TTDL-ZABTER-01-KA-014: Difference between revisions

From Dudjom Wiki
TTDL-ZABTER-01-KA-014
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|cycle=zab gsang mkha' 'gro'i snying thig
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཀ
|versonotes=bdud 'joms zab gter
|volumenumber=01
|volumenumber=01
|volumeLetter=KA
|volumeLetter=KA

Revision as of 08:36, 2 August 2024

Wylie title TTDL-ZABTER-01-KA-014.pdf
Location bdud 'joms gling pa zab gter
Volume 1, Text 14, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཡང་གསང་བླ་མའི་སྒྲུབ་སྐོར་གྱི་ཛཔ་དགོངས་དངོས་གྲུབ་བང་མཛོད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག་༡༦༩༔ ཡང་གསང་བླ་མ་སྒྲུབ་པ་ཡི༔ ཟོལ་མེད་དོན་གྱི་རྣལ་འབྱོར་པས༔ དམིགས་གནད་འདི་དག་མཆོག་ཏུ་ཟུངས༔ མཆོག་གི་དངོས་གྲུབ་མྱུར་དུ་འཐོབ༔ ས་མ་ཡ༔ ཧཱུྃ༔ བླ་མེད་གསང་ཆེན་དཀྱིལ་འཁོར་འདིར༔ རྟེན་དང་བརྟེན་པའི་གཞལ་ཡས་ལྷ༔ སྒྱུ་འཕྲུལ་རོལ་པ་རྩལ་རྫོགས་ཀྱི༔ ངང་ལས་མ་འདས་ངོ་བོ་ཉིད༔ རྡོ་རྗེའི་བླ་མར་ཤར་བ་ཡི༔ ཐུགས་ཀར་ཉི་མའི་གདན་སྟེང་དུ༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཉི་ཟླའི་གྭའུའི་ནང་༔ དྭངས་མ་ལྔ་ཡི་འོད་ཐིག་སྦུབས༔ ཐུགས་སྲོག་ཧཱུྃ་ཡིག་དཀར་དམར་ལ༔ རྩ་བའི་སྔགས་ཀྱིས་བསྐོར་བར་བསྒོམ༔ དེ་ནས་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ སྤྲོས་བྲལ་ཆོས་སྐུའི་ཀློང་མཛོད་ནས༔ སྐུ་དང་ཡེ་ཤེས་ཡོན་ཏན་མདངས༔ མ་བཅོས་རང་བྱུང་ཆེན་པོའི་རྩལ༔ རིག་འཛིན་བླ་མའི་རྣམ་པར་བཞེངས༔ བསྐུལ་ལོ་ཐུགས་དམ་དབྱིངས་ནས་བསྐུལ༔ དོན་ལ་གཤེགས་བཞུད་མི་མངའ་ཡང་༔ གདུལ་བྱའི་སྣང་ངོར་ཆུ་ཟླའི་གར༔ སྤྲོས་བསྒྱུར་མེད་དེ་ཡེ་ནས་ཤར༔ ཇི་ལྟ་ཇི་སྙེད་ཡེ་ཤེས་ཀྱིས༔ བདག་རྟོག་མུན་པ་དྲུང་འབྱིན་མཛོད༔ ཆོས་ཉིད་མི་འགྱུར་གསང་མཛོད་ནས༔ དབང་དང་དངོས་གྲུབ་ཆར་དུ་ཕོབ༔ ཐབས་མཆོག་གསང་བའི་སྙིང་པོ་ལས༔ སྔགས་ཀྱི་རང་སྒྲ་འབྲུག་ལྟར་ལྡིར༔ བཟླས་པས་སྣོད་བཅུད་ཉམས་སྣང་སེམས༔ རང་གྲོལ་ཆོས་དབྱིངས་ཆེན་པོར་སངས༔ འཁོར་འདས་དག་མཉམ་བདེ་བ་ཆེ༔ ཨོཾ་ཨཱཧཱུྃཿ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བཟླས་མཐར༔ ཧཱུྃ༔ རིགས་བདག་བླ་མའི་གནས་ལྔ་ལས༔ དབང་དང་དངོས་གྲུབ་ཆར་རྒྱུན་བཞིན༔ བབས་ཏེ་བདག་གི་རྒྱུད་ལ་ཞུགས༔ སྒྲིབ་དང་བག་ཆགས་སངས་ཀྱིས་དག༔ དབང་དང་དངོས་གྲུབ་ཀུན་ཐོབ་ཅིང་༔ དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ནས་སྒྲུབ་པ་ནི༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས༔ རྒྱལ་བ་མཆོད་ཅིང་འགྲོ་དོན་བསྒྲུབ༔ མཁྱེན་བརྩེ་ནུས་དཔལ་རྒྱ་མཚོའི་བཅུད༔ བསྡུས་ཏེ་སྲོག་གི་སྙིང་པོར་ཐིམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བཟླས་མཐར༔ ཧཱུྃ༔ སྔགས་ཀྱི་འོད་དང་རང་སྒྲ་ཡི༔ གཟི་བྱིན་ཤུགས་དང་སྟོབས་དབང་གིས༔ སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་ངང་༔ རང་གྲོལ་རོལ་པར་དག་མཉམ་ངང་༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ནས་ལས་སྦྱོར་ནི༔ ཧཱུྃ༔ སྔགས་ཀྱི་ཕྲེང་བའི་འོད་ཟེར་གྱིས༔ བརྟན་གཡོའི་དྭངས་བཅུད་དཔལ་ཡོན་དང་༔ རྒྱལ་དང་རྒྱལ་སྲས་གཟི་བྱིན་དབང་༔ བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམ༔ འོད་དང་འོད་ཟེར་འཕྲོ་འདུ་ལས༔ ཞི་རྒྱས་དབང་དང་དྲག་པོའི་ལས༔ བསྒྲུབ་ཅིང་དངོས་གྲུབ་ཐམས་ཅད་བསྡུས༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་ངང་༔ གྲོལ་ཐོབ་རྫོགས་པའི་སངས་རྒྱས་སོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བསྙེན་པ་འབུམ་ཕྲག་བཅོ་ལྔ་དང་༔ སྒྲུབ་སྔགས་ཚད་ནི་དེ་གཉིས་དཔོག༔ ལས་སྦྱོར་བསྙེན་པའི་ཕྱེད་ཆ་ཙམ༔ བཟླ་ཚེ་གསལ་སྣང་ཟབ་རྒྱས་ཆིངས༔ སྒྲུབ་པ་ཀུན་གྱི་གནད་གཅིག་ཡིན༔ གནད་དེ་མེད་པའི་གང་ཟག་གིས༔ བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན༔ གནད་དང་ལྡན་པའི་སྐྱེས་བུ་ཡིས༔ སྒྲུབ་པའི་དཀྱིལ་འཁོར་འདིར་ཞུགས་ནས༔ ཟླ་བ་དྲུག་གིས་དངོས་གྲུབ་ཐོབ༔ གྲུབ་ལྟས་རི་ཆེན་རྩེར་སླེབས་དང་༔ མེ་ཏོག་སྣ་ཚོགས་རྒྱས་པ་དང་༔ མཁའ་ལ་འཕུར་དང་བདུད་རྩིར་སྤྱོད༔ རྟེན་གསུམ་རྙེད་དང་ལོ་འབྲས་རྒྱས༔ འདི་དག་དང་པོའི་རྟགས་སུ་ལགས༔ མངའ་ཐང་བསྐྱེད་དང་རྒྱལ་སར་འགོད༔ འབངས་སྡེ་མང་པོ་ཁ་ལོ་སྒྱུར༔ ལྷ་ཞལ་མཇལ་ལམ་སྣང་བརྙན་མཐོང་༔ འདི་དག་བར་གྱི་ལྟས་སུ་ལགས༔ བྲག་ཤིང་བཅོམ་དང་མི་སྲུན་ཐུལ༔ དམག་འདྲེན་ཡུལ་ཁམས་ཆོམས་གྱུར་ནས༔ བྲན་དང་འབངས་སུ་ཁོལ་བ་དང་༔ ཉི་མ་ཤར་དང་རོལ་མོ་འཁྲོལ༔ ཁྲལ་སྡུད་ལ་སོགས་ཐ་མའི་ལྟས༔ གདོན་མི་ཟ་བར་འབྱུང་འགྱུར་རོ༔ འདི་ནི་རྒྱལ་བ་ཐམས་ཅད་ཀྱི༔ སྲོག་གི་སྒྲུབ་པ་བཅུད་དྲིལ་ཏེ༔ འབྲེལ་ཚད་རྣམ་པར་གྲོལ་འགྱུར་རོ༔ ལྷ་ཆེན་ཚོགས་ཀྱི་བདག་པོ་དང་༔ གནོད་སྦྱིན་ཤན་དམར་བཅས་ལ་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉི་ཤུར་བཀའ་རྒྱ་བྱས་མཐར་རང་སློབ་དམ་པ་ཚུལ་བཟང་དང་རྡོ་རྗེ་མཆོག་རབ་གཉིས་ཀྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའོ།།དགེའོ།།སརྦ་མངྒ་ལཾ།།།།