TTDL-ZABTER-02-KHA-050: Difference between revisions

From Dudjom Wiki
TTDL-ZABTER-02-KHA-050
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 2: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=tshe dpag med
|cycle=tshe sgrub dngos grub 'dod 'byung
|cycletib=ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་
|parentcycle=zab gsang mkha' 'gro'i snying thig
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms tshe sgrub
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཁ
|volumenumber=02
|volumenumber=02
|volumeLetter=KHA
|volumeLetter=KHA

Revision as of 13:50, 5 August 2024

Wylie title TTDL-ZABTER-02-KHA-050.pdf
Location bdud 'joms gling pa zab gter
Volume 2, Text 50, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms tshe sgrub
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་ (tshe sgrub dngos grub 'dod 'byung)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity tshe dpag med
[edit]
༠༠༠བརྡ་ཡིག༥༠༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་གི་ཆ་ལག་འཆི་བ་ལས་ཟློག་གླུད་ཀྱི་ཆོ་ག་བཞུགས་སོ༔ ༠༠༠བརྡ་ཡིག༥༡༠ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠བརྡ་ཡིག༥༡༠ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ སྐྱེ་འགྲོ་དམུ་རྒོད་ལས་ངན་སྤྱོད༔ སྔགས་བཙུན་དམ་སྡོམ་མངོན་ལྐོག་ཅན༔ བུད་མེད་འདྲེ་མོས་ཆོས་ཁྲིམས་བཤིག༔ དེ་དུས་སྣང་སྲིད་ལྷ་འདྲེ་འཁྲུགས༔ ནད་མུག་མཚོན་གྱི་བསྐལ་བ་དར༔ དེ་ཚེ་སྨོན་ལམ་ལས་འཕྲོ་ཅན༔ སྐལ་བར་ལྡན་བའི་སྐྱེས་བུ་འགས༔ འདིར་བརྩོན་དུས་མིན་འཆི་བ་བཟློག༔ ལག་ལེན་རིམ་པ་འདི་ལྟ་སྟེ༔ མདུན་དུ་གྲུ་གསུམ་གདན་སྟེང་དུ༔ མ་ཏྲཾ་གན་རྐྱལ་གནས་པ་ཡི༔ ལྟེ་བར་མ་ཧེ་རུ་རིང་ལ༔ ཞོན་པའི་མི་ནག་བེར་ནག་ཅན༔ གཡས་པས་དགྲ་སྟྭ་གཡོན་ཁྲམ་ཤིང་༔ མི་ནག་བརྒྱད་ཀྱིས་མཐའ་ནས་བསྐོར༔ རི་རབ་རྩེ་རུ་ཟུར་བརྒྱད་ཀྱི༔ ནམ་མཁའ་བྲན་ལ་རྒྱབ་བརྟེན་བཞག༔ མདུན་དུ་གཏི་མུག་ཕག་མགོ་ཅན༔ སྦལ་སྤྲུལ་ཉ་ལྕོང་ཚོགས་ཀྱིས་བསྐོར༔ གཡས་སུ་ཞེ་སྡང་སྦྲུལ་མགོ་ཅན༔ བསྭེ་ཐེབ་ཅན་བཞིས་བསྐོར་ནས་བཞག༔ གཡོན་དུ་འདོད་ཆགས་བྱ་མགོ་ཅན༔ བུད་མེད་རལ་ཅན་བཞི་ཡིས་བསྐོར༔ ནམ་མཁའ་མདུན་ནག་གཡས་དཀར་པོ༔ གཡོན་དུ་དེ་བཞིན་དམར་པོ་བཙུག༔ གུས་ཤིང་འདུད་པའི་ཚུལ་དུ་བྱ༔ དེའི་མདུན་བཤམས་བའི་ཡས་གླུད་ནི༔ རི་རབ་རྩེ་རུ་ནམ་མཁའ་ནི༔ ཁ་དོག་སྣ་ལྔ་བཙུག་བྱས་ནས༔ མཚམས་སུ་བྱ་རིགས་སྣ་ཚོགས་བཞག༔ རི་རབ་བང་རིམ་དང་པོ་ལ༔ ངར་མི་དབང་ཚང་གྲངས་མང་བཞག༔ ཕོ་མོའི་མཚམས་སུ་མདའ་འཕང་བཙུག༔ རི་རབ་བང་རིམ་གཉིས་པ་ལ༔ གཟུགས་འགྲོས་རྣམ་པ་སྣ་ཚོགས་བཀོད༔ རི་རབ་བང་རིམ་ཐ་མ་ལ༔ ཁྲམ་ཤིང་འཇའ་རྒྱང་ཕོ་མོ་ཏོང་༔ གོ་མཚོན་དར་ཟབ་གཅན་གཟན་ལྤགས༔ རིན་ཆེན་སྣ་ཚོགས་འབྲུ་སྣ་ཚོགས༔ མཁར་ཐབ་སྐྱུ་གུ་ཟན་དུམ་དང་༔ རིལ་བུ་ཟས་སྣ་ཤ་ཁྲག་བཤམས༔ སྦྱིན་བདག་དྲི་ཆུས་སྦྲུས་པ་ཡི༔ ངར་གླུད་མཛེས་པར་གོས་རྒྱན་དང་༔ གཟུགས་འགྲོས་དག་གིས་བསྐོར་བར་བྱ༔ དེ་ལྟར་འདོད་འཇོའི་རི་རབ་ལ༔ ལེ་བརྒན་དར་གྱིས་ལྡིང་གུར་ཕུབ༔ དར་སྣ་ལྔ་ཡིས་མཐའ་ནས་བསྐོར༔ འབུལ་རྫས་ལེགས་པར་གཏོར་མ་དང་༔ རིལ་བུ་ཟན་དུམ་བརྒྱ་ཚན་རེ༔ སྟ་གོན་བྱས་ནས་སྒྲུབ་གཞུང་བསྲང་༔ དེ་ནས་མདོས་གླུད་བསྔོ་བ་ནི༔ རང་ཉིད་ཚེ་དཔག་མེད་མགོན་སྐད་ཅིག་གིས་གནས་སུ་གྱུར་ཏེ༔ འཇམ་དཔལ་གཤིན་རྗེའི་གཤེད་པོ་སྐུ་མདོག་དམར་ནག་ཁྲོས་ཤིང་གཏུམ་པ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་ཅིང་༔ ཕྱག་གཡས་རལ་གྲི་དང་གཡོན་པས་ཞགས་པ་བསྣམས་པ༔ པདྨ་ཉི་ཟླ་བམ་གྱི་གདན་ལ་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བགྲད་ཅིང་སྐུ་ལ་དུས་གསུམ་གྱི་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་རྫོགས་པ༔ བསྐལ་པའི་མེ་དཔུང་རབ་ཏུ་འབར་བའི་ཀློང་ན་བཞུགས་པར་བསྐྱེད༔ སྔགས་ཀྱི་སྒྲ་བསྒྲགས་པས་འཁོར་འདས་ཐམས་ཅད་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པར་བསམ༔ ཐུགས་ཀར་ཉི་ཟླའི་གྭའུར་ཧཱུྃ་ཡིག་དམར་ནག་གི་མཐར་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས་ཁམས་གསུམ་ཐམས་ཅད་དབང་དུ་བསྡུས་ནས་སྲོག་སྙིང་འཕྲོག་ཅིང་རྩ་གདན་གྱི་འོག་ཏུ་འོད་ཟེར་གྱི་དྲྭ་བས་བསྡམ་པར་བསམ༔ ཨོཾ་པདྨ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཅི་འགྲུབ་བཟླའོ༔ དེ་ནས་མདོས་མགྲོན་བསྐྱེད་པ་ནི༔ ཨོཾ་སྭ་བྷཱ་ཝ་སོགསབདག་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་དྲག་པོ་གནམ་ལྕགས་ལས་གྲུབ་པའི་ས་གཞི་གྲུ་གསུམ་པ་རྒྱ་ཁྱོན་རབ་ཏུ་ཡངས་པའི་དབུས་སུ་བདུད་ཕོ་མ་ཏྲཾ་རཱུ་དྲ་གན་རྐྱལ་དུ་གནས་པའི་ལྟོ་བར་སྲིད་པའི་མ་ཧེ་སྔོ་ནག་གནམ་ལྕགས་ཀྱི་རྭ་རྩེ་ལས་མེ་འབར་བ་མིག་བསྒྲད་ཅིང་ཁ་གདངས་པ་ང་རྒྱལ་གྱིས་འགྱིངས་སྟབས་སུ་ཡོད་པའི་རྒལ་སྟེང་དུ་ཡ་ལས་གཤིན་རྗེ་ཡ་མ་རཱ་ཛ་སྐུ་མདོག་ནག་པོ་རབ་ཏུ་ཁྲོས་ཤིང་གཏུམ་པ་ཞབས་གཉིས་འདོར་སྟབས་སུ་བཞུགས་པ༔ ཕྱག་གཉིས་དགྲ་སྟྭ་དང་ཁྲམ་ཤིང་བསྣམས་ནས་སྐྱེ་འགྲོའི་སྲོག་དབུགས་སྡུད་པ༔ གོས་སུ་སྟག་གཟིག་དོམ་དྲེད་ཀྱི་ལྤགས་རློན་ཀླུབ་ཅིང་སྦྲུལ་རིགས་ལྔ་ཡི་ཆུན་རྒྱན་འཆང་བ༔ དབུ་སྐྲ་དམར་ནག་སྲིད་པའི་རྩེ་རུ་འབར་བ་སྨ་ར་ལས་མེ་འབར་ཞིང་སྨིན་མ་ལས་གློག་འཁྱུག་པ་བསྐལ་པའི་མེ་རླུང་རབ་ཏུ་འཁྲུགས་པའི་ཀློང་དུ་བསྐྱེད་དོ༔ དེའི་ཕྱོགས་མཚམས་སུ་ཤར་དུ་ཨ་བ་གླང་མགོས་ལྕགས་ཀྱུ་དང་དགྲ་སྟྭ་ཐོགས་པ༔ ལྷོ་རུ་དར་མ་སྦྲེའུ་མགོས་ལྕགས་ཐག་དང་རལ་གྲི་བསྣམས་པ༔ ནུབ་ཏུ་ཟིལ་གནོན་སེང་མགོས་ལྕགས་སྒྲོག་དང་ཐོ་བ་བསྣམས་པ༔ བྱང་དུ་ཟ་བྱེད་ལྕེ་སྤྱང་གདོང་གིས་འཁོར་ལོ་དང་སོག་ལེ་བསྣམས་པ༔ ཤར་ལྷོར་དཔའ་གཏུམ་སྟག་མགོས་སྐམ་པ་དང་ཞགས་པ་བསྣམས་པ༔ ལྷོ་ནུབ་ཏུ་ཧ་ལ་དྲེད་མགོས་མེ་ལོང་དང་ཁྲམ་ཤིང་བསྣམས་པ༔ ནུབ་བྱང་དུ་མནར་བྱེད་གཟིག་མགོས་མེ་ཞགས་དང་ཁྲོ་ཆུ་ཁོལ་མ་བསྣམས་པ༔ བྱང་ཤར་དུ་གནོད་བྱེད་དོམ་མགོས་རལ་གྲི་ཕྱར་ཞིང་རྒྱུ་མ་ཟ་བའོ༔ དེ་དག་ཐམས་ཅད་ཀྱང་གཅེར་བུ་མི་ལྤགས་ཀྱི་སྟོད་གཡོགས་གྱོན་ནས་སོད་སོད་དང་རྒྱོབ་རྒྱོབ་ཀྱི་སྒྲ་འབྲུག་ལྟར་སྒྲོགས་པའོ༔ དེ་དག་གི་གཡས་ཕྱོགས་སུ་ཞེ་སྡང་འབར་བའི་རང་གཟུགས་རཱ་ཛ་སྦྲུལ་གྱི་མགོ་ཅན་གཡས་སྦྲུལ་ཞགས་དང་གཡོན་པས་མདུང་ཐུང་བསྣམས་པ༔ འཁོར་དུ་རྒྱལ་པོ་བསྭེ་ཐེབ་ཅན་ཆོས་གོས་དང་མཁར་གསིལ་བསྣམས་པ་སྡེ་བཞིས་བསྐོར་བར་བསམ༔ མདུན་ཕྱོགས་སུ་གཏི་མུག་འཐིབ་པའི་རང་གཟུགས་ཀླུ་བདུད་ཕག་གི་མགོ་ཅན་གཡས་ན་དུག་སྦྲུལ་བརྒྱད་བཅིང་ཞིང་གཡོན་པས་དུག་གི་མེ་ཏོག་ཐོགས་པ༔ འཁོར་དུ་ཀླུ་གཉན་ས་བདག་ཐམས་ཅད་ཀྱིས་བསྐོར་བར་བསམ༔ གཡོན་ཕྱོགས་སུ་འདོད་ཆགས་འཁྲུགས་པའི་རང་གཟུགས་བསེན་མོ་བྱ་ཡི་གདོང་ཅན་གཡས་པས་ཁྲག་ཀོང་དང་གཡོན་ནད་རྐྱལ་བསྣམས་པ༔ འཁོར་དུ་རང་འདྲ་བའི་བུད་མེད་ཁྲག་གི་རལ་པ་ཅན་བཞིས་བསྐོར་བར་བསམ༔ དེ་དག་ཐམས་ཅད་ཀྱང་དད་ཅིང་འདུན་པ་མོས་ཤིང་གུས་པ་ཅི་བསྒོ་བའི་བཀའ་ཉན་ཅིང་གསུང་སྡོད་པར་བསྐྱེད་དོ༔ རང་རང་གི་སྲོག་ཡིག་ལས་འོད་འཕྲོས་པས་སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་སྤྱན་དྲངས་ལ་བསྟིམ་མོ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཛཿལྷོ་ཕྱོགས་འཇིགས་རུང་གཤིན་རྗེའི་ཡུལ༔ མི་སྲུན་རྔམས་པའི་གྲོང་ཁྱེར་དུ༔ ལྕགས་མཁར་དགུ་རིམ་གཏམས་པའི་ནང་༔ ཉོན་མོངས་ལས་ལས་གྲུབ་པ་ཡི༔ འཆི་བདག་གཤིན་རྗེའི་རྒྱལ་པོ་ནི༔ ཡ་མ་རཱ་ཛ་ནག་པོ་དང་༔ སྤྲུལ་པའི་ལས་མཁན་ཤན་པ་འབུམ༔ ཡང་སྤྲུལ་དྲེགས་པའི་ཚོགས་དང་བཅས༔ དམ་ཚིག་གཉན་གྱིས་སྤྱན་འདྲེན་ནོ༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ རྟེན་འབྲེལ་རང་གཟུགས་འདིར་རྟེན་ཆོས༔ མགྲོན་གྱི་གྲལ་དུ་བག་ཕེབ་མཛོད༔ ཛཿམུན་པ་ནག་པོའི་གཏིང་རུམ་ནས༔ གཏི་མུག་ལས་ལས་གྲུབ་པ་ཡི༔ མི་སྲུན་གཏུམ་པོ་ཀླུ་ཡི་རྒྱལ༔ ནག་པོ་ཕག་གི་གདོང་པ་ཅན༔ སྤྲུལ་པ་ཀླུ་གདོན་ཡོངས་ཀྱིས་བསྐོར༔ ཡང་སྤྲུལ་ལྷ་འདྲེའི་སྡེ་དཔུང་བཅས༔ དམ་ཚིག་གཉན་གྱིས་སྤྱན་འདྲེན་ནོ༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ རྟེན་འབྲེལ་རང་གཟུགས་འདིར་རྟེན་ཆོས༔ མགྲོན་གྱི་གྲལ་དུ་བག་ཕེབ་མཛོད༔ ཛཿབསྐལ་པའི་མེ་དཔུང་འབར་ཀློང་དུ༔ ཞེ་སྡང་ལས་ལས་སྐྱེད་པ་ཡི༔ དྲག་རྔམས་ཕོ་གདོན་ཡོངས་ཀྱི་གཙོ༔ རྒྱལ་པོ་ཆེན་པོ་སྦྲུལ་གྱི་གདོང་༔ སྤྲུལ་པ་རྒྱལ་འགོང་སྡེ་བརྒྱད་དང་༔ ཡང་སྤྲུལ་ལྷ་འདྲེའི་སྡེ་དཔུང་བཅས༔ དམ་ཚིག་གཉན་གྱིས་སྤྱན་འདྲེན་ནོ༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ རྟེན་འབྲེལ་རང་གཟུགས་འདིར་རྟེན་ཆོས༔ མགྲོན་གྱི་གྲལ་དུ་བག་ཕེབ་མཛོད༔ ཛཿརཀྟའི་རྒྱ་མཚོ་ཆེན་པོའི་ཀློང་༔ འདོད་ཆགས་ལས་ལས་གྲུབ་པ་ཡི༔ ཆགས་སྡང་མོ་གདོན་ཉུལ་མོའི་གཙོ༔ བསེན་མོ་ནག་མོ་བྱ་ཡི་གདོང་༔ སྤྲུལ་པ་མོ་གདོན་ཡོངས་ཀྱིས་བསྐོར༔ ཡང་སྤྲུལ་ལྷ་འདྲེའི་སྡེ་དཔུང་བཅས༔ དམ་ཚིག་གཉན་གྱིས་སྤྱན་འདྲེན་ནོ༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ རྟེན་འབྲེལ་རང་གཟུགས་འདིར་རྟེན་ཆོས༔ མགྲོན་གྱི་གྲལ་དུ་བག་ཕེབ་མཛོད༔ འཆི་བདག་ལས་ཀྱི་གཤིན་རྗེ་སོགས༔ དུག་གསུམ་སྲིད་པའི་ལྷ་འདྲེ་རྣམས༔ སྔོན་ཚེ་སྤྱི་དཔལ་ཆེན་པོའི་བཀའ༔ བར་དུ་ཕྱག་ན་རྡོ་རྗེའི་དམ༔ ཐ་མ་རིག་འཛིན་བརྒྱུད་པའི་ཚིག༔ དཔང་དུ་བཞག་ནས་འབོད་པ་དང་༔ བཀའ་བསྒོ་ཕྲིན་བཅོལ་ལས་གཉེར་གྱིས༔ མ་འདའ་མ་གཡེལ་མ་འགྱང་བར༔ བདག་གི་བསམ་པའི་དོན་བསྒྲུབ་མཛོད༔ མ་ཏྲི་བཛྲ་ས་མ་ཡ་ཛཿཛཿལན་གསུམ་གྱིས་སྤྱན་དྲངས༔ དེ་ནས་བདེན་བརྗོད་ཀྱིས་བཀུག་པ་ལ༔ ན་མོ༔ བླ་ན་མེད་པའི་དཀོན་མཆོག་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སྐུ་གསུམ་རྒྱལ་བའི་བདེན་པ་དང་༔ བདེན་པ་གཉིས་ཀྱི་བདེན་སྟོབས་ཀྱིས༔ ཆེ་གེ་མོ་ཞེས་བྱ་བ་ཡི༔ ལུས་ངག་ཡིད་དང་ཚེ་བསོད་དཔལ༔ ཡོངས་ལ་གནོད་པའི་འདྲེ་གདོན་བགེགས༔ མ་ལུས་མྱུར་དུ་འདིར་ཁུག་ཅིག༔ རྟེན་འབྲེལ་གཟུགས་འདིར་མཆིས་གྱུར་ཅིག༔ ཉེར་གཅིག་བརྗོད༔ དེ་ནས་གྲལ་བྱེད་པ་ནི༔ ཀྱཻ༔ འཆི་བདག་གཤིན་རྗེའི་རྒྱལ་པོ་ཁྱོད༔ ལས་མཁན་དྲེགས་པའི་སྡེ་འཁོར་བཅས༔ མགྲོན་གྱི་གཙོ་རུ་བཞུགས་པར་ཞུ༔ འཁོར་འབངས་ཟིལ་གྱིས་གནོན་པར་གྱིས༔ ང་ཡི་བཀའ་ཉན་གསུང་སྡོད་མཛོད༔ ཞེ་སྡང་ཕོ་གདོན་རྒྱལ་པོ་ཁྱོད༔ འཁོར་གཡོག་འབངས་དང་བཅས་པ་ཀུན༔ གཤིན་རྗེའི་གཡས་ཀྱི་གྲལ་དུ་ཕེབས༔ འཁོར་འབངས་ཟིལ་གྱིས་མནན་མཛོད་ལ༔ ང་ཡི་བཀའ་ཉན་གསུང་སྡོད་མཛོད༔ འདོད་ཆགས་མོ་གདོན་རྒྱལ་མོ་ཁྱོད༔ འཁོར་གཡོག་འབངས་དང་བཅས་པ་ཀུན༔ གཤིན་རྗེའི་གཡོན་གྱི་གྲལ་དུ་ཕེབས༔ འཁོར་འབངས་ཟིལ་གྱིས་མནན་མཛོད་ལ༔ ང་ཡི་བཀའ་ཉན་གསུང་སྡོད་མཛོད༔ གཏི་མུག་ཀླུ་གདོན་རྒྱལ་པོ་ཁྱོད༔ འཁོར་གཡོག་འབངས་དང་བཅས་པ་ཀུན༔ གཤིན་རྗེའི་མདུན་གྱི་གྲལ་དུ་ཕེབས༔ འཁོར་འབངས་ཟིལ་གྱིས་མནན་མཛོད་ལ༔ ང་ཡི་བཀའ་ཉན་གསུང་སྡོད་མཛོད༔ ཏྲི་ས་མ་ཡ་སྟྭཾ༔ དེ་ནས་དཔང་ཞུ་བ་ནི༔ ཧོཿབླ་ན་མེད་པའི་དཀོན་མཆོག་གསུམ༔ ང་ཡི་དཔང་དུ་དགོངས་བཞུགས་གསོལ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ང་ཡི་དཔང་དུ་དགོངས་ཞུགས་གསོལ༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ མ་ལུས་དཔང་ལ་དགོངས་བཞུགས་གསོལ༔ དེ་རིང་རྒྱུ་སྦྱོར་ཆེ་གེ་མོ༔ འཆི་བའི་གེགས་ལས་བསླུ་བའི་ཕྱིར༔ འཆི་བདག་གཤིན་རྗེ་ལ་སོགས་པའི༔ ལྷ་འདྲེ་རྣམས་ལ་མདོས་དང་གླུད༔ འཇལ་ནས་བཀའ་བསྒོས་ཚིག་རྣམས་ཀྱི༔ དཔང་དུ་རྒྱལ་བ་སྲས་བཅས་བཞུགས༔ བསྒོས་བཞིན་བསྒྲུབས་ཏེ་བཀའ་ཉན་ན༔ སྡུག་བསྔལ་འཇིགས་ལས་སྐྱབས་མཛོད་ཅིག༔ གལ་ཏེ་བཀའ་བཅག་དམ་ཉམས་ན༔ བཀའ་ཡི་ཆད་པས་རྡུལ་དུ་རློག༔ ཡུན་དུ་ལྡང་མེད་གཟེར་གྱིས་ཐོབ༔ ན་མོ་བུདྡྷ་དྷརྨ་སངྒ་ཡ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ ན་མོ་དྷརྨ་ཀཱ་ཡ༔ སམྦྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ བཛྲ་ས་མ་ཡ་ཛ་ཛཿན་མོ་ན་མ་ཧོཿདེ་ནས་མདོས་གླུད་བྱིན་གྱིས་བརླབ་པ་ནི༔ ཨོཾ་སྭ་བྷཱ་ཝ་སོགས་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས༔ རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་བང་རིམ་གསུམ་དང་ལྡན་པ༔ ཤར་དཀར་པོ་ཤེལ་ལས་གྲུབ་པ༔ ལྷོ་སེར་པོ་གསེར་ལས་གྲུབ་པ༔ ནུབ་དམར་པོ་པདྨ་རཱ་ག་ལས་གྲུབ་པ༔ བྱང་ལྗང་གུ་ཨིནྡྲ་ནཱི་ལ་ལས་གྲུབ་པ་རྣམས་ཀྱི་ཉེ་འདབས་སུ་རིན་པོ་ཆེ་སྣ་ཚོགས་ཀྱི་གྲམ་པ་རྫ་ལྟར་ཉིལ་བ་རྩེ་མོ་མཐོ་བ་དགུང་ལ་བསྙེགས་པ་རྩ་བ་བརྟན་པ་རྒྱ་ཆེ་ལ་ཁྱོན་ཡངས་པ་ཞིག་ཏུ་བསྐྱེད་དོ༔ རི་རབ་ལས་འོད་ཕུང་དཀར་སེར་དམར་ལྗང་སྤྲིན་གྱི་ཕུང་པོ་ལྟར་གཏིབས་པ་ལས༔ མཐུན་རྫས་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ཁ་ཆར་ལྟར་འབེབས་པ༔ རི་རབ་ཀྱི་རྩེ་མོར་བཻ་ཌཱརྱའི་ས་གཞིའི་དབུས་སུ་དཔག་བསམ་གྱི་ལྗོན་ཤིང་ཡལ་ག་ལོ་འདབ་རྒྱས་པ་ལས༔ བློ་ཡིད་སེམས་གསུམ་ཐམས་ཅད་ལ་གང་དཔག་ཀྱང་བསམ་པ་བཞིན་འབྱུང་ཞིང་འབབ་པ༔ ལྗོན་ཤིང་གི་ཤར་ཕྱོགས་སུ་ཁ་དོག་སྣ་ཚོགས་པས་མཛེས་ཤིང་སྣང་སྲིད་ལྷ་འདྲེའི་སྣང་བ་བསྒྱུར་ནུས་པའི་ནམ་མཁའ་ཟུར་བརྒྱད་པ་འོད་དང་འོད་ཟེར་འབར་བ༔ ལྷོ་ཕྱོགས་སུ་རྣམ་པར་རྒྱལ་བའི་ཁང་བཟང་ལྟ་བུའི་ཁང་བཟང་རྒྱ་ཆེ་ལ་ཁྱོན་ཡངས་པ་དབྱིབས་མཛེས་ཤིང་བཀོད་ལེགས་པ་བ་གམ་དང་ནོར་བུའི་ཏོག་གིས་མཛེས་པ་ལས༔ དེ་འདྲ་བ་དཔག་ཏུ་མེད་པ་རྒྱུན་མི་ཆད་པར་འཕྲོས་པས་སྣང་སྲིད་ལྷ་འདྲེའི་གནས་ཡུལ་རང་རང་གི་རྒྱུད་དང་མཐུན་པའི་གནས་ཁང་འབྱུང་ནུས་པར་བསྐྱེད་དོ༔ ནུབ་ཕྱོགས་སུ་དར་གོས་སྣ་ཚོགས་ལས་གྲུབ་པའི་གདུགས་དང་རྒྱལ་མཚན་དར་འཕན་བླ་བྲེ་གནམ་ཡོལ་ལ་སོགས་པའི་དར་ལྷབ་ལྷུབ་སྣ་ཚོགས་ཀྱིས་གང་བ༔ བྱང་དུ་སྲབ་འཇམ་མཛེས་ཤིང་ཡངས་པའི་ཁ་དོག་སྣ་ཚོགས་པའི་གོས་དང་༔ རབ་ཏུ་བཙན་པའི་སྲ་མཁྲེགས་ཀྱི་གོ་ཁྲབ༔ རྣོ་དབལ་གསོད་གཅོད་ཀྱི་ནུས་པ་དང་ལྡན་པའི་མཚོན་ཆའི་རིགས་བྱེད་རྣམ་པ་སྣ་ཚོགས་དང་༔ དེ་དག་གི་ཕྱི་རིམ་ཁོར་ཡུག་ཏུ་ཁྱུང་ཆེན་རྨ་བྱ་ལ་སོགས་པའི་བྱ་རིགས་སྣ་ཚོགས༔ དེའི་ཕྱི་རོལ་གཡས་བསྐོར་དུ་མི་སེར་སྐྱའི་ཚོགས་ལྷའི་བུ་ལྟ་བུ་མཛེས་སྡུག་བལྟ་བའི་ཆོག་མི་ཤེས་པས་ཡོངས་སུ་གང་བ༔ གཡོན་གྲལ་དུ་ལྷའི་བུ་མོ་ལྟ་བུའི་གཟུགས་བྱད་མཛེས་ཤིང་མཐོང་བ་ཙམ་གྱིས་ཡིད་འཕྲོག་པ་གོས་རྒྱན་སྣ་ཚོགས་པས་ཡོངས་སུ་སྤྲས་པའི་བུད་མེད་ཀྱི་ཚོགས་དཔག་ཏུ་མེད་པས་གང་བ༔ བང་རིམ་གཉིས་པ་ལ་རི་དྭགས་རྣམ་པ་སྣ་ཚོགས་གཡུང་དག་རྣམ་པ་སྣ་ཚོགས་ཆུ་གནས་རྣམ་པ་སྣ་ཚོགས་འདབས་ཆགས་དང་སྡེར་ཆགས་དང་རྨིག་ཆགས་དང་གཅན་གཟན་ལ་སོགས་པའི་གཟུགས་འགྲོས་རྣམ་པ་སྣ་ཚོགས་ཆེ་ཕྲ་ཆུང་གསུམ་གྱི་ཚོགས་དཔག་ཏུ་མེད་པས་ཡོངས་སུ་གང་བ༔ བང་རིམ་ཐ་མ་ལ་ཁྲམ་ཤིང་དང་རྒྱང་བུ་འཇའ་ཡི་རིས་ཅན་ཁ་དོག་སྣ་ཚོགས་པ་དང་༔ ཕོ་ཏང་མང་པོ་ལས་ཕོ་རིགས་དང་༔ མོ་ཏང་མང་པོ་ལས་མོ་རིགས་དཔག་ཏུ་མེད་པ་རྒྱུན་མི་ཆད་པར་འཕྲོ་ཞིང་འབྱུང་བ༔ གཡས་གྲལ་དུ་མཚོན་ཆ་ལས་མཚོན་ཆ་དང་༔ གཡོན་གྲལ་དུ་འཕང་བཀྲ་ལས་མོའི་ཉེར་སྤྱོད་རྒྱུན་མི་ཆད་པར་འཕྲོ་ཞིང་འབྱུང་བ༔ བང་རིམ་གསུམ་གྱི་ཕྱོགས་མཚམས་ཁོར་ཡུག་ཐམས་ཅད་དུ་རིན་པོ་ཆེའི་རིགས་བྱེད་རྣམ་པ་སྣ་ཚོགས༔ བཟའ་བ་ཤ་ཡི་རི་བོ༔ བཏུང་བ་ཁྲག་གི་རྒྱ་མཚོ༔ བཅའ་བ་རུས་པའི་གྲམ་ཁྲོད༔ ལྡག་པ་ཚིལ་དང་ཞུན་ཆེན༔ གཞིབ་པ་རྐང་དང་ལྷ་བ༔ འོ་མ་དང་ཞོ་ཡི་རྒྱ་མཚོ༔ མར་དང་ཐུད་ཀྱི་རི་བོ༔ ཀ་ར་དང་བུ་རམ་སྦྲང་རྩིའི་བྲག་རི༔ འབྲུ་སྣ་རྣམ་པ་སྣ་ཚོགས༔ ཤིང་ཏོག་རྣམ་པ་སྣ་ཚོགས༔ རང་རང་གི་ཡིད་སྤྱོད་དང་མཐུན་པའི་འདོད་རྒུ་སྣ་ཚོགས་དང་བཟའ་བའི་རིགས་བྱེད་ཐམས་ཅད་མ་ཚང་བ་མེད་པ་ཡོངས་སུ་རྫོགས་པར་བསྐྱེད་དོ༔ རི་རབ་ཀྱི་ཉེ་འདབས་སུ་སྦྱིན་བདག་ཕོ་རྣམས་ཀྱི་གླུད་དུ་འགྲོ་ནུས་པ༔ རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐྱེས་བུ་གཟུགས་བྱད་མཛེས་ཤིང་སྨྲ་མཁས་དག་དག༔ འགྲོ་མཁས་ལྡེམས་ལྡེམ༔ བཀྲག་མདངས་དང་གཟི་བརྗིད་འབར་བ་དཔའ་རྩལ་སྟོབས་ཤུགས་དང་ལྡན་པ༔ གཡོན་དུ་སྦྱིན་བདག་མོ་ཡི་གླུད་དུ་འགྲོ་ནུས་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བུ་མོ་མཐོང་བ་ཙམ་གྱིས་ཡིད་འཕྲོག་པ༔ དྲན་པ་ཙམ་གྱིས་ཟག་མེད་ཀྱི་བདེ་བ་བསྐྱེད་ནུས་པ༔ མཛེས་ཤིང་རྒྱན་གྱིས་བརྒྱན་པ་གཞོན་ཤིང་དར་ལ་བབས་པ་བསྐྱེད་དོ༔ མདོས་གླུད་དེ་དག་རེ་རེ་ལས་ཀྱང་དཔག་ཡས་ནམ་མཁའི་ཁྱོན་དང་མཉམ་པ་འཕྲོ་ཞིང་ཡོངས་སུ་གང་བར་གྱུར༔ མཚན་བཞི་དང་སམྦྷ་ར་བདུན་དང་ནམ་མཁའ་མཛོད་སྔགས་ལན་བདུན༔ ཨ་ཀཱ་རོ་སོགས་ལན་གསུམ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་པ་དང་༔ ཆོས་ཅན་ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པས་དེ་དེ་བཞིན་དུ་ཡོངས་སུ་རྫོགས་ཤིང་འགྲུབ་པར་གྱུར་ཅིག༔ རྟེན་འབྲེལ་སྙིང་པོ་དང་བཅས་པ་ལན་བདུན་བརྗོད༔ དེ་ནས་འདི་ལྟར་བཀའ་བསྒོ་བར་བྱའོ༔ ཀྱཻ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ ལས་ལས་སྐྱེས་ཤིང་གཤེད་གྱུར་པ༔ འཆི་བདག་ལས་ཀྱི་གཤིན་རྗེ་ཁྱོད༔ སྣང་སྲིད་ལྷ་འདྲེ་འཁོར་དང་བཅས༔ མ་ལུས་གསན་ཅིང་དགོངས་སུ་གསོལ༔ དེ་རིང་རྒྱུ་སྦྱོར་ཡོན་བདག་འདི༔ འཆི་བདག་ཁ་ནས་བསླུ་བ་དང་༔ བགེགས་ཀྱི་ཡུལ་ནས་ཕྱིར་བཟློག་ཅིང་༔ གཤེད་མའི་ལག་ནས་ཉོ་ཚོང་བྱེད༔ ཤ་ཁྲག་རུས་པ་སྲོག་དབུགས་དཀོར༔ བླ་ཚེ་ཕུང་ཁམས་སྐྱེ་མཆེད་ཀྱི༔ རིན་དང་ཚབས་སུ་མདོས་གླུད་འབུལ༔ དཔལ་ལྡན་མགོན་པོ་མན་ཆད་ནས༔ ཐེའུ་རང་རྐང་གཅིག་ཡན་ཆད་ཀྱི༔ དྲེགས་པ་སྡེ་བརྒྱད་ཐམས་ཅད་ཉོན༔ ལས་ཀྱི་གཤིན་རྗེ་མན་ཆད་ནས༔ བྱིས་པའི་གདོན་ཆེན་ཡན་ཆད་ཀྱི༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ཉོན༔ བི་ན་ཡ་ག་མན་ཆད་ནས༔ གྲོང་རྒྱུག་འདྲེ་མོ་ཡན་ཆད་ཀྱི༔ ལན་ཆགས་བདག་པོ་བདག་མོ་ཉོན༔ འཕྲོག་མ་མ་བུ་མན་ཆད་ནས༔ གནས་གདོན་ལུས་གདོན་ཡན་ཆད་ཀྱི༔ ལྷ་འདྲེ་ཆེ་ཕྲ་ཆུང་གསུམ་ཉོན༔ མ་ཚོར་མ་རིག་མ་སྨྲ་ཞིང་༔ མ་གོ་མ་མཐོང་མ་ཟེར་ཅིག༔ མི་དང་མདོས་གླུད་བརྗེ་བ་ནི༔ རིན་ཆེན་སྣ་ལྔ་ལས་གྲུབ་པའི༔ རི་རབ་ལྷུན་པོ་བརྗིད་ལྡན་པ༔ འོད་ལས་གྲུབ་པའི་འདོད་རྒུའི་དཔལ༔ སྦྱིན་བདག་ཕོ་མོའི་གླུད་དུ་འབུལ༔ དཔག་བསམ་ལྗོན་ཤིང་རྒྱས་པ་ལས༔ ལོངས་སྤྱོད་ཆར་ལྟར་འབེབས་པ་དང་༔ རྩིབས་བརྒྱད་ལྡན་པའི་ནམ་མཁའ་འདི༔ སྦྱིན་བདག་ཕོ་མོའི་གླུད་དུ་འབུལ༔ ཁང་བཟང་དབྱིབས་ལེགས་མཛེས་ལྡན་དང་༔ གོས་དར་རས་ཕྲུག་སྣམ་ཤར་དང་༔ འཕན་གདུགས་རྒྱལ་མཚན་བླ་བྲེ་སོགས༔ སྦྱིན་བདག་ཕོ་མོའི་གླུད་དུ་འབུལ༔ ལྷབ་ལྷུབ་གོས་ཀྱི་རིགས་བྱེད་དང་༔ སྲ་མཁྲེགས་གོ་ཁྲབ་རྣོ་དབལ་མཚོན༔ མཛེས་པའི་རྒྱན་ཆ་སྣ་ཚོགས་པ༔ སྦྱིན་བདག་ཕོ་མོའི་གླུད་དུ་འབུལ༔ ཁྱུང་ཆེན་རྨ་བྱ་དེ་ཕོ་དང་༔ བྱ་མ་ལྷེབ་ཚེ་ཡན་ཆད་ཀྱི༔ འདབ་ཆགས་ཆ་མ་ཆོ་རྒུ་འདི༔ སྦྱིན་བདག་ཕོ་མོའི་གླུད་དུ་འབུལ༔ གཡས་གྲལ་སྐྱེ་བོ་ཞུབ་ཆས་ཅན༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ གཡོན་གྲལ་བུད་མེད་མཛེས་མའི་ཚོགས༔ ཟ་མ་མོ་ཡི་གླུད་དུ་འབུལ༔ སྦྱིན་བདག་མི་ཕྱུགས་འཁོར་དང་བཅས༔ འཆི་བདག་གཤེད་མའི་ལག་ནས་བསླུ༔ བཟུང་བ་ཐོང་ལ་བཅིངས་པ་ཁྲོལ༔ བསྡམ་པ་ཀློད་ལ་མནན་པ་ཐེག༔ ཟོས་པ་སྐྱུགས་ལ་གཏད་པ་ཐོན༔ བྱད་དུ་བཅུག་པའི་བྱད་ཐག་ཆོད༔ ནད་ལས་གྲོལ་ཞིང་གདོན་དང་ཕྲོལ༔ དང་པོ་ཕྱག་ན་རྡོ་རྗེའི་བཀའ༔ བར་དུ་རིག་འཛིན་བརྒྱུད་པའི་དམ༔ ཐ་མ་རྣལ་འབྱོར་བདག་གི་ཚིག༔ མ་འདའ་བཛྲ་ས་མ་ཡ༔ རི་རབ་བང་རིམ་གཉིས་པ་ལ༔ རི་དྭགས་གཡུང་དྭགས་ཆུ་གནས་དང་༔ སྡེར་ཆགས་རྨིག་ཆགས་ལ་སོགས་པའི༔ གཟུགས་འགྲོས་རྣམ་པ་སྣ་ཚོགས་ཀུན༔ སྦྱིན་བདག་ཕོ་མོའི་གླུད་དུ་འབུལ༔ བཟུང་བ་ཐོང་ལ་བཅིངས་ལ་ཁྲོལ༔ བསྡམ་པ་ཀློད་ལ་མནན་པ་ཐེག༔ ཟོས་པ་སྐྱུགས་ལ་གཏད་པ་ཐོན༔ བྱད་དུ་བཅུག་པའི་བྱད་ཐག་ཆོད༔ ནད་ལས་གྲོལ་ཞིང་གདོན་དང་ཕྲོལ༔ དང་པོ་ཕྱག་ན་རྡོ་རྗེའི་བཀའ༔ བར་དུ་རིག་འཛིན་བརྒྱུད་པའི་དམ༔ ཐ་མ་རྣལ་འབྱོར་བདག་གི་ཚིག༔ མ་འདའ་བཛྲ་ས་མ་ཡ༔ རི་རབ་བང་རིམ་གསུམ་པ་ལ༔ ཁྲམ་ཤིང་དམར་ནག་བྲིས་པ་དང་༔ རྒྱང་བུ་འཇའ་ཡི་རིས་ཅན་དང་༔ ཁ་དོག་སྣ་ཚོགས་ནམ་མཁའ་ནི༔ སྦྱིན་བདག་ཕོ་མོའི་གླུད་དུ་འབུལ༔ ཕོ་ཏང་སྟག་གཟིག་བརྒྱན་པ་འདི༔ ཡོན་བདག་ཕོ་ཡི་གླུད་དུ་འབུལ༔ མོ་ཏང་དར་གྱིས་བརྒྱན་པ་འདི༔ ཟ་མ་མོ་ཡི་གླུད་དུ་འབུལ༔ གསེར་དངུལ་ཟངས་ལྕགས་གཡུ་བྱེ་རུ༔ མཆོང་དང་མུ་མིན་དུང་ར་གན༔ ནོར་བུ་མུ་ཏིག་གཟི་དང་སྤུག༔ རིན་ཆེན་ནོར་གྱི་རིགས་བྱེད་ཀུན༔ སྦྱིན་བདག་ཕོ་མོའི་གླུད་དུ་འབུལ༔ བཙོས་ཤ་རྗེན་ཤ་ཁུ་བ་རྐང་༔ དམར་ནག་ཁྲག་གི་རྒྱ་མཚོ་འདི༔ སྦྱིན་བདག་ཕོ་མོའི་གླུད་དུ་འབུལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཤིང་ཏོག་ལ་སོགས་ཟས་ཀྱི་རིགས༔ སྦྱིན་བདག་ཕོ་མོའི་གླུད་དུ་འབུལ༔ ཨ་རུ་བ་རུ་སྐྱུ་རུ་དང་༔ བཟང་དྲུག་སྨན་གྱི་རིགས་བྱེད་སོགས༔ མདོར་ན་ཡིད་ལ་གང་འདོད་པའི༔ ལོངས་སྤྱོད་འདོད་རྒུའི་དཔལ་གྱི་གཏེར༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ སྦྱིན་བདག་ཕོ་མོའི་གླུད་དུ་འབུལ༔ བཟུང་བ་ཐོང་ལ་བཅིངས་པ་གྲོལ༔ བསྡམ་པ་ཀློད་ལ་མནན་པ་ཐེག༔ ཟོས་པ་སྐྱུགས་ལ་གཏད་པ་ཐོན༔ བྱད་དུ་བཅུག་པའི་བྱད་ཐག་ཆོད༔ ནད་ལས་གྲོལ་ཞིང་གདོན་དང་ཕྲོལ༔ དང་པོ་ཕྱག་ན་རྡོ་རྗེའི་བཀའ༔ བར་དུ་རིག་འཛིན་བརྒྱུད་པའི་དམ༔ ཐ་མ་རྣལ་འབྱོར་བདག་གི་ཚིག༔ མ་འདའ་བཛྲ་ས་མ་ཡ༔ དེ་ནས་གླུད་འབུལ་བ་ལ༔ ཨོཾ་སྭ་བྷཱ་ཝ་སོགསགླུད་གཏོར་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་དཔག་ཡས་ནམ་མཁའི་ཁྱོན་དང་མཉམ་པར་གྱུར༔ ནམ་མཁའ་མཛོད་སྔགས་དང་༔ ཨ་ཀཱ་རོའི་མཐར༔ ཀྱཻ༔ འཆི་བདག་གཤིན་རྗེའི་རྒྱལ་པོ་སོགས༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔ སྦྱིན་བདག་མི་ནོར་འཁོར་བཅས་ཀྱི༔ ཤ་ཡི་རིན་དང་ཁྲག་གི་ཚབས༔ བླ་སྲོག་དབུགས་དང་སྐྱེ་མཆེད་ཀྱི༔ གླུད་དུ་འདོད་རྒུའི་ལོངས་སྤྱོད་འབུལ༔ ནད་པ་ནད་ལས་ཐར་བ་དང་༔ འཆི་བདག་ལག་ནས་ཐར་བར་མཛོད༔ མཚན་བཞི་དང༔ སཾ་བྷ་རས་ངར་མི་དང་འབྲས་ཆན་ལན་བཅུ་རེ་ཕུལ་མཐར༔ ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་ཀ་ནས་དག་པའི་བདེན་པ་དང་༔ ཀུན་རྫོབ་རྟེན་འབྲེལ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པའི་མཐུས༔ སྦྱིན་པའི་བདག་པོ་ཆེ་གེ་མོའི་ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་དུས་མ་ཡིན་པའི་འཆི་བ་རླུང་དང་མཁྲིས་པ་བད་ཀན་འདུས་པའི་ནད་རིགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག༔ ལོ་ཀེག་ཟླ་ཀེག་ཞག་ཟ་མའི་ཀེག་དུས་ཚོད་ཚེས་གྲངས་ཀྱི་ཀེག་མོ་རྩིས་རྨི་ལམ་མཚན་མ་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག༔ བྱང་ཞིང་དག་པར་གྱུར་ཅིག༔ ནད་རིམ་ཡམས་ནད་འགོ་བའི་ནད་རིགས་ཐམས་ཅད་དང་སྲི་ངན་གཤིན་རྗེའི་ཁྲམ་དང་ཕོ་ཉ་མ་མོའི་བཀའ་ཆད་བྱད་དང་བྱུར་དང་གཏད་ཁྲམ་ངན་པ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག༔ མེད་པར་གྱུར་ཅིག༔ ཞི་བར་གྱུར་ཅིག༔ སླད་ཆད་ཀྱང་མི་འབྱུང་བར་གྱུར་ཅིག༔ ཅེས་དེ་ལྟར་ཡང་ཡང་བསྐྱར་ནས་བརྒྱ་རྩ་ཕུལ༔ དེ་ནས་ཡས་ལམ་བསྟན་ཅིང་རྫོང་འདེབས་པ་ལ༔ ཀྱཻ༔ འཆི་བདག་ལས་ཀྱི་གཤིན་རྗེ་སོགས༔ སྣང་སྲིད་ལྷ་འདྲེ་ཆེ་རྒུ་རྣམས༔ ཆོས་ཤིག་ཆོས་ཤིག་ད་ཆོས་ཤིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བཀའ་ལ་མི་ཉན་དམ་འོག་ཏུ༔ མི་འདུ་བ་ཡི་གདོན་བགེགས་རྣམས༔ དྲག་ཤུལ་སྟོབས་ཀྱིས་དབང་དུ་བསྡུས༔ རྒྱ་མཚོ་ཆེན་པོའི་ཕ་མཐའ་རུ༔ རང་དབང་མེད་པར་དེད་ལ་སོངས༔ འཆི་བདག་གཤིན་རྗེའི་ཡུལ་དུ་ཁྱེར༔ ཕྱིར་མི་ལྡོག་པའི་ཟིལ་གནོན་ཐོབ༔ སྦྱིན་བདག་ནད་ཡས་ཐར་བར་མཛོད༔ ནད་དེ་ནད་བདག་རང་ལ་བསྡུས༔ ཟུག་རྔུ་དྲུང་ནས་འབྱིན་པར་མཛོད༔ གདོན་བགེགས་གནོད་བྱེད་མ་ལུས་པ༔ འཆི་བདག་གཤིན་རྗེ་ཁྱོད་ཀྱིས་ཁྱེར༔ ད་ནི་ལྷ་འདྲེའི་ལམ་བསྟན་ན༔ དགུ་ཚིག་སྐྱ་མོ་ཡས་ཀྱི་ལམ༔ སྣང་སྲིད་ལྷ་འདྲེ་དེ་རུ་བཞུད༔ ཤར་ཕྱོགས་ལྷ་འདྲེ་ཤར་དུ་གཤེགས༔ དྲི་ཟའི་ཡུལ་དུ་གནས་རྟེན་ཆོས༔ ཤར་གྱི་གནོད་བྱེད་དེ་རུ་ཁྱེར༔ ཆགས་ཞེན་ཕྱི་མིག་མ་ལྟ་ཞིག༔ ལྷོ་ཡི་ལྷ་འདྲེ་ལྷོ་རུ་གཤེགས༔ གཤིན་རྗེའི་ཡུལ་དུ་གནས་རྟེན་ཆོས༔ ལྷོ་ཡི་གནོད་བྱེད་དེ་རུ་ཁྱེར༔ ཆགས་ཞེན་ཕྱི་མིག་མ་ལྟ་ཞིག༔ ནུབ་ཕྱོགས་ལྷ་འདྲེ་ནུབ་ཏུ་གཤེགས༔ ཆུ་ལྷའི་ཡུལ་དུ་གནས་རྟེན་ཆོས༔ ནུབ་ཀྱི་གནོད་བྱེད་དེ་རུ་ཁྱེར༔ ཆགས་ཞེན་ཕྱི་མིག་མ་ལྟ་ཞིག༔ བྱང་ཕྱོགས་ལྷ་འདྲེ་བྱང་དུ་གཤེགས༔ གནོད་སྦྱིན་ཡུལ་དུ་གནས་རྟེན་ཆོས༔ བྱང་གི་གནོད་བྱེད་དེ་རུ་ཁྱེར༔ ཆགས་ཞེན་ཕྱི་མིག་མ་ལྟ་ཞིག༔ ཤར་ལྷོའི་ལྷ་འདྲེ་ཤར་ལྷོར་གཤེགས༔ མེ་ལྷའི་ཡུལ་དུ་གནས་རྟེན་ཆོས༔ ཤར་ལྷོའི་གནོད་བྱེད་དེ་རུ་ཁྱེར༔ ཆགས་ཞེན་ཕྱི་མིག་མ་ལྟ་ཞིག༔ ལྷོ་ནུབ་ལྷ་འདྲེ་མཚམས་སུ་གཤེགས༔ སྲིན་པོའི་ཡུལ་དུ་གནས་རྟེན་ཆོས༔ ལྷོ་ནུབ་གནོད་བྱེད་དེ་རུ་ཁྱེར༔ ཆགས་ཞེན་ཕྱི་མིག་མ་ལྟ་ཞིག༔ ནུབ་བྱང་ལྷ་འདྲེ་མཚམས་སུ་གཤེགས༔ རླུང་ལྷའི་ཡུལ་དུ་གནས་རྟེན་ཆོས༔ ནུབ་བྱང་གནོད་བྱེད་དེ་རུ་ཁྱེར༔ ཆགས་ཞེན་ཕྱི་མིག་མ་ལྟ་ཞིག༔ བྱང་ཤར་ལྷ་འེདྲ་མཚམས་དེར་གཤེགས༔ དབང་ལྡན་ཡུལ་དུ་གནས་རྟེན་ཆོས༔ བྱང་ཤར་གནོད་བྱེད་དེ་རུ་ཁྱེར༔ ཆགས་ཞེན་ཕྱི་མིག་མ་ལྟ་ཞིག༔ སྟེང་ཕྱོགས་ལྷ་འདྲེ་སྟེང་དུ་གཤེགས༔ ཚངས་པའི་ཡུལ་དུ་གནས་རྟེན་ཆོས༔ སྟེང་གི་གནོད་བྱེད་དེ་རུ་ཁྱེར༔ ཆགས་ཞེན་ཕྱི་མིག་མ་ལྟ་ཞིག༔ འོག་ཕྱོགས་ལྷ་འདྲེ་འོག་ཏུ་གཤེགས༔ དཔག་ཚད་བརྒྱད་ཁྲིའི་འོག་རོལ་དུ༔ རྟེན་ཆོས་འོག་ནས་བྱུང་བ་ཡི༔ གནོད་བྱེད་ཐམས་ཅད་དེ་རུ་ཁྱེར༔ ཆགས་ཞེན་ཕྱི་མིག་མ་ལྟ་ཞིག༔ ཀྱཻ༔ འཆི་བདག་གཤིན་རྗེའི་རྒྱལ་པོ་སོགས༔ སྣང་སྲིད་ལྷ་འདྲེ་ཁྱོད་རྣམས་ལ༔ ཡང་ཅིག་རྫོངས་སུ་འདེབས་པ་ནི༔ འགྲན་བྲལ་ངར་གྱི་མི་བོ་ཆེ༔ ཁོག་སྟོད་དེ་ནི་གསེར་ལས་བྱས༔ ཁོག་སྨད་དངུལ་ལས་བྱས་པ་སྟེ༔ ལོང་ཐང་ནག་པོའི་མིག་འབྲས་ལ༔ མགྲོན་བུ་དཀར་པོའི་སོ་ཕྲེང་བྱས༔ རྐང་ལག་རིན་ཆེན་ཟངས་ལས་གྲུབ༔ ཟེར་མོང་དག་ལས་གྲུབ་པའི་སྐྲ༔ ལག་གཡས་དཔག་བསམ་ལྗོན་ཤིང་དང་༔ གཡོན་པ་འདོད་བྱུང་ནོར་བུ་ཐོགས༔ འགྲོ་མཁས་དེ་ནི་ལྡེམས་སེ་ལྡེམ༔ གཅིག་ལས་གྲངས་དཔག་མེད་པར་འཕྲོས༔ དེ་འདྲའི་ཡོན་ཏན་ཀུན་ལྡན་པའི༔ འགྲན་བྲལ་ངར་གྱི་མི་ཆེན་འདི༔ སྦྱིན་བདག་ཕོ་མོའི་གླུད་དུ་བསྐྱལ༔ ཁྱེད་ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ འདབ་ཆགས་སྡེར་ཆགས་རྨིག་ཆགས་དང་༔ གཟུགས་འགྲོས་རྣམ་པ་སྣ་ཚོགས་པ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ནས༔ ཁྱེད་ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ གསེར་དངུལ་ཟངས་ལྕགས་གཡུ་བྱུ་རུ༔ རིན་ཆེན་ནོར་གྱི་རིགས་གྱུར་པ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ནས༔ ཁྱེད་ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ སྦྲ་ཁང་དར་གུར་ལ་སོགས་པའི༔ ཡིད་དང་མཐུན་པའི་ཁང་ཁྱིམ་རིགས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ནས༔ ཁྱེད་ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ ཀ་ཆ་དཀོར་ཆ་གོ་མཚོན་རིགས༔ འདོད་རྒུའི་ཡོ་བྱད་སྣ་ཚོགས་པ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ནས༔ ཁྱེད་ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ ཤ་ཁྲག་དམར་གྱི་རྒྱ་མཚོ་དང་༔ དཀར་གསུམ་མངར་གསུམ་ཟས་ཀྱི་རིགས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ནས༔ ཁྱེད་ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ ཇ་ཆང་འོ་ཞོ་ལ་སོགས་པའི༔ སྐོམ་དུ་བཏུང་བའི་རིགས་བྱེད་ཀུན༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ནས༔ ཁྱེད་ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ མདོར་ན་བཟའ་བཅའ་བཏུང་བ་དང་༔ ལྡག་པ་གཞིབ་པ་ལ་སོགས་པའི༔ རང་རང་ཡིད་མཐུན་ཟས་ཀྱི་རིགས༔ དངོས་སུ་འབྱོར་བ་བཤམས་པ་ལ༔ ཡིད་ཀྱིས་ནམ་མཁའ་མཛོད་དུ་སྤྲུལ༔ ཁྱེད་ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ ཕམ་རྒྱལ་འཐབ་རྩོད་མེད་པར་ལོངས༔ ང་ཡིས་འབུལ་བ་མ་ནོར་ལ༔ ཁྱེད་ཀྱིས་བཞེས་པ་མ་ནོར་ཅིག༔ དགའ་མགུ་ཡི་རངས་ཚིམ་གྱུར་ནས༔ ད་ནི་ཆོས་ཆོས་འགྲོ་རེ་རན༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་བཟློག་ཅིང་སོང་༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་བཟློག་ཅིང་སོང་༔ མོ་ལྟས་རྨི་ངན་མཚན་ངན་བཟློག་ཅིང་སོང་༔ མི་ཡི་ན་ཚ་མ་ལུས་བཟློག་ཅིང་སོང་༔ ཕྱུགས་ཀྱི་གོད་ཁ་མ་ལུས་བཟློག་ཅིང་སོང་༔ ཆེ་སྲི་ཆུང་སྲི་མ་ལུས་བཟློག་ཅིང་སོང་༔ གཞོན་སྲི་དར་སྲི་ཐམས་ཅད་བཟློག་ཅིང་སོང་༔ བྱུར་སྲི་དམ་སྲི་ཐམས་ཅད་བཟློག་ཅིང་སོང་༔ ལྟོག་འགོང་དབུལ་སྲི་ཐམས་ཅད་བཟློག་ཅིང་སོང་༔ ཟ་འདྲེ་ཕུང་སྲི་ཐམས་ཅད་བཟློག་ཅིང་སོང་༔ གྲི་ཁ་མཚོན་ཁ་ཐམས་ཅད་བཟློག་ཅིང་སོང་༔ ཐན་དང་ལྟས་ངན་མ་ལུས་བཟློག་ཅིང་སོང་༔ མི་ཁ་ཁ་མཆུ་གྱོད་སྲི་བཟློག་ཅིང་སོང་༔ དུས་མིན་འཆི་བ་བཅོ་བརྒྱད་བཟློག་ཅིང་སོང་༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་བཟློག་ཅིང་སོང་༔ བན་བོན་ཀླ་ཀློའི་བྱད་ཁ་བཟློག་ཅིང་སོང་༔ གཏད་མནན་ཧོམ་ཟོར་གནོད་པ་བཟློག་ཅིང་སོང་༔ སྔོན་ལས་འཕྲལ་རྐྱེན་ངན་པ་བཟློག་ཅིང་སོང་༔ གཤིན་རྗེའི་ཁྲམ་ཁ་མ་ལུས་བསྒྱུར་ཞིང་སོང་༔ བདུད་ཀྱི་རྩིས་དང་བཙན་གྱི་ཤྭ་རྡེལ་ཟློག༔ མ་མོའི་ནད་ཡམས་ལྷ་འདྲེའི་རྟགས་བབ་ཟློག༔ སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ངན་དང་༔ གཟུགས་ཅན་གཟུགས་མེད་དགྲ་བགེགས་མ་ལུས་པ༔ བཟློག་ཅིང་བསྒྱུར་ལ་ཁྱེད་ཅག་རྣམས་ཀྱིས་གཞོམ༔ མདོར་ན་མི་འདོད་མི་མཐུན་ཕྱོགས་ངན་ཀུན༔ མ་ལུས་ལུས་པ་མེད་པར་བཟློག་ཅིང་སོང་༔ ནད་མུག་མཚོན་འཁྲུགས་ཨར་ཇག་རྐུན་མའི་རིགས༔ འཆི་བདག་ལས་ཀྱི་གཤིན་རྗེ་ལ་སོགས་པའི༔ སྣང་སྲིད་ལྷ་འདྲེ་ཁྱེད་ལ་གཏད་དོ་ཁྱེར༔ རྗེས་ཤུལ་ལྷག་མ་མེད་པར་ཧབ་ཐོབ་ཀྱིས༔ གནས་འདིར་མ་གནོད་མ་རྒོལ་མ་སྡང་ཞིག༔ མ་ཆགས་མ་ཞེན་མ་འཁོར་འགྲོ་བར་གྱིས༔ གལ་ཏེ་མི་འགྲོ་བཀའ་ལ་མི་ཉན་ན༔ དུས་གསུམ་རྒྱལ་བ་རྣམས་ཀྱི་བཀའ་བཅག་པའི༔ བཀའ་ཆད་དྲག་པོས་མགོ་བོ་ཚལ་བར་འགེམས༔ རྡོ་རྗེའི་མེ་དཔལ་ཆེན་པོས་སྙིང་བསྲེགས་ནས༔ ལུས་ངག་ཡིད་གསུམ་རྡུལ་དུ་བརླག་ནས་ཀྱང་༔ རྣམ་ཤེས་མནར་མེད་དམྱལ་བའི་གནས་སུ་ལྷུང༔ དེ་བས་ད་ལྟ་ཉིད་དུ་ལ་འུར་སོང་༔ སརྦ་བིགྷྣཱན་གརྫ་ཧཱུྃ་ཕཊ༔ མཐར་ཟློག་པ་ཅི་རིགས་བརྗོད་བཞིན་ཐལ་མོ་གདབ༔ མདོས་གླུད་བསྐྱལ་བའི་རྗེས་སུ་ཐུན་གྱིས་བྲབ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ༔ ཨོཾ་པདྨནྟ་ཀྲིཏ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ན་མོ་རཏྣ་ཏྲ་ཡ་ཡཱ༔ ན་མཿཙཎྜ་སོགསཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཀྱི་བར་བརྗོད་ཅིང་བྲབ༔ ཆུ་ལ་བཏབ་སྟེ་སྦྲ་ཁང་གནས་མལ་རྣམས་ལ་གཏོར༔ གཞུང་གི་བགེགས་བསྐྲད་སྲུང་གུར་དང་བཅས་པའི་རྗེས་སུ་ཚེ་འགུགས་དང་རྒྱས་གདབ་ནན་དུ་བྱས་ལ་བཀྲ་ཤིས་ཅི་རིགས་བརྗོད་པར་བྱའོ༔ བསྐྱེད་རྫོགས་གདིང་དང་ལྡན་པའི་རྣལ་འབྱོར་གྱིས༔ འདི་ལྟར་མདོས་གླུད་བཏང་བའི་ཡོན་ཏན་ནི༔ ནད་པའི་ཚེ་བསྲིང་འཆི་བ་བསླུ་བ་དང་༔ འདྲེ་གདོན་བགེགས་ཀྱི་རྒོལ་པ་ཐམས་ཅད་དང་༔ མདོར་ན་མི་འདོད་མི་མཐུན་ཕྱོགས་ངན་པ༔ ཐམས་ཅད་འདི་ཡིས་མི་བཟློག་གང་ཡང་མེད༔ འབྱོར་བ་ཆེ་ཆུང་དབང་དུ་བྱས་ནས་སུ༔ མདོས་རྫས་གླུད་རྫས་གྲངས་མང་རྒྱ་ཆེ་ཞིང་༔ མཛེས་ཤིང་གཙང་སྦྲ་བྱེད་པ་གནད་དུ་ཤེས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ་བབས་ཚེ༔ འདྲེ་རྒོད་གདུག་པས་སྐྱེ་འགྲོའི་སྲོག་ལ་རྒོལ༔ ཤི་ཚད་འདྲེར་ལྡང་གསོན་ལ་ཟ་ཁ་སྟོན༔ མི་ཕྱུགས་ཀུན་ལ་མི་བདེའི་ལ་ཡོག་འདོར༔ དེ་དག་བཟློག་པའི་ཐབས་ལ་འདི་ཟབ་པས༔ གཞན་གྱིས་བཟློག་པར་མི་ནུས་པ་ཡི་རིགས༔ ཐམས་ཅད་འདི་ཡིས་མི་བཟློག་གང་ཡང་མེད༔ པད་འབྱུང་བདག་གིས་འགྲོ་ལ་སྙིང་བརྩེ་བས༔ སྨོན་ལམ་མཐུ་དང་ཏིང་འཛིན་རྒྱ་ཡིས་བཏབ༔ མཁའ་འགྲོ་མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབས༔ ཁམས་སུ་རྡོ་རྗེ་བྲག་ལ་གཏེར་དུ་སྦོས༔ སྨོན་ལམ་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ བཀའ་འདི་གནོད་སྦྱིན་ཤན་དམར་ཁྱོད་ལ་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨ་ཐཾ་རྒྱ༔ གུ་ཧྱ༔ ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཞེས་བྱ་བ་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་བདུན་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་ངོ་མཚར་རྒྱ་མཚོ་དང་༔ ཨ་སྤོ་སྡོང་གི་བནྡེ་རྟོགས་ལྡན་གཉིས་ཀྱིས་ནན་དུ་བསྐུལ་ངོར་རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་གི་ཉེ་འདབས་སུ་གཏན་ལ་ཕབ་པ་ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།