནས་ཆག་ཆག་གདབ་ཅིང་ཐིག་དང་ཚོན་གྱི་དཀྱིལ་འཁོར་བྲི། ནུབ་གཉིས་པ་ལ་རྒྱན་འགོད་པ་ནས་སྒྲུབ་རྫས་མཆོད་གཏོར་དཀྱིལ་འཁོར་གྱི་རྒྱན་སོགས་སྡེབས་འགོད་བྱས་ཏེ་སྔགས་རྒྱས་སྤེལ་བའི་བར་ཙམ་བྱའོ། །དེ་ནས་སྒྲུབ་མཆོད་དངོས་གཞི་ཞག་གྲངས་ཇི་ཙམ་བྱེད་ཀྱི་བར་ཉིན་རེ་བཞིན་ལས་བྱང་གི་གཞུང་སྲོང་ལུགས་འདྲ་བ་ལས། ཐུན་བཞིའི་ངེས་པ་མི་དགོས་ཤིང་། གྲུབ་ན་བདག་འཇུག་རེ་ལེན། ནུབ་ཐ་མར་དངོས་གྲུབ་ལེན་པ་དང་། ལྕོགས་ན་སྦྱིན་སྲེག་བྱ། དཀྱིལ་འཁོར་བསྡུ་བ་དང་། ཕུར་བུ་ཕྱུང་ལ་རྡུལ་ཚོན་དབྱེ་ཞིང་ཆུ་བོར་དོར་བ་རྣམས་ལྷག་པོར་བསྒྲུབ་པ་སྟེ། འདོར་ལེན་གྱིས་དམིགས་ཕྱེད་པར་བྱ་བ་ཡིན་ནོ། །ཇི་སྙེད་དཀྱིལ་འཁོར་རབ་འབྱམས་མ་ལུས་པ། །ཚོམ་བུ་དགུ་ཡི་(27བ)ཕྱག་རྒྱར་ཡོངས་སྣང་བ། །སྒྲུབ་ཆེན་བཀའ་བརྒྱད་ཟབ་ལམ་བཅུད་འདུས་ཀྱི། །སྙིང་པོའི་མན་ངག་ལ་ལག་ལེན་འཇུག་བདེར་བསྡེབས། །འདི་ལས་གྲུབ་གཉིས་འདོད་རྒུར་འཇོ་བ་ཡི། །རིག་འཛིན་ཚོམ་བུས་ས་ཆེན་ཡོངས་གཏམས་ནས། །གསང་ཆེན་བསྟན་པའི་མངའ་ཐང་ཕྱོགས་ཀུན་ལས། །རྣམ་རྒྱལ་བདེ་ལེགས་སྣང་བས་མཛེས་གྱུར་ཅིག །ཅེས་གཏེར་ཁ་དགུ་འདུས་ཟབ་ལམ་བཀའ་བརྒྱད་ཀྱི་ཕྲིན་ལས་ཚོམ་བུ་ཚོགས་སུ་བསྒྲུབ་པའི་ལས་ཁྲིགས་གྲུབ་གཉིས་བདུད་རྩིའི་ཟ་མ་ཏོག་ཅེས་བྱ་བ་འདི་ཡང་། རང་གཞན་རྣམས་ཉམས་ལེན་འཇུག་པ་བདེ་བའི་ཆ་རྐྱེན་དུ་འདི་ལྟར་བྲི་བར་འདུན་པའི་ཐོག ། ཉེ་ཆར་ཟིལ་གནོན་བཀའ་བརྒྱད་གླིང་གི་སྔགས་རིག་འཛིན་པའི་སྡེས་བསྟན་དོན་རྒྱུན་གྱི་ཉམས་བཞེས་གསལའདེབས་སུ་ཉེར་མཁོར་གྱུར་ནས། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བཀའ་བརྒྱད་གཏེར་ཁ་གོང་འོག་གི་བཅུད་ཕྱུངས་ཏེ་འཇུག་བདེ་དོན་ཚང་དུ་བསྡེབས་པ་སྟེ། རྔ་ཆེན་དབོ་ཟླའི་དུས་ཚེས་བཟང་པོ་ལ། བལ་ཡུལ་དུར་ཁྲོད་ལྷུན་གྲུབ་བརྩེགས་པའི་ཉེ་འགྲམ་དུ་སྦྱར་བ་ལས་ཐོག་མའི་ཡི་གེ་པ་ནི་སྔགས་བན་ཚེ་སྒྲུབ་མཐར་ཕྱིན་གྱིས་བགྱིས་པའོ། །འདིས་ཀྱང་(28)བསྟན་འགྲོའི་རྒུད་པ་མིང་མཐར་གྱུར་ནས་མཆོག་གསང་སྙིང་པོའི་རིང་ལུགས་མི་ནུབ་དར་ཞིང་རྒྱས་པའི་ཆ་རྐྱེན་དུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།)