TTDL-ZABTER-01-KA-013: Difference between revisions

From Dudjom Wiki
TTDL-ZABTER-01-KA-013
No edit summary
No edit summary
Line 11: Line 11:
|sourcerevealertib=བདུད་འཇོམས་གླིང་པ་
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|terma=Yes
|cycle=zab gsang mkha' 'gro'i snying thig
|cycle=bla ma rig 'dzin 'dus pa
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|cycletib=བླ་མ་རིག་འཛིན་འདུས་པ་
|parentcycle=zab gsang mkha' 'gro'i snying thig
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms bla ma rig 'dus
|language=Tibetan
|language=Tibetan
|volnumtib=༡
|volnumtib=༡

Revision as of 11:29, 2 August 2024

Wylie title TTDL-ZABTER-01-KA-013.pdf
Location bdud 'joms gling pa zab gter
Volume 1, Text 13, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle བླ་མ་རིག་འཛིན་འདུས་པ་ (bla ma rig 'dzin 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཡང་གསང་བླ་མའི་སྒྲུབ་པ་

དངོས་གྲུབ་གཏེར་གྱི་བུམ་བཟང་བཞུགས་སོ༔

༠༠༠༠༠བརྡ་ཡིག༔ ན་མོ་མ་ཧཱ་གུ་རུ་བཱིདྱ་དྷཱ་ར་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱིཿ༠༠༠༠༠བརྡ་ཡིག་༡༥༦༔ ༠སྭཔྶསྡིདྷི༠ཧཱུྃཧཱུྃཧཱུྃ༔ མ་འོངས་དུས་ཀྱི་སྐལ་ལྡན་རྣམས༔ དལ་འབྱོར་ཆུད་ཟོས་མ་བྱེད་པར༔ ཚེ་འདིར་སངས་རྒྱས་ས་རུ་སྙོགས༔ སྒྲུབ་པ་ཟབ་མོ་ལྷུར་ལེན་མཛོད༔ དུས་གསུམ་སངས་རྒྱས་བསྒྲུབ་པ་ལས༔ བླ་མ་སྒྲུབ་པ་མཆོག་ཏུ་འཕགས༔ བསྐྱེད་དང་བཟླས་བརྗོད་ཐམས་ཅད་ལས༔ བླ་མ་སྒྲུབ་བསྙེན་ཡང་སྙིང་མཆོག༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་ངོ་བོ་བླ་མར་འདུས༔ དེ་ཕྱིར་བླ་མ་དམ་པ་སྒྲུབས༔ ལག་ཏུ་ལེན་པའི་རིམ་པ་ནི༔ རབ་ཏུ་དབེན་ཞིང་ཉམས་དགའ་བའི༔ སྐྱེད་མོས་ཚལ་དུ་མཎྜལ་ནི༔ གྲུ་བཞི་སྒོ་བཞི་དབྱིབས་ལེགས་སྟེང་༔ མེ་ཏོག་སྣ་ཚོགས་ཚོམ་བུ་བཀོད༔ དབུས་སུ་བླ་རྡོ་ཙཀྲ་དང་༔ སྒྲུབ་རྫས་ཐམས་ཅད་ལེགས་པར་བཀོད༔ སྐུ་གསུང་ཐུགས་རྟེན་རབ་བཀྲམ་ནས༔ ལེ་བརྒན་དར་གྱི་ལྡིང་གུར་ཕུབ༔ མཆོད་རྫས་སྨན་གཏོར་རཀྟ་དང་༔ ཉེར་སྤྱོད་འདོད་ཡོན་འབྱོར་ཚོགས་བཤམ༔ དཀར་ཕྱོགས་སྲུང་མར་དཀར་གཏོར་སྐྱེམས༔ ནག་ཕྱོགས་རིགས་ལ་དམར་གཏོར་འབུལ༔ ལན་ཆགས་མགྲོན་ལ་ཆངས་གླུད་གཏོང་༔ དང་པོ་སྐྱབས་སུ་འགྲོ་བ་ལ༔ ན་མོ༔ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ ཆེ་བའི་ཡོན་ཏན་ཀུན་རྫོགས་པའི༔ བཀའ་དྲིན་ཅན་གྱི་བླ་མ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ་མཐར་སེམས་བསྐྱེད་པ་ནི༔ ཧོཿམར་གྱུར་འགྲོ་བ་སེམས་ཅན་རྣམས༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཕྱིར༔ རིག་འཛིན་བླ་མའི་གོ་འཕང་བསྒྲུབ༔ ཡང་གསང་དགོངས་པའི་དོན་རྟོགས་ཤོག༔ ལན་གསུམ་མཐར་བགེགས་བསྐྲད་པ་ནི༔ ཧཱུྃ༔ ང་ནི་རིག་འཛིན་ཐོད་ཕྲེང་རྩལ༔ རྒྱུད་སྡེའི་དཀྱིལ་འཁོར་རྫོགས་པའི་དཔལ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ འདོད་ཡོན་གླུད་གཏོར་འདི་ལོངས་ལ༔ དགའ་མགུ་ཡི་རང་ཚིམས་གྱུར་ནས༔ སྒྲུབ་པའི་གནས་འདིར་མ་འདུག་པར༔ ལྕགས་རི་ནག་པོའི་རྒྱབ་ཏུ་སོང་༔ བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔ རྡོ་རྗེ་འབར་བའི་འཕྲུལ་འཁོར་གྱིས༔ ལུས་ངག་རྡུལ་དུ་བརླག་འགྱུར་རོ༔ ཐུན་བྲབ་ཧཱུྃ་བཞིའི་སྔགས་སོགས་དྲག་སྔགས་བརྗོད༔ རྗེས་ཤུལ་མེད་པར་བསྐྲད་གཏུབ་བརླག་པར་བསམ༔ དེ་ནས་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ རང་ཉིད་དྲག་པོའི་སྤྲུལ་པ་ལས༔ མེ་རླུང་མཚོན་ཐུན་ཕོ་ཉ་སྤྲོས༔ གནོད་བྱེད་ཐམས་ཅད་ཕྱིར་བསྐྲད་ནས༔ ཚུར་འདུས་སྲུང་བའི་འཁོར་ལོ་ནི༔ རིམ་པ་བརྒྱད་དུ་ལྷུན་གྱིས་གྲུབ༔ སྲ་མཁྲེགས་རྡོ་རྗེའི་མཚན་ཉིད་རྫོགས༔ ཨོཾ་ཙཀྲ་རཀྵ༔ བཛྲ་རཀྵ༔ རཏྣ་རཀྵ༔ པདྨ་རཀྵ༔ ཀརྨ་རཀྵ༔ རཾ་རཀྵ༔ ཡཾ་རཀྵཿཁཾ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ དེ་ནས་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ གཞི་དབྱིངས་ཆོས་སྐུ་ཁྱབ་གདལ་ཀློང་༔ མ་བཅོས་ངང་ནས་རང་བྱུང་བ༔ ཡེ་ཤེས་ཆེན་པོ་གསལ་བའི་སྒོ༔ མ་རིག་མུན་པས་སྒྲིབ་པ་ཕྱེས༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བརྡ་ཕྱག་འཚལ་བ་ནི༔ ན་མོ༔ རང་སྣང་ལྷུན་གྲུབ་རྫོགས་པ་ཆེར༔ དུས་གསུམ་སངས་རྒྱས་ཡོངས་སུ་རྫོགས༔ མ་རིག་དབང་གིས་ཞལ་མ་མཇལ༔ ད་ནི་རང་ཞལ་མཇལ་ཕྱག་འཚལ༔ ན་མོ་ན་མ་ཧོཿདེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་༔ ལོངས་སྐུ་རིགས་ལྔ་གངས་ཆེན་མཚོ༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་སོགས༔ སྐུ་གསུམ་བླ་མས་བྱིན་ཆེན་ཕོབ༔ མཁས་གྲུབ་ཆེན་པོ་ཤྲཱི་སེང་༔ རིག་འཛིན་བརྒྱད་དང་པདྨ་འབྱུང་༔ རྗེ་འབངས་ཉེར་ལྔ་ལ་སོགས་པའི༔ རིག་འཛིན་བླ་མས་བྱིན་ཆེན་ཕོབ༔ དགོངས་བརྡ་སྙན་བརྒྱུད་བླ་མ་དང་༔ ཤོག་སེར་ཚིག་བརྒྱུད་གཏད་རྒྱའི་བརྒྱུད༔ བཀའ་བབ་ལུང་བསྟན་བརྒྱུད་པ་སོགས༔ བརྒྱུད་པའི་བླ་མས་བྱིན་ཆེན་ཕོབ༔ གནས་མཆོག་འདི་རུ་བྱིན་གྱིས་རློབས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཧ་རི་ནི་ས་ཨེ་ཨ་རལླི་ཕེཾ་ཕེཾ༔ ཨ་ཝེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་འདོད་ཡོན་མཆོད་པའི་རྫས༔ མི་ཟད་རྒྱན་གྱི་འཁོར་ལོར་ཤར༔ རང་བྱུང་བདེ་བ་ཆེན་པོའི་དཔལ༔ ཡེ་ཤེས་རོལ་པའི་སྟོབས་ཤུགས་ཀྱིས༔ རང་དབང་བསྒྱུར་ཏེ་བདུད་རྩིར་བརླབས༔ རྒྱལ་བ་རྒྱ་མཚོ་མཉེས་བྱེད་པའི༔ ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་སྤེལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྡ་རཱུ་པ་སོགས་སྤཪྴེ་མ་ཧཱ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ནས་དཀྱིལ་འཁོར་འཇུག་བཤགས་ནི༔ ཧཱུྃ༔ རང་རིག་བླ་མ་ཆོས་སྐུའི་ཞལ༔ ལྐོག་གྱུར་གཟུང་འཛིན་བག་ཆགས་འཐས༔ མངོན་ཞེན་འཁོར་བར་འཕྱན་པའི་ལས༔ འཁོར་གསུམ་དམིགས་མེད་དབྱིངས་སུ་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ དེ་ནས་དམ་བཅའ་བ་ནི༔ ཧཱུྃ༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་ཉིད༔ མངོན་གྱུར་རྣམ་མཁྱེན་སངས་རྒྱས་བར༔ དོན་གྱི་སྒྲུབ་པ་ཟབ་མོ་ལས༔ མི་འདའ་རྡོ་རྗེའི་དམ་བཅའ་བཟུང་༔ དེ་ནས་དཀྱིལ་འཁོར་བསྐྱེད་པ་ལ༔ དང་པོ་ཏིང་འཛིན་རྣམ་གསུམ་བསྒོམ༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི༔ ཨ༔ མ་བཅོས་རང་བྱུང་ཆོས་ཀྱི་སྐུ༔ སྐྱེ་འགག་འགྱུར་མེད་སྤྲོས་མཐའ་བྲལ༔ རྣམ་ཐར་གསུམ་ལྡན་ངོ་བོ་ཉིད༔ ངང་གནས་ཆེན་པོ་དེ་བཞིན་ཉིད༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ དེ་ནས་ཀུན་སྣང་ཏིང་ངེ་འཛིན༔ ཧྲཱིཿལྷུན་གྲུབ་འགགས་མེད་བདེ་ཆེན་མཁར༔ སྣང་སྲིད་རང་ཤར་རྫོགས་པ་ལས༔ ཡེ་ཤེས་ཆེན་པོ་ཁྱབ་གདལ་གྱིས༔ མ་བསྒོམ་རང་གྲོལ་སྙིང་རྗེས་བརྡལ༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཧྲི་ད་ཡ་ཨཱཿཧཱུྃ༔ དེ་ནས་རྒྱུ་ཡི་ཏིང་འཛིན་ལ༔ ཧཱུྃ༔ རང་བྱུང་ཡེ་ཤེས་སྙིང་པོའི་རྩལ༔ ཐུགས་རྗེའི་རང་གདངས་ཡི་གེ་ཧཱུྃ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི༔ རྒྱུ་རུ་རང་བྱུང་རང་ཤར་བསྒོམ༔ ཧཱུྃ་བཛྲ་ཙིཏྟ་ཨཱཿདེ་ནས་གཞལ་ཡས་ལྷ་བསྐྱེད་ནི༔ ཧཱུྃ་ལས་འོད་ཟེར་རབ་འཕྲོས་པས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང་༔ སྲུང་བའི་འཁོར་ལོ་རིམ་བརྒྱད་ནང་༔ བྷྲུཾ་ལས་རིན་ཆེན་སྣ་ཚོགས་ཀྱི༔ གཞལ་ཡས་མཚན་ཉིད་རབ་རྫོགས་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་ཧཱུྃ་ལས་འོད་འཕྲོས་པས༔ རྒྱལ་བ་མཆོད་ཅིང་འགྲོ་བ་འདུལ༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ རང་ཉིད་རིག་འཛིན་པདྨ་འབྱུང་༔ དཀར་དམར་མདངས་ལྡན་ཞི་མ་ཁྲོ༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ གསེར་གྱི་རྡོ་རྗེ་ས་ལ་གཟིར༔ གཡོན་པས་མཉམ་བཞག་ཐོད་བུམ་བསྣམས༔ རྒྱལ་པོ་རོལ་པའི་སྟབས་སུ་བཞུགས༔ པད་ཞྭ་ཕོད་ཀ་བེར་མཐིང་དང་༔ ཐང་ཤམ་ཆོས་གོས་སག་ལྷྭམ་གསོལ༔ ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བསྟེན༔ རིན་ཆེན་སྙན་ཆ་མཛེས་པས་རྒྱན༔ ཡེ་ཤེས་འཇའ་འོད་འཁྱིལ་བའི་ཀློང་༔ སྣང་སྲིད་ཟིལ་གྱིས་གནོན་པར་བསྐྱེད༔ སྤྱི་བོར་སངས་རྒྱས་འོད་དཔག་མེད༔ དམར་གསལ་མཚན་དཔེ་འོད་ཕུང་འབར༔ མཉམ་བཞག་སྐྱིལ་ཀྲུང་སྤྲུལ་སྐུའི་ཆས༔ རིགས་བདག་བླ་མ་འདུས་པར་བསྐྱེད༔ ཕྱི་རིམ་པདྨའི་འདབ་སྟེང་དུ༔ ཤར་དུ་རིག་འཛིན་ཧཱུྃ་ཀཱ་ར༔ དཀར་གསལ་ཞབས་གཉིས་འདོར་སྟབས་བགྲད༔ གཡས་པས་རྡོ་རྗེ་རྩེ་དགུ་ཕྱར༔ གཡོན་པས་སྡིགས་མཛུབ་དཀུ་ལ་བསྟེན༔ ལྷོ་རུ་འཇམ་དཔལ་བཤེས་གཉེན་སེར༔ རལ་གྲི་ཕྱར་ཞིང་སྡིགས་མཛུབ་བསྟེན༔ ནུབ་ཏུ་ཀླུ་སྒྲུབ་སྙིང་པོ་དམར༔ དབྱུག་ཏོ་གཡས་ལ་སྡིགས་མཛུབ་གཡོན༔ བྱང་དུ་རིག་འཛིན་པྲ་བྷ་ཧ༔ ལྗང་ནག་རྡོ་རྗེ་ཕུར་པ་གདེངས༔ ཤར་ལྷོར་དྷ་ན་སཾསྐྲྀ་དམར༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས༔ ལྷོ་ནུབ་བི་མ་མི་ཏྲ་དཀར༔ ཕྱག་གཉིས་ཌཱ་རུ་དྲིལ་བུ་འཁྲོལ༔ ནུབ་བྱང་རམྦུ་གུ་ཧྱ་མཐིང་༔ ཕྱག་གཉིས་རྡོ་རྗེ་སྦྲུལ་ཞགས་བསྣམས༔ བྱང་ཤར་ཤཱནྟིཾ་གརྦྷ་ནག༔ ཕྱག་གཉིས་ལྕགས་ཀྱུ་ཕུར་པ་བསྣམས༔ ཀུན་ཀྱང་སྟག་ཤམ་རུས་རྒྱན་གསོལ༔ ཧེ་རུ་ཀ་པའི་ཆས་སུ་བཞེངས༔ སྤྱན་གསུམ་ནམ་མཁའི་ཁམས་སུ་གཟིགས༔ དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས༔ སྣང་སྲིད་ཟིལ་གྱིས་གནོན་པར་བསྐྱེད༔ དེ་མཐར་རྗེ་འབངས་ཉེར་ལྔ་དང་༔ རིག་འཛིན་བླ་མ་རྒྱ་མཚོའི་ཚོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ ཡེ་ཤེས་འོད་ལྔའི་ཀློང་དཀྱིལ་དུ༔ མ་འདྲེས་ཡོངས་སུ་རྫོགས་པར་གསལ༔ ཤར་སྒོར་རྒྱལ་ཆེན་ཡུལ་འཁོར་སྲུང་༔ དཀར་གསལ་རབ་བརྗིད་པི་ཝང་བསྒྱུར༔ ལྷོ་སྒོར་རྒྱལ་ཆེན་འཕགས་སྐྱེས་པོ༔ སྔོན་པོ་རབ་ཁྲོས་རལ་གྲི་བསྣམས༔ ནུབ་སྒོར་རྒྱལ་ཆེན་སྤྱན་མི་བཟང་༔ དམར་གསལ་མཆོད་རྟེན་སྦྲུལ་ཞགས་འཛིན༔ བྱང་སྒོར་རྒྱལ་ཆེན་རྣམ་ཐོས་སྲས༔ སེར་གསལ་རྒྱལ་མཚན་ནེའུ་ལེ་འཛིན༔ ཀུན་ཀྱང་རོལ་པའི་སྟབས་ཀྱིས་བཞུགས༔ སྣང་སྲིད་མ་ལུས་ཟིལ་གནོན་ཅིང་༔ ཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབ༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿདང་ཐུགས་ཀར་ཧཱུྃ༔ རྡོ་རྗེ་གསུམ་གྱི་ངོ་བོར་གྲུབ༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ བླ་མ་རིག་འཛིན་རྒྱ་མཚོའི་ཚོགས༔ མ་ལུས་སྤྱན་དྲངས་གཉིས་མེད་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿསྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཛཿཛཿཧཱུྃ་ཧཱུྃ༔ ཡང་དག་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཧཱུྃ་ཆེན་ཀཱ་ར་གཤེགས་སུ་གསོལ༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་ནས༔ མཉྫུ་མི་ཏྲ་གཤེགས་སུ་གསོལ༔ པདྨ་གསུང་གི་དཀྱིལ་འཁོར་ནས༔ ནཱ་གརྫུ་ན་གཤེགས་སུ་གསོལ༔ ཕྲིན་ལས་ཕུར་པའི་དཀྱིལ་འཁོར་ནས༔ པྲ་བྷ་ཧསྟི་གཤེགས་སུ་གསོལ༔ མ་མོ་རྦོད་གཏོང་དཀྱིལ་འཁོར་ནས༔ དྷ་ན་སཾསྐྲྀ་གཤེགས་སུ་གསོལ༔ རིག་འཛིན་བླ་མའི་དཀྱིལ་འཁོར་ནས༔ བི་མ་མི་ཏྲ་གཤེགས་སུ་གསོལ༔ འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་ནས༔ རམྦུ་གུ་ཧྱ་གཤེགས་སུ་གསོལ༔ དམོད་པ་དྲགས་སྔགས་དཀྱིལ་འཁོར་ནས༔ ཤཱནྟིཾ་གརྦྷ་གཤེགས་སུ་གསོལ༔ རང་སྣང་དོན་གྱི་འོག་མིན་ནས༔ རྗེ་འབངས་ཉེར་ལྔ་གཤེགས་སུ་གསོལ༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ རིག་འཛིན་རྒྱ་མཚོ་གཤེགས་སུ་གསོལ༔ གཞན་ཡང་གནས་མཆོག་ཉེར་བཞི་དང་༔ ཡུལ་ནི་སུམ་ཅུ་སོ་གཉིས་དང་༔ དུར་ཁྲོད་ཆེན་པོ་རྣམ་པ་བརྒྱད༔ ཧེ་རུ་ཀ་ཡི་གནས་བཅུ་ན༔ བཞུགས་པའི་དཔའ་བོ་མཁའ་འགྲོའི་ཚོགས༔ མ་ལུས་སྤྱན་འདྲེན་གཤེགས་སུ་གསོལ༔ རིག་འཛིན་རྒྱ་མཚོའི་བཀའ་ཉན་བདག༔ རྒྱལ་ཆེན་སྡེ་བཞི་ལ་སོགས་པའི༔ དཔལ་མགོན་བདུན་ཅུ་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་བཱིདྱ་དྷཱ་ར་སརྦ་བཛྲ་ས་མ་ཡ་ཛཿཛཿཛཿཧཱུྃ་བཾ་ཧོཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན༔ སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ གཉིས་མེད་ངང་དུ་བརྟན་བཞུགས་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ན་མོ༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི༔ ཁྱབ་བདག་སྤྱི་དཔལ་ཆེན་པོ་ཉིད༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿཔྲ་ཏཱིཙྪ་ཧོཿདེ་ནས་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་༔ བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་ལ་སོགས་པའི༔ ཉེར་སྤྱོད་མཆོད་པའི་བྱེ་བྲག་ཀུན༔ རིིག་འཛིན་བླ་མའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔ ནང་མཆོད་ནི༔ ཨོཾ༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་༔ རོ་མངར་རེག་བྱ་འཇམ་ལ་སོགས༔ འདོད་ཡོན་མཆོད་པའི་བྱེ་བྲག་རྣམས༔ རིག་འཛིན་བླ་མའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ ཚེ་འདིར་རིག་འཛིན་ས་རུ་སྐྱོལ༔ ཨོཾ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔ གསང་མཆོད་ནི༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་དང་༔ སྣོད་བཅུད་དབྱིངས་བསྡུས་གཏོར་ཆེན་པོ༔ དུག་ལྔ་བསྒྲལ་བའི་ཁྲག་དང་བཅས༔ རིག་འཛིན་བླ་མའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ ཚེ་འདིར་རིག་འཛིན་ས་རུ་དྲོངས༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ ཁྱད་པར་གྱི་མཆོད་པ་ནི༔ ཧཱུྃ༔ ཐབས་ཤེས་སྙིང་པོ་བྱང་ཆུབ་སེམས༔ འཁོར་བ་ཡོངས་བསྒྲལ་ཤ་ཁྲག་བཅས༔ རིག་འཛིན་བླ་མའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ དགོངས་རྒྱུད་ཀློང་ཆེན་ཆོས་སྐུའི་ངང་༔ བདག་གི་རྒྱུད་ལ་འཕོ་བར་མཛོད༔ སརྦ་ཏ་ན་ག་ན་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱིཿམ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་མཆོག་ལ་ཕྱག་འཚལ་བསྟོད༔ སྒྲུབ་པའི་དཀྱིལ་འཁོར་མངོན་གྱུར་དངོས་གྲུབ་བརྙེས༔ དབྱིངས་དང་ཡེ་ཤེས་གཉིས་མེད་རོལ་པའི་རྩལ༔ གདུལ་བྱ་རྗེས་སུ་འཛིན་པའི་རྣམ་འགྱུར་ངོམས༔ རིག་འཛིན་ཆེན་པོ་བརྒྱད་ལ་ཕྱག་འཚལ་བསྟོད༔ དགོངས་པ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ལྷུན་གྲུབ་བདེ་བ་ཆེན་པོའི་རང་མདངས་ལས༔ ཐུགས་རྗེས་འགྲོ་བ་འདུལ་བའི་དཔལ་དུ་ཤར༔ རིག་འཛིན་བླ་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ གཞན་ཡང་རིག་འཛིན་བླ་མའི་དཀྱིལ་འཁོར་དུ༔ འཁོད་ཅིང་ཕྲིན་ལས་སྒྲུབ་པའི་རྒྱལ་ཆེན་བཞི༔ དམ་ཚིག་གཉན་གྱིས་བསྡུས་པའི་དམ་ཅན་སྡེ༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿརིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི༔ ཁྱབ་བདག་བླ་མ་དགོངས་སུ་གསོལ༔ བདག་ནི་མ་རིག་བག་མེད་པས༔ རྩ་བ་ཡན་ལག་དམ་ཉམས་པ༔ མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ནས་སཏྭ་ཨ༔ ས་མ་ཡ༔ མ་འོངས་ལས་ཅན་སྐལ་ལྡན་རྣམས༔ ཚེ་གཅིག་སངས་རྒྱས་ཐོབ་འདོད་ན༔ བསྐྱེད་རིམ་གནད་དང་ལྡན་པ་ཡིས༔ སྒྲུབ་པ་འདི་ཉིད་ཉམས་སུ་ལོངས༔ དུས་གསུམ་སངས་རྒྱས་བསྒྲུབ་པ་ལས༔ བླ་མ་སྒྲུབ་པ་མཆོག་ཏུ་འཕགས༔ བསྙེན་སྒྲུབ་བཟླས་བརྗོད་ཐམས་ཅད་ལས༔ བླ་མ་བསྙེན་པ་ཡང་སྙིང་མཆོག༔ སྒོ་གསུམ་རྣལ་དུ་དབབ་པ་ཡིས༔ སྒྲུབ་པ་ཟབ་མོའི་སྒོར་ཞུགས་ནས༔ གཞན་དུ་ཡེངས་པར་མ་གྱུར་ན༔ ལོ་གཅིག་ཟླ་བ་དྲུག་ཕྲག་གིས༔ རྡོ་རྗེ་འཆང་གི་ས་འཐོབ་འགྱུར༔ སྒྲུབ་པ་ཀུན་གྱི་ཡང་སྙིང་འདི༔ མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབས༔ བཀའ་སྲུང་དབང་ཕྱུག་ཆེན་པོས་སྲུངས༔ མ་འོངས་རྗེ་འབངས་ཞལ་འཛོམ་ཚེ༔ གཅེས་པའི་ནོར་གྱི་མཆོག་ཏུ་སྤྲོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེའི་བྲག་ནས་བཏོན་ཏེ་མི་ལོ་བཅུ་དྲུག་བར་དུ་བཀའ་རྒྱས་བཏབ་ནས།མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།