TTDL-ZABTER-08-NYA-021

From Dudjom Wiki
Revision as of 13:46, 13 August 2024 by Mort (talk | contribs)

TTDL-ZABTER-08-NYA-021
Wylie title TTDL-ZABTER-08-NYA-021.pdf
Location bdud 'joms gling pa zab gter
Volume 8, Text 21, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms srung ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
བརྡ་ཡིག་༠༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་དྲག་བསྐུལ་འཇིག་རྟེན་ཕུང་བྱེད་བཞུགས་སོ༔ བརྡ་ཡིག་༠༠༠༠༠༠༠༡༦༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བསྐལ་པ་དུས་ཀྱི་སྙིགས་མ་ལ༔ ཟབ་གསང་ཉམས་ལེན་རྣལ་འབྱོར་ལ༔ འཚེ་བ་དགྲ་ཡིས་རྒོལ་བའི་ཚེ༔ རྒྱབ་བརྟེན་ཡི་དམ་ལྷ་ལ་བྱ༔ ལས་ཀ་དྲག་པོའི་མཐུ་ལ་བྱ༔ དཔུང་རོགས་བཀའ་སྲུང་གཉན་པོར་བཅོལ༔ དེ་ཕྱིར་བསྐུལ་བ་ཟབ་མོ་གནད༔ ལག་ཏུ་ལེན་པའི་རིམ་པ་ལ༔ དམར་གཏོར་ཁྲག་སྐྱེམས་ཀྱིས་བྲན་ཏེ༔ ཡི་དམ་ལྷ་ཡི་ང་རྒྱལ་གྱིས༔ ཀྱཻ༔ བསླུ་མེད་སྐྱབས་གནས་དམ་པ་དཀོན་མཆོག་གསུམ༔ ཐར་དང་རྣམ་མཁྱེན་ལམ་གྱི་རྩ་བ་གསུམ༔ བདེ་གཤེགས་སྙིང་པོའི་རང་བཞིན་སྐུ་གསུམ་དབྱིངས༔ ཐུགས་རྗེ་བརྩེ་བ་ཆེན་པོས་བདག་ལ་དགོངས༔ ཆོས་ཀྱི་དབྱིངས་ལ་ཕྱོགས་རིས་མི་མངའ་ཡང་༔ བརྒྱུད་འཛིན་སྡུག་བསྔལ་གདུང་བ་མི་བཟོད་པས༔ རྩེ་གཅིག་གདུང་ཤུགས་དྲག་པོས་འོ་དོད་འབོད༔ ཐུགས་རྗེའི་རོལ་གར་གཟུགས་བརྙན་ཆུ་ཟླ་བཞིན༔ གང་ལ་གང་འདུལ་དེ་ལ་དེར་སྟོན་པའི༔ ཚིག་དང་དོན་ལ་མི་བསླུ་བདེན་མཆིས་ན༔ རྒྱལ་དང་རྒྱལ་སྲས་ཐུགས་དམ་དབྱིངས་ནས་བཞེངས༔ གློག་ལྟར་མྱུར་བའི་ཕྲིན་ལས་རོལ་གར་སྩོལ༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ མཛོད་ཅིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ ང་ཡིས་སྒྲུབ་པའི་ལྷ་དང་སྲུང་མ་རྣམས༔ མངོན་གྱུར་ལས་ཀྱི་ཕོ་ཉར་མཆིས་པར་མཛོད༔ བློ་ཡིད་རྩེ་གཅིག་ཁྱོད་ལ་གཏོད་དོ་བཅོལ༔ བསླུའམ་མི་བསླུ་བླ་མ་དཀོན་མཆོག་གསུམ༔ ཧོཿདགོངས་སུ་གསོལ་ལོ་ལྷ་དང་སྲུང་མའི་ཚོགས༔ མ་གཡེལ་དམ་ཚིག་ཐུགས་དམ་དུས་ལ་བབས༔ དོ་ནུབ་རྦད་བསྐུལ་དྲག་པོའི་ལས་ལ་ཆོས༔ གཟུགས་མེད་ཁམས་ཀྱི་དབང་ཕྱུག་ནག་པོ་ཆེ༔ བསྐུལ་ལོ་དམ་ཚིག་ཐུགས་དམ་དུས་ལ་བབས༔ གཟུགས་ཁམས་དབང་ཕྱུག་བདེ་དང་གསལ་བའི་བདག༔ བསྐུལ་ལོ་དམ་ཚིག་ཐུགས་དམ་དུས་ལ་བབས༔ གཞན་འཕྲུལ་དབང་བྱེད་ལྷ་ཡི་གནས་མཆོག་ཏུ༔ དྲང་སྲོང་ལྷ་ཡི་བླ་མ་དབང་ཕྱུག་ཆེ༔ བསྐུལ་ལོ་དམ་ཚིག་ཐུགས༴འཕྲུལ་དགའ་ལྷ་ཡི་གནས་མཆོག་དམ་པ་ནས༔ དབང་ཕྱུག་འདོད་པའི་རྒྱལ་པོ་འཁོར་དང་བཅས༔ བསྐུལ་ལོ་དམ་ཚིག་ཐུགས༴དགའ་ལྡན་ལྷ་ཡི་གནས་མཆོག་དམ་པ་ནས༔ དབང་ཕྱུག་ཚོགས་ཀྱི་བདག་པོ་འཁོར་དང་བཅས༔ བསྐུལ་ལོ་དམ་ཚིག་ཐུགས༴ཁམས་གསུམ་ཁྱབ་བདག་མ་ཧཱ་དཱེ་ཝ་ཆེ༔ འཇིགས་བྱེད་ནག་པོ་ཆེན་པོ་འཁོར་དང་བཅས༔ བསྐུལ་ལོ་དམ་ཚིག་ཐུགས༴ལྷ་ཡི་ལྷ་མགོན་མ་མོ་དམ་ཅན་རྣམས༔ ཁྱོད་ཀྱི་རྣམ་པར་འཕྲུལ་ལས་མ་བྱུང་མེད༔ མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་རྣམས༔ བསྐུལ་ལོ་དམ་ཚིག་ཐུགས་དམ་དུས་ལ་བབས༔ སྣང་ཞིང་སྲིད་པའི་དྲེགས་ཅན་སྡེ་བརྒྱད་རྣམས༔ ཐམས་ཅད་ལྷ་ཆེན་དབང་ཕྱུག་ཆེན་པོའི་འཁོར༔ སྲིད་གསུམ་དབང་ཕྱུག་མཐུ་བོ་ཆེ༔ ཁྲོ་གཏུམ་ནག་པོ་རྔམས་པའི་ཞལ༔ གཡས་ན་འགུགས་བྱེད་ལྕགས་ཀྱུ་ཐོགས༔ ཁམས་གསུམ་མ་ལུས་དབང་དུ་བསྡུས༔ གཡོན་ན་འཆིང་བྱེད་ཞགས་པ་བསྣམས༔ སྣང་སྲིད་ཐམས་ཅད་བྲན་དུ་བཅིང་༔ ཞབས་གཉིས་གྱད་ཀྱི་འདོར་ཐབས་བསྒྲད༔ རེ་འགའ་སྤུ་གྲི་མེ་འབར་གྱིས༔ དགྲ་བགེགས་ཐམས་ཅད་ཕྱེ་མར་གཏོར༔ བསྐུལ་ལོ་རྦད་དོ་དགྲ་ལ་ཆོས༔ ཡུམ་མཆོག་ཨུ་མ་དཱེ་ཝ་ཡིས༔ ནག་མོ་མི་སྲུན་ཁྲག་རལ་མའི༔ སྐུར་བཞེངས་སྡང་བའི་དགྲ་ལ་རྒྱུག༔ འགུག་བྱེད་ནག་མོ་ལྕགས་ཀྱུ་མའི༔ ལྕགས་ཀྱུས་འགུག་ཅིང་པདྨས་མྱོས༔ མ་འགྱང་མྱུར་དུ་དགྲ་ལ་ཆོས༔ འཆིང་བྱེད་ནག་མོ་ཞགས་པ་མའི༔ ཞགས་པས་འཆིང་ཞིང་པདྨས་མྱོས༔ བསྐུལ་ལོ་རྦད་དོ་དགྲ་ལ་རྒྱུག༔ སྡོམ་བྱེད་དམར་མོ་ལྕགས་སྒྲོག་མའི༔ ལྕགས་སྒྲོག་གིས་སྡོམ་པདྨས་མྱོས༔ བསྐུལ་ལོ་རྦད་དོ་དགྲ་ལ་རྒྱུག༔ མྱོས་བྱེད་དམར་མོ་དྲིལ་བུ་མའི༔ དྲིལ་བུས་མྱོས་ཤིང་པདྨས་བཀུམ༔ བསྐུལ་ལོ་རྦད་དོ་དགྲ་ལ་རྒྱུག༔ འཁོར་ནི་དཔལ་མགོན་དྲེགས་པའི་ཚོགས༔ བསྐུལ་ལོ་དམ་ཚིག་གཉན་གྱིས་བསྐུལ༔ རྦད་དོ་མཐུ་དང་རྩལ་མ་ཆུང་༔ དོ་ནུབ་དྲག་ཤུལ་ནུས་པ་ཕྱུང་༔ ལ་ལ་ལྷ་རུ་བརྫུ་ཞིང་སོང་༔ སྐྱོབ་བྱེད་ལྷ་སྲུང་བདུད་དུ་ཕོབ༔ ལ་ལ་བདུད་དུ་བརྫུ་ཞིང་སོང་༔ ཡུལ་ལྷ་གཞི་བདག་དཀྲུགས་ཤིང་སོང་༔ ལ་ལ་གཟའ་རུ་བརྫུ་ཞིང་ཆོས༔ མེ་འོད་སྐར་མདའ་འབར་ཞིང་སོང་༔ ལ་ལ་བཙན་དུ་བརྫུ་ཞིང་ཆོས༔ མདའ་མཚོན་ཆར་ལྟར་ཕོབ་ལ་སོང་༔ ལ་ལ་མ་མོར་བརྫུ་ཞིང་ཆོས༔ ཁྲག་ནད་དལ་ཡམས་འབེབ་ཅིང་སོང་༔ ལ་ལ་གཤིན་རྗེར་བརྫུ་ཞིང་ཆོས༔ ཚེ་བསྟུང་སྲོག་དབུགས་སྡུད་ཅིང་སོང་༔ ལ་ལ་རྒྱལ་པོར་བརྫུ༴སྨྱོ་འབོག་ཧུར་ཐུམ་འབེབ་ཅིང་༴ལ་ལ་གནོད་སྦྱིན་བརྫུ༴ཕོང་དང་ཉེས་བརླག་འབེབ༴ལ་ལ་ཀླུ་རུ་བརྫུ༴མཛེ་གྲུམ་ཧྲེང་ལྐུགས་འབེབ་ཅིང་༴ལ་ལ་ཐེའུ་རང་ལ་བརྫུས་ཆོས༔ ནང་འཁྲུག་འཐབ་མོ་དཀྲུག་ཅིང་༴ལ་ལ་འགོང་པོར་བརྫུ་ཞིང་༴སད་སེར་མུ་གེ་འབེབ་ཅིང་༴ལ་ལ་འདྲེ་རུ་བརྫུ༴གོད་ཁ་ཁ་མཆུ་ཕོབ་ཅིང་༴ལ་ལ་གྲི་སྲི་ལ་བརྫུས་ཆོས༔ དགྲ་ལ་གྲི་ཐབས་དབབ་ཅིང༴ཆོས་ཆོས་ནམ་མཁའི་ཁམས་ནས་ཆོས༔ འབྲུག་སྒྲ་ཐོག་སེར་འབེབ་ཅིང་སོང་༔ ཆོས་ཆོས་བར་སྣང་ཁམས༴གཟའ་དང་གློག་དམར་འཁྱུག་ཅིང་༴ཆོས་ཆོས་ས་གཞིའི་ཁམས༴ཐན་དང་ལྟས་ངན་ངོམས༴དགྲ་བོའི་བྱིས་པ་ཚང་ནས་སོད༔ དགྲ་བོའི་དར་མ་གྲི་རུ༴དགྲ་བོའི་མོ་བཙུན་སྦོས་གྲིར༴དགྲ་བོའི་འོག་རྟ་ལངས་ཏེ༴དགྲ་བོའི་ཡུལ་མཁར་མེ་ལ་སྦོར༔ དགྲ་བོའི་སྦྲ་གུར་རུལ་དུ་ཆུག༔ སྒོ་ཁྱིས་ངུ་རྒྱུག་བྱེད་དུ༴བུད་མེད་འོ་འདོད་འབོད་དུ༴རྒན་པར་བྲང་བརྡུང་བྱེད་དུ༴དུད་འགྲོ་མི་གཏམ་བྱེད་དུ༴འོ་ཟངས་ཁྲག་ཏུ་ཁོལ་བར་གྱིས༔ སྟེང་ནས་འུག་པ་རྒོད་དུ་ཆུག༔ འོག་ནས་བྱི་སྦལ་མཁུན་དུ༴བར་དུ་ལྟས་ངན་ངོམས་པར་སྟོན༔ དུས་གསུམ་རྒྱལ་བའི་བཀའ་ཡིས་བསྐུལ༔ བརྒྱུད་གསུམ་བླ་མའི་དམ་གྱིས༴བདེན་གཉིས་དཔང་དུ་བཙུག་ནས༴སྔོན་བསགས་ལས་ཀྱི་མཐའ་མ་སྒུག༔ སྐྱེ་འཆིའི་ཚད་ཀྱི་ཁུང་མ་བཙུན༔ སྐྱེ་བ་ཕྱི་མར་དུས་མ་བྱེད༔ ལོ་དང་ཟླ་བར་འགྱང་མ་ཤོར༔ ཞག་དང་ཟ་མར་ལས་མ་འགྱང་༔ སྲུང་དང་ཟློག་བྱེད་གདོང་མ་སྒུག༔ ཁོངས་ཁྲག་དམར་པོ་ཁ་ནས་དྲོངས༔ ནང་རོལ་རྒྱུ་ལོང་འོག་སྒོར་འཕོང་༔ གློ་བུར་ཧུར་ཐུམ་ནད་ཀྱིས་སོད༔ བདག་གི་ཕྱོགས་ནས་སོང་བ་ཡི༔ བསྲུང་བ་རྟེན་གསུམ་རྫས་སྔགས་རྣམས༔ བརྣག་པའི་དགྲ་བོ་ལས་ངན་གྱིས༔ མཐོང་ན་ལྟས་ངན་བཟློག་མེད་དང་༔ སྤྱོད་ན་རེག་ཕུང་དུག་ཆེན་དང་༔ འཆང་ན་ཕུང་བརླག་རྫས་སུ་བསྒྱུར༔ མ་གཡེལ་མ་འགྱང་མྱུར་དུ་རྒྱུག༔ དུས་ལ་བབ་པོ་དམ་ཚིག་ཅན༔ ཕྲིན་ལས་གཉན་པོའི་དུས་ལ་བབ༔ ཨོཾ་མ་ཧཱ་དཱེ་ཝ་སརྦ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་རྦད་རྦད་སོད་སོད༔ ཅེས་བརྗོད་གཏོར་མ་དགྲ་ཕྱོགས་སུ་འཕང་༔ སྐྲ་བསིགས་དར་བརྡབ་གོས་ཀྱང་སྤྲུགས༔ འདི་ཡིས་མི་ཐུབ་གང་ཡང་མེད༔ གནམ་ལྕགས་རྡོ་རྗེའི་ཐོག་དང་མཚུངས༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མཐར་འཇིགས་མེད་བློ་གྲོས་དབང་པོས་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་བློ་བཟང་ཆོས་ཉིད་ཀྱི་རྡོ་རྗེའོ།།དགེའོ།།།།