མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ གཏེར་སྲུང་རྨ་ཆེན་སྤོམ་རའི་སྒྲུབ་ཐབས་ཟབ་མོ༔

From Dudjom Wiki
Revision as of 13:37, 19 August 2024 by Mort (talk | contribs)

TTDL-ZABTER-12-NA-028
Wylie title ma hA a ti yo ga'i zab chos dgongs pa klong rdol las: gter srung rma chen spom ra'i sgrub thabs zab mo: TTDL-ZABTER-12-NA-028.pdf
Location bdud 'joms gling pa zab gter
Volume 12, Text 28, Pages 125-133 (Folios 1a1 to 5a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Ma hA a ti yo ga'i zab chos dgongs pa klong rdol las gter srung rma chen spom ra'i sgrub thabs zab mo. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: 125-133. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sgrub thabs   Verso: bdud 'joms rma chen spom ra
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ (ma ha a ti yo ga'i zab chos dgongs pa klong rdol)
Colophon

ཞེས་པ་འདི་ཡང་ཆོས་ཀྱི་རྡོ་རྗེས་བསྐུལ་ངོར་གར་དབང་བདུད་འཇོམས་རྡོ་རྗེས་ཡིག་མེད་མཁའ་འགྲོའི་ཀློང་བྱང་ལས་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ།།

zhes pa 'di yang chos kyi rdo rjes bskul ngor gar dbang bdud 'joms rdo rjes yig med mkha' 'gro'i klong byang las bshus te dag par phab pa'i yi ge pa ni phun tshogs bkra shis so/_/dge'o/_/dge'o/_/dge'o//

[edit]
སྱྃ༔ མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ གཏེར་སྲུང་རྨ་ཆེན་སྤོམ་རའི་སྒྲུབ་ཐབས་ཟབ་མོ་བཞུགས་སོ༔


སྱྃ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) གཏེར་སྲུང་རྨ་རྒྱལ་སྤོམ་ར་ཡི༔ སྒྲུབ་ཐབས་ཟབ་མོའི་ཉམས་ལེན་ལ༔ དཀྱིལ་འཁོར་གྲུ་བཞི་དབྱིབས་ལེགས་པའི༔ དབུས་སུ་པདྨ་འདབ་བརྒྱད་སྟེང་༔ མེ་ཏོག་ཚོམ་བུ་བཀོད་པ་ཡི༔ ལྟེ་བའི་སྟེང་དུ་སྟེགས་ཁྲིའུ་ཁར༔ རིན་ཆེན་འབར་བའི་གཏོར་མ་བཞག༔ དེ་ལ་དར་ཟབ་སྟག་གཟིག་རས༔ རྒྱན་དང་ལྡན་ཞིང་བརྗིད་པར་བྱས༔ མདུན་དུ་དཀར་གསུམ་གཏོར་མ་དང་༔ འབྲུ་སྨན་གཡག་ལུག་བ་ལིང་ཏ༔ སྣ་ཚོགས་མཆོད་པ་འབྱོར་ཚོགས་བཤམས༔ རྣམ་ལྔ་འདོད་ཡོན་སྨན་རཀ་གཏོར༔ བཤམས་ནས་དང་པོ་བྱིན་རླབས་ཕྱིར༔ བདེན་པའི་སྟོབས་འདི་བརྗོད་པར་བྱ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་འཁོར་དང་བཅས་པའི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་རྣམ་པར་དག་ཅིང་ཀུན་རྫོབ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུ་དང་བྱིན་རླབས་ཀྱི་བརྟེན་པའི་དཀྱིལ་འཁོར་འདི་ལ་གཏེར་སྲུང་རྨ་ཆེན་སྤོམ་ར་ཡབ་ཡུམ་སྲས་འཁོར་དང་བཅས་པ་ཐམས་ཅད་རབ་ཏུ་གནས་པར་གྱུར་ཅིག༔ བདག་གི་དབང་དུ་འདུས་ཤིང་བྲན་དུ་ཁོལ་བར་གྱུར་ཅིག༔ འདོད་རྒུ་ཡིད་བཞིན་གྱི་བྱེ་བྲག་ཐམས་ཅད་རྒྱུན་ཆད་མེད་པར་ཆར་ལྟར་འབེབས་ཤིང་ནུབ་པ་མེད་པར་རྒྱས་ཤིང་བརྟན་པར་གྱུར་ཅིག༔ བཤམས་པའི་མཆོད་རྫས་རྣམས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་པར་འབྱུང་ཞིང་རྒྱས་པར་གྱུར་ཅིག༔ ལན་གསུམ་མཐར༔ འཕགས་པ་དཀོན་མཆོག་གསུམ་དང་སྐུ་གསུམ་རྩ་གསུམ་རྒྱ་མཚོའི་ཚོགས་ཐམས་ཅད་དང་༔ ཆོས་ཉིད་རྣམ་པར་དག་ཅིང་རྟེན་འབྲེལ་བསླུ་བ་མེད་པའི་བདེན་མཐུ་བྱིན་རླབས་ནུས་སྟོབས་ཀྱི་སྨོན་ལམ་བཏབ་པ་དེ་དག་ཐམས་ཅད་ཆུད་མི་ཟ་བར་ད་ལྟ་ཉིད་དུ་འགྲུབ་པར་གྱུར་ཅིག༔ ཅེས་ལན་བདུན་མཐར༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སོགས་ནམ་མཁའ་མཛོད་སྔགས་ལན་བདུན་བརྗོད༔ རང་ཉིད་སྐད་ཅིག་གིས་གུ་རུ་པདྨ་འབྱུང་གནས་སྣང་སྲིད་ཟིལ་གྱིས་གནོན་པའི་སྐུར་བསྒོམ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨ༔ ལན་བདུན་བཟླས་མཐར༔ རང་གི་མདུན་དུ་རིན་ཆེན་སྣ་ཚོགས་ཀྱི་ས་གཞི་ལག་མཐིལ་ལྟར་མཉམ་པ་ཡངས་ཤིང་རྒྱ་ཆེ་བ༔ སྨན་དང་མེ་ཏོག་ཐམས་ཅད་རབ་ཏུ་རྒྱས་པ༔ འདོད་ཡོན་སྣ་ཚོགས་སྤྲིན་དཔུང་ལྟ་བུར་གཏིབ་སྟེ་དྲི་བཟང་གི་ན་བུན་འཐུལ་ཞིང་ཡིད་བཞིན་གྱི་ཆར་པ་འབབ་པའི་དབུས་སུ༔ རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁང་བཟང་མཛེས་ཤིང་ཡིད་དུ་འོང་བའི་ནང་དུ་ཡི་གེ་བཻཿསེར་པོ་ཡོངས་སུ་གྱུར་པ་ལས༔ གཏེར་སྲུང་རྨ་ཆེན་སྤོམ་ར་སྐུ་མདོག་སེར་གསལ་ཞལ་གཅིག་ཕྱག་གཉིས་གཡས་པས་ནོར་བུ་དང་གཡོན་པས་གཏེར་གྱི་བུམ་པ་བསྣམས་པ༔ དར་སྣ་ཚོགས་ཀྱི་ན་བཟའ་དང་རིན་པོ་ཆེའི་པྲོག་ཞུ་གསོལ་བ༔ ཆིབས་སུ་རྟ་དཀར་འཕུར་ཤེས་ལ་བཅིབས་ཤིང་འོད་དང་འཇའ་འོད་འདྲེས་པའི་ཀློང་ནས་སྒྲུབ་པ་པོ་ལ་དགྱེས་ཤིང་བརྩེ་བར་དགོངས་ནས་དངོས་གྲུབ་ཀྱི་ཆར་ཆེན་པོ་རྒྱུན་ཆད་མེད་པར་སྟེར་བ༔ སྣང་སྲིད་ཀྱི་སྐྱེ་འགྲོ་ཕོ་མོ་ཐམས་ཅད་ཀྱི་བློ་ཡིད་སེམས་གསུམ་ལ་དབང་བསྒྱུར་བའི་མཐུ་ནུས་དབང་དང་ལྡན་པར་བསྒོམ༔ དེ་ཡི་མཐའ་བསྐོར་དུ་རྡོ་རྗེ་དྲག་མོ་རྒྱལ་ལ་སོགས་པའི་ཡུམ་མཆོག་སྨན་བཙུན་ཆེན་མོ་བཅུ༔ སྲས་མཆོག་རྨ་སྡེ་རོལ་པ་དགུ་དང་རྨ་འཁོར་ཆེན་པོ་སུམ་བརྒྱ་དྲུག་ཅུ་ཡང་འཁོར་འབུམ་དང་བཅས་པས་བསྐོར་ནས་དམ་ཚིག་གཉན་པོའི་སྲོག་ཐོབ་སྟེ་བདག་སྒྲུབ་པ་པོའི་བཀའ་ཉན་ཅིང་གསུང་སྡོད་པའི་ཚུལ་དུ་བསྐྱེད་དོ༔ བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་གཏེར་སྲུང་རྨ་ཆེན་སྤོམ་ར་ཡབ་ཡུམ་སྲས་འཁོར་དང་བཅས་པ་ཐམས་ཅད་དམ་ཚིག་གི་དབང་གིས་སྤྱན་དྲངས་ནས་གཉིས་སུ་མེད་པར་ཐིམ་པར་གྱུར༔ བསྭོ་བསྭོ་བསྭོ༔ ཛཿཨོཾ་རྒྱན་ཆེན་པོའི་བཀའ་ཉན༔ རིག་འཛིན་བརྒྱུད་པའི་སྲུང་མ༔ དཀར་ཕྱོགས་སྐྱོང་བའི་རྒྱལ་པོ༔ གངས་ཅན་བོད་ཀྱི་གཞི་བདག༔ གཏེར་སྲུང་རྨ་རྒྱལ་སྤོམ་ར་ཁྱོད་ཡབ་ཡུམ་སྲས་དང་བཀའ་འཁོར་ཡང་གཡོག་དང་བཅས་པ་ཐམས་ཅད་བཀའ་དང་དམ་ཚིག་གཉན་གྱིས་འབོད་དོ༔ དམ་ཚིག་གི་དབང་གིས་སྐད་ཅིག་ཉིད་དུ་འདིར་གཤེགས་ཤིག༔ ཨོཾ་བཛྲ་ས་མ་ཡ་ཛ་ཛ༔ ཨཱཿ བཛྲ་ས་མ་ཡ་ཛ་ཛཿ ཧཱུྃ་བཛྲ་ས་མ་ཡ་ཛ་ཛཿ ཕེཾ་ཕེཾ༔ ས་མ་ཡ་སྟྭཾ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཛཿཨོཾ་རྒྱན་ཆེན་པོའི་བཀའ་ཉན་པ༔ དམ་པ་ཆོས་ཀྱི་སྲུང་མ་ཆེ༔ རྨ་གཡང་དངོས་གྲུབ་བདག་པོ་མཆོག༔ རྨ་ཆེན་སྤོམ་ར་གཤེགས་སུ་གསོལ༔ ཨ་མྱེ་ཆེན་པོ་གཤེགས་སུ་གསོལ༔ ལྷ་སྲིན་རྗེ་རྒྱལ་གཤེགས་སུ་གསོལ༔ ཚོང་དཔོན་གངས་དཀར་གཤེགས་སུ་གསོལ༔ གཉན་རྒྱལ་ལ་ཐོད༴དམག་དཔོན་བྱ་ཞྭ༴ནོར་བདག་གསེར་འོད༴ས་བརྒྱད་སེམས་དཔའ་གཤེགས་སུ་གསོལ༔ དོན་གྱི་སེམས་དཔའ་ཆེན་པོ་ཁྱོད༔ འགྲོ་དོན་ལྷུར་ལེན་དམ་བཅས་བཞིན༔ རྣལ་འབྱོར་བདག་གི་གྲོགས་མཛད་ཕྱིར༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ བཻཿཀུ་མ་རུ་ཕུ་ཏྲི་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ བཻཿའདོད་ཡོན་ལོངས་སྤྱོད་སྤྲིན་ལྟར་གཏིབས་པའི་གནས༔ མཚན་ལྡན་ལྷ་ཡི་ཁང་བཟང་དམ་པའི་ནང་༔ རིན་ཆེན་སྣ་ཚོགས་ལས་གྲུབ་གདན་ཁྲི་ལ༔ གཏེར་བདག་རྒྱལ་པོ་ཆེན་པོ་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ བཻཿསྔོན་ཚེ་དེ་བཞིན་གཤེགས་པ་རིན་ཆེན་མང་༔ འགྲོ་བའི་དོན་མཛད་རྒྱལ་ཆེན་རྣམ་ཐོས་སྲས༔ ཡང་སྤྲུལ་གཏེར་བདག་ཆེན་པོ་འཁོར་བཅས་ལ༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་གུས་ཕྱག་འཚལ༔ ས་མ་ཡ་ན་མོ་ན་མ་ཧོཿདེ་ནས་མཆོད་པ་འབུལ་བ་ནི༔ འབྲས་དཀར་གཡག་ལུག་ར་གསུམ་དང་༔ སེང་གེ་གླང་ཆེན་སྟག་གཟིག་དོམ༔ དྲེད་མོང་སྤྱང་ཀུ་འཕར་བ་སོགས༔ རི་དྭགས་གཡུང་དྭགས་གཅན་གཟན་དང་༔ བྱ་རིགས་ཆུ་གནས་ལ་སོགས་པའི༔ དཀོར་ནོར་རྣམ་པ་སྣ་ཚོགས་ཀུན༔ གཏེར་སྲུང་ཆེན་པོའི་ཚོགས་ལ་འབུལ༔ དར་ཟབ་རྣམ་པ་སྣ་ཚོགས་དང་༔ མཚོན་ཆ་རྣམ་པ་སྣ་ཚོགས་དང་༔ རེག་བྱ་གོས་ཀྱི་བྱེ་བྲག་བཅས༔ རྨ་རྒྱལ་འཁོར་དང་བཅས་ལ་འབུལ༔ དཀར་གསུམ་མངར་གསུམ་ཇ་ཆང་སྐྱེམས༔ བཟའ་བཅའ་བཏུང་བ་ལྡག་གཞིབ་བཅས༔ འདོད་ཡོན་རྒྱན་གྱི་འཁོར་ལོའི་ཚོགས༔ དངོས་སུ་འབྱོར་དང་ཡིད་སྤྲུལ་ནས༔ རྨ་རྒྱལ་སྤོམ་ར་འཁོར་བཅས་ལ༔ འབུལ་ལོ་མཆོད་དོ་བཞེས་སུ་གསོལ༔ བདག་ཅག་སྒྲུབ་པའི་རྣལ་འབྱོར་ལ༔ ཡིད་དང་མཐུན་པའི་རྫས་ལ་སོགས༔ ཟས་ནོར་ལོངས་སྤྱོད་ཕུན་ཚོགས་ཀྱིས༔ ཕྱྭ་གཡང་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་སརྦ་པཉྩ་ཨ་མྲྀ་ཏ་ག་ཎ་ཙཀྲ་སརྦ་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ༔ གདོད་ནས་ཡང་དག་རྫོགས་པའི་སངས་རྒྱས་ཀྱང་༔ འགྲོ་བའི་དོན་དུ་གང་འདུལ་ཐབས་མཛད་ཕྱིར༔ འཇིག་རྟེན་ཚུལ་འཛིན་བསྟན་འགྲོའི་དོན་མཛད་པའི༔ སྲིད་པའི་ལྷ་ཆེན་རྨ་རྒྱལ་སྤོམ་རར་གྲགས༔ སྤྲུལ་དང་ཡང་སྤྲུལ་བཅས་ལ་བདག་གིས་བསྟོད༔ ཨོཾ་རྒྱན་ཆེ་མཆོག་པདྨ་ཐོད་ཕྲེང་གིས༔ དམ་བཏགས་དབང་བསྐུར་མཚན་གསོལ་གཏེར་གཉེར་གཏད༔ སྣང་སྲིད་གཞི་བདག་ཀུན་གྱི་རྗེ་བོར་བསྔགས༔ བཀའ་སྲུང་དམ་ཅན་ཁྱོད་ལ་བདག་གིས་བསྟོད༔ ལྷ་དང་གཉན་སྡེ་ཀླུ་བཙན་གནོད་སྦྱིན་རིགས༔ བསམ་གྱིས་མི་ཁྱབ་ཀུན་གྱིས་གཙུག་ཏུ་མཆོད༔ འཇིགས་སྐྱོབ་དབུལ་སེལ་དགྲ་བགེགས་བསྒྲལ་ལ་སོགས༔ ཕྲིན་ལས་ཐོགས་པ་མེད་མངའ་ཁྱོད་ལ་བསྟོད༔ སྔོན་ཚེ་ཨོཾ་རྒྱན་པདྨ་འབྱུང་གནས་དང་༔ དེ་འོག་རིག་འཛིན་བརྒྱུད་པའི་ཐ་ཚིག་གིས༔ བདག་གིས་ཁྱེད་བརྟེན་ཁྱེད་བསྒྲུབ་ཁྱེད་འབོད་ཀྱིས༔ མི་ཕྱུགས་ནོར་དང་ཟས་གོས་ཡོ་བྱད་དང་༔ འདོད་རྒུ་ཡིད་བཞིན་འགྲུབ་པའི་དངོས་གྲུབ་སྩོལ༔ སྐྱེ་འགྲོའི་བློ་སེམས་སྣང་བ་དབང་དུ་བསྡུས༔ འདོད་ཡོན་ལོངས་སྤྱོད་རང་དབང་མེད་པར་ཁུག༔ མི་ཟད་འདོད་འཇོའི་དཔལ་ཡོན་བདག་ལ་སྤྲོད༔ རྟག་ཏུ་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ས་མ་ཡ༔ འདི་ལྟར་རྟག་ཏུ་བསྒྲུབ་གྱུར་ན༔ ཕྲིན་ལས་བསྒྲུབ་པར་ཐེ་ཚོམ་མེད༔ དངོས་གྲུབ་ཆར་ལྟར་འབེབས་པ་དང་༔ གཞན་སྣང་དབང་དུ་སྡུད་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཆོས་ཀྱི་རྡོ་རྗེས་བསྐུལ་ངོར་གར་དབང་བདུད་འཇོམས་རྡོ་རྗེས་ཡིག་མེད་མཁའ་འགྲོའི་ཀློང་བྱང་ལས་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ།། །།