དག་སྣང་ཡེ་ཤེས་དྲྭ་བ་ལས༔ རྣམ་དག་སྨོན་ལམ་ཐར་པའི་གྲུ་གཟིང་༔

From Dudjom Wiki
Revision as of 15:39, 9 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-16-MA-019
Wylie title dag snang ye shes drwa ba las: rnam dag smon lam thar pa'i gru gzing: TTDL-ZABTER-16-MA-019.pdf
Location bdud 'joms gling pa zab gter
Volume 16, Text 19, Pages 67-68 (Folios 1a1 to 1b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las rnam dag smon lam thar pa'i gru gzing. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 16: 67-68. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: smon lam   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Prayers - smon lam
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Colophon

ཞེས་པ་འདི་ཡང་སྐྱེ་བ་དུ་མར་འབྲེལ་བའི་སློབ་བུ་འཇམ་དཔལ་རྡོ་རྗེས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བ་དགེ།

zhes pa 'di yang skye ba du mar 'brel ba'i slob bu 'jam dpal rdo rjes bskul ngor bdud 'joms rdo rjes dag snang ye shes drwa ba las bsgyur ba dge

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ རྣམ་དག་སྨོན་ལམ་ཐར་པའི་གྲུ་གཟིང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མདུན་གྱི་ནམ་མཁར་སྟོན་པ་བཅོམ་ལྡན་འདས༔ དཔང་དུ་བཙུགས་ཏེ་སྨོན་ལམ་འདི་བརྗོད་བྱ༔ ན་མོ༔ སྐྱབས་གསུམ་དམ་པ་དཀོན་མཆོག་དང་རྩ་གསུམ་དམ་ཅན་རྒྱ་མཚོའི་བཀའ་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་རྣམ་པར་དག་ཅིང་ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུ་སྟོབས་ལ་བརྟེན་ནས༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལོངས་སྐུ་རིགས་ལྔ་གངས་ཅན་སྤྲུལ་སྐུ་རིགས་གསུམ་མགོན་པོ་རྒྱ་གར་གྱི་རིག་འཛིན་བརྒྱད་དང་གྲུབ་ཆེན་བརྒྱད་ཅུ་མཁན་ཆེན་བོ་དྷི་སཏྭ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་རྗེ་འབངས་ཉི་ཤུ་རྩ་ལྔ་གཏེར་སྟོན་བརྒྱ་དང་རྩ་བརྒྱད་ལ་སོགས་པ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་བདག་གི་རྒྱུད་ལ་སྐད་ཅིག་ད་ལྟ་ཉིད་དུ་འཕོ་བར་གྱུར་ཅིག༔ ཐིམ་པར་གྱུར་ཅིག༔ ཡོངས་སུ་རྫོགས་པར་གྱུར་ཅིག༔ འགྱུར་མེད་རབ་ཏུ་གནས་ཤིང་བརྟན་པར་གྱུར་ཅིག༔ བསྐྱེད་པ་མ་ཧཱ་ཡོ་གའི་ལམ་ཉམས་སུ་བླངས་པ་ཙམ་གྱིས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་འཕོས་ཤིང་སྨིན་ཏེ་གྲོལ་བར་གྱུར་ཅིག༔ གཞི་ཁྲེགས་ཆོད་ཀྱི་གདམས་པ་ཉམས་སུ་བླངས་པ་ཙམ་གྱིས་ཀ་དག་རྫོགས་པ་ཆེན་པོའི་ལྟ་སྒོམ་ཡོན་ཏན་ཕྱིན་ཅི་མ་ལོག་པ་རྒྱུད་ལ་སྐྱེས་ཏེ་རྟོགས་པ་ནམ་མཁའ་མཉམ་པར་གྱུར་ཅིག༔ ལམ་ཐོད་རྒལ་གྱི་གདམས་པ་ཉམས་སུ་བླངས་པ་ཙམ་གྱིས་སྣང་བ་བཞིའི་ཉམས་རྟོགས་ཡོན་ཏན་ཁྱད་པར་ཅན་ཚང་ལ་མ་ནོར་བ་རྒྱུད་ལ་སྐྱེ་བར་གྱུར་ཅིག༔ ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་དབྱིངས་སུ་ཟད་དེ་གཞོན་ནུ་བུམ་པའི་སྐུ་རུ་སངས་རྒྱས་ནས་འཇའ་ལུས་འཕོ་བ་ཆེན་པོར་སངས་རྒྱས་པར་གྱུར་ཅིག༔ ཅེས་སྨོན་ལམ་འགྲུབ་པའི་བདེན་བརྗོད་དང་སྔགས་གཉིས་ལན་བདུན་དུ་བཟླས་པས་ངེས་པར་འགྲུབ༔ སྨོན་ལམ་བདེན་བརྗོད་དང་བཅས་པ་མ་རྫོགས་ཀྱི་བར་དུ་མི་ཚིག་གིས་བར་མི་ཆོད་པ་གནད་དམ་པའོ༔ ས་མ་ཡ༔ ཞེས་པ་འདི་ཡང་སྐྱེ་བ་དུ་མར་འབྲེལ་བའི་སློབ་བུ་འཇམ་དཔལ་རྡོ་རྗེས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བ་དགེ།།