ལུང་བྱང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མས་བསྐལ་པ་དཔག་ཏུ་མེད་པའི་སོགས།

From Dudjom Wiki
Revision as of 15:07, 22 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-14-PHA-042
Wylie title lung byang mkha' 'gro ye shes mtsho rgyal mas bskal pa dpag tu med pa'i sogs TTDL-ZABTER-14-PHA-042.pdf
Location bdud 'joms gling pa zab gter
Volume 14, Text 42, Pages 375-377 (Folios 1a1 to 2a5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Lung byang mkha' 'gro ye shes mtsho rgyal mas bskal pa dpag tu med pa'i sogs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: 375-377. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: lung byang   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Treasure Certificates - lung byang
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Colophon

ཞེས་བསོད་དཔལ་ལ་མཁའ་འགྲོའི་སྤྲིང་ཡིག་གོ༔ མི་རྒན་བདུད་འཇོམས་རྡོ་རྗེའི་འཁྲུལ་ཉམས་སོ༔

zhes bsod dpal la mkha' 'gro'i spring yig go: mi rgan bdud 'joms rdo rje'i 'khrul nyams so:

[edit]
༁ྃ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མས༔ བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས༔ བསོད་ནམས་རྒྱ་ཆེར་བསགས་པའི་སྐྱེས་བུ་ཁྱོད༔ དམ་ཚིག་སྡོམ་པའི་དཔལ་གྱིས་ཕྱུག་པ་ལ༔ གདམས་པའི་བཅུད་རོལ་ཉམས་ལེན་གནད་ལྡན་ན༔ མ་དང་མཁའ་འགྲོ་དགྱེས་པའི་གད་མོ་སྒྲ༔ འཁོར་འདས་འུབ་ཆུབ་རོལ་པའི་རྫོགས་པ་ཆེ༔ ཤེས་རབ་མིག་གིས་མངོན་སུམ་གཟིགས་པ་ལས༔ སྣང་སྲིད་འདོད་ཡོན་འོད་གསལ་ཆེན་པོར་འཕོས༔ སྣ་ཚོགས་བདེ་སྡུག་གར་གྱི་རྣམ་རོལ་མཐོང་༔ ཚེ་རབས་མང་པོའི་ལས་ངན་སྡུག་བསྔལ་རྣམས༔ ཉམས་ཀྱི་སྣང་བ་འདིར་འདུམ་འདི་ཡིས་འབྱང་༔ ད་ནི་འཁོར་བ་ངན་སོང་འཁྲུལ་རྒྱུན་ཆད༔ ད་ནི་ལས་ངན་བག་ཆགས་འཁྲུལ་རྒྱུན་ཆད༔ ད་ནི་འཁོར་བའི་བུ་ལོན་ངང་གིས་སོད༔ ད་ནི་ཡུལ་ངན་དག་གི་ལན་ཆགས་སོད༔ ད་ནི་འཁྲུལ་འཁོར་ཐབས་ཀྱི་ཤ་མཁོན་དྭངས༔ ངར་འཛིན་དམ་པོའི་འཆིང་རྒྱ་ཞིག་པ་ཡིས༔ འདོད་པ་ཁམས་ཀྱི་དབང་པོར་མངའ་གསོལ་ཐང་༔ སྣང་བའི་མངོན་ཞེན་ཡེ་ཤེས་ཆེན་པོར་ཞིག༔ གཟུགས་ཁམས་ལྷ་ཡི་དབང་པོར་མངའ་གསོལ་ཐང་༔ ཆོས་ཅན་ཆོས་ཉིད་ཆེན་པོར་མཐོང་བ་ལས༔ གཟུགས་མེད་ཁམས་ཀྱི་དབང་པོར་མངའ་གསོལ་ཐང་༔ འཁོར་བ་ཀུན་བཟང་རོལ་པར་མངོན་གྱུར་པའི༔ ད་ནི་འཁོར་འདས་དབང་པོར་མངའ་གསོལ་ལོ༔ ལུས་ངག་དགེ་བ་བསོད་ནམས་བསགས་པ་རྣམས༔ འཁོར་བའི་གནས་སུ་བདེ་བ་མཐོང་ཆེད་ལས༔ རྣམ་པར་གྲོལ་བའི་འབྲས་བུ་ཡོད་མ་ཡིན༔ ད་ནི་ལུས་ངག་ཡིད་དང་གསུམ་གྱི་སྒོས༔ བཟང་ངན་བར་གསུམ་བྱ་བ་དགུ་སྤྲུགས་ཐོངས༔ བྱར་མེད་འོད་གསལ་ཆེན་པོར་ཆམ་གྱིས་ཞོག༔ བར་མེད་མི་ལོ་གསུམ་དུ་མཉམ་བཞག་ན༔ རིག་པ་ཚད་ལ་ཕེབས་པ་མཁའ་འགྲོའི་ལུང་༔ དེ་ནས་བར་མེད་ལོ་གསུམ་ཉམས་ལེན་ན༔ ཆོས་ཉིད་ཟད་སར་འཁྱོལ་བ་མཁའ་འགྲོའི་ལུང་༔ དེ་ནས་མི་ལོ་གསུམ་ལས་མི་འགྱང་བར༔ ཀུན་བཟང་ཆོས་སྐུར་མངོན་སངས་རྒྱས་འགྱུར་བ༔ མཁའ་འགྲོ་འབུམ་གྱི་ཞལ་བསྡུར་ལུང་བསྟན་ཡིན༔ རིག་པ་ཚད་ལ་ཕེབས་པའི་རྟགས་བྱུང་ཚེ༔ གནས་འདིའམ་ནི་གནས་བཟང་གཞན་ཞིག་ཏུ༔ ཕྱིན་ནས་སྡོད་པ་གནད་དུ་ཟུངས་ཤིག་བུ༔ དེ་ལྟར་གནད་དང་ལྡན་པར་མ་གྱུར་ཀྱང་༔ མི་ཁྱོད་ཚེ་ལོ་བདུན་ཅུ་རྩ་གཉིས་ནས༔ ནུབ་ཕྱོགས་བདེ་བ་ཅན་དུ་ངེས་པར་འཕོ༔ ལོག་ལྟའི་ཡུལ་ངན་མུན་པའི་གྲོང་ཁྱེར་ནས༔ ཚད་ཕེབས་དུས་སུ་ལོག་སྐུར་དགྲ་ལས་འབྲོས༔ མཁའ་འགྲོའི་ལུང་བསྟན་འདི་རྣམས་སྙིང་ལ་ཞོག༔ མི་ལོ་བཅུ་ནས་མངོན་སུམ་མཇལ་ཞིང་འཕྲད༔ སྐུ་གསུམ་དབྱིངས་ལ་དགའ་བའི་རྩེ་འཇོ་རོལ༔ ཆོས་ཉིད་མཁའ་ལ་དགའ་བདེའི་རོ་མྱང་བྱེད༔ མོ་ང་རེ་ཞིག་ཡུལ་མེད་ཆེན་པོར་འགྲོ༔ སླར་ཡང་ཁྱོད་ཀྱི་མཛའ་རུ་ལྷགས་པར་བྱེད༔ ཨེ་ཨེ་ནམ་མཁའ་རྣམ་དག༔ མ་མའི་ཡུལ་ས་ཡིན་པས༔ ཧོ་ཧོ་སྐྱེས་བུ་འདིར་ཤོག༔ ཡེ་ཤེས་ཀ་དག་ཡེ་གཞི༔ ཨ་ཨ་སངས་རྒྱ་འདི་ཀ༔ ཞེས་ཟེར་ཞིང་ཡུལ་མེད་དུ་ཡལ་ལོ༔ ཞེས་བསོད་དཔལ་ལ་མཁའ་འགྲོའི་སྤྲིང་ཡིག་གོ༔ མི་རྒན་བདུད་འཇོམས་རྡོ་རྗེའི་འཁྲུལ་ཉམས་སོ༔