འཇིགས་མེད་ཡེ་ཤེས་དར་རྒྱས་ལ་གདམས་པའི་སྙིང་གཏམ་བདུད་རྩི་ཐིག་པ།

From Dudjom Wiki
Revision as of 12:28, 9 September 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-041
Wylie title 'jigs med ye shes dar rgyas la gdams pa'i snying gtam bdud rtsi thig pa TTDL-ZABTER-18-TSHA-041.pdf
Location bdud 'joms gling pa zab gter
Volume 18, Text 41, Pages 145-150 (Folios 73a1 to 75b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. 'jigs med ye shes dar rgyas la gdams pa'i snying gtam bdud rtsi thig pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 145-150. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

ཞེས་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །ཛ་ཡནྟུ།།

zhes bdud 'joms rdo rjes smras pa yongs su dge bar gyur cig_/dza yan+tu//

[edit]
༄༅། །འཇིགས་མེད་ཡེ་ཤེས་དར་རྒྱས་ལ་གདམས་པའི་སྙིང་གཏམ་བདུད་རྩི་ཐིག་པ་བཞུགས། དུས་གསུམ་རྒྱལ་བའི་མཐུ་སྟོབས་ནུས་པའི་གཏེར། །ཡོངས་འདུས་བདག་ཉིད་པདྨ་རྒྱལ་པོས་སྐྱོངས། །ཉོན་དང་སྐལ་བ་བཟང་པོའི་སྐྱེས་བུ་ཁྱོད། །ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བར། །མ་རིག་ཉོན་མོངས་བག་ཆགས་དབང་བཙན་པས། །ཁམས་གསུམ་འཁོར་བའི་འཁོར་ལོར་ཁ་བརྒྱུད་ཀྱང་། །ཐར་ལམ་བསྒྲུབ་པའི་དུས་དང་སྐབས་མ་བྱུང་། །ད་རེས་སྐྱེ་དཀའ་འཛམ་བུའི་གླིང་དུ་སྐྱེས། །ཡུལ་དབུས་ཁྱད་འཕགས་འདི་ལ་མགོ་མ་འཁོར། །རྟེན་བཟང་ཆུད་ཟོས་མ་གཏོང་དོན་ལྡན་མཛོད། །མཇལ་བར་དཀའ་བའི་མཚན་ལྡན་བླ་མ་མཇལ། །དད་དམ་ངོ་ལྐོག་མེད་པ་ཞིག་ལ་རེམ། །འཕྲད་པར་དཀའ་བའི་དམ་པའི་ཆོས་དང་འཕྲད། །གདམས་ངག་ཡལ་བར་མ་དོར་སྒྲུབ་ལ་འབུང་། །སླེབ་པར་དཀའ་བའི་རིན་ཆེན་གླིང་དུ་སླེབས། །མདོ་མེད་སྟོང་ལོག་མ་བྱེད་དོན་གཉེར་མཛོད། །རྙེད་པར་དཀའ་བའི་ཐར་པའི་ལམ་བཟང་རྙེད། །ལམ་འདི་སྟོར་བར་མ་བྱེད་སྐལ་ལྡན་བུ། །ཕྱི་མ་གར་སྐྱེ་ད་ལྟའི་ལས་ལ་ལྟོས། །རང་རྒྱུད་སྡོམ་པས་སྡོམས་ལ་བག་ཡོད་བརྟེན། །ལོ་ནི་མི་རྟག་དུས་བཞིའི་འགྱུར་ལ་ལྟོས། །ནམ་འཆི་ཆ་མེད་བསྒོམ་པའི་དཔེ་རུ་ཞོག །ཟླ་བ་མི་རྟག་དཀར་ནག་གཉིས་ཀྱིས་འགྱུར། །དེ་ཡང་མི་རྟག་སྒོམ་པའི་དཔེ་རུ་ཟུངས། །ཞག་ཀྱང་མི་རྟག་ཉིན་མཚན་གཉིས་ཀྱིས་འགྱུར། །དེ་ཡང་མི་རྟག་སྒོམ་པའི་དཔེ་རུ་ཟུངས། །སྔོན་དུས་ས་སྟེང་འདི་རུ་སྐྱེས་པའི་མི། །མི་དབང་འཁོར་ལོའི་བསྒྱུར་རྒྱལ་མན་ཆད་ནས། །རྒྱལ་ཁམས་ཉུལ་བའི་སྤྲང་པོ་ཡན་ཆད་ཀུན། །ཚོང་དུས་མགྲོན་པོ་བཞིན་དུ་མི་རྟག་ཡལ། །དེ་དོན་སོམས་ལ་ནམ་འཆི་ཆ་མེད་སྒོམས། །བསགས་པའི་ཟས་ནོར་རི་རབ་ཙམ་ཡོད་ཀྱང་། །འཆི་ཚེ་བློ་ཡིས་མི་ཐོང་བཞིན་དུ་ལུས། །དེ་དོན་སོམས་ལ་གསོག་འཇོག་བྱེད་པ་སྤོངས། །བུ་ཚས་ལུང་པ་བཅོ་བརྒྱད་གང་ན་ཡང་། །འཆི་ཚེ་བཤེས་དང་གྲོགས་མེད་གཅིག་པུར་འཁྱམས། །དེ་ཚུལ་དྲན་མཛོད་གཉེན་སྐྱོང་བྱ་བ་སྤོངས། །ད་རེས་མི་སྲུན་དགྲ་བོ་དྲེགས་ཅན་ལ། །སྡང་དང་གནོད་སེམས་གནོད་སྦྱོར་ཅི་གྲུབ་བྱས། །ཕྱི་མ་བུ་ཚར་སྐྱེས་ཚེ་སྲོག་ལྟར་གཅེས། །དེ་ཕྱིར་དགྲ་འདུལ་བསམ་སྦྱོར་སྤང་བར་གྱིས། །དུས་ངན་ཐ་མའི་མི་ལ་བློ་གཏད་མེད། །ཤག་རོག་ཉེ་འབྲེལ་སྤོངས་ལ་གཅིག་པུར་སྡོད། །བྱ་བྱེད་མང་པོའི་ལས་སྣ་ཟིན་དུས་མེད། །བྱར་མེད་བྱ་བཏང་ཞིག་ལ་རེམ་ཞིག་བུ། །ཟས་ནོར་ཇི་ལྟར་རྙེད་ཀྱང་ཆོག་ཤེས་མེད། །སྲོག་འཚོ་ལྷག་སྐྱོབ་ཙམ་གྱིས་ཆོག་ཤེས་བརྟེན། །སྦྲ་ཁྱིམ་གནས་ཁང་བྱིས་པའི་རྩོད་ར་འདྲ། །ས་ཕུག་བྲག་ཕུག་མཁར་གྱི་དམ་པར་ཟུངས། །ཡུལ་དང་ཉེ་འབྲེལ་དྲི་ཟའི་གྲོང་ཁྱེར་འདྲ། །མི་མེད་ལུང་པ་ཡུལ་གྱི་མཆོག་ཏུ་ཟུངས། །འདོད་ཡོན་ལོངས་སྤྱོད་སྒྱུ་མའི་ལྟད་མོ་འདྲ། །ལོ་ཟླའི་བཟའ་ཚོད་ཕྱུག་གི་མཆོག་ཏུ་ཟུངས། །དད་ནོར་བསླུ་ནོར་རྣམ་སྨིན་དོན་གཉེར་འདྲ། །བསོད་སྙོམས་སློང་མོ་ཟས་ཀྱི་མཆོག་ཏུ་བརྟེན། །གོ་ལོ་ཐོས་ལོ་རྣམ་གཡེང་ལེ་ལོའི་རྒྱུ། །སྙིང་པོའི་སྒྲུབ་པ་ལྷུར་ལེན་ཞིག་ལ་རེམ། །ཆེ་དྲག་མཐོ་ཐང་ངན་འགྲོའི་གཞི་མ་ཡིན། །ཚེ་འདིར་དམན་ས་ཟུངས་ལ་སྒོམ་སྒྲུབ་མཛོད། །ཐོབ་ཐང་བདུད་ཡུལ་མུན་གླིང་ནག་པོ་ཡིན། །རང་དབང་རྒྱལ་པོའི་བཙན་ས་ཟིན་པར་གྱིས། །ཁྱོད་ནི་མ་ཅིག་ཡེ་ཤེས་མཁའ་འགྲོ་མའི། །སྲས་ཆུང་ཐོད་སྨྱོན་བསམ་འགྲུབ་ཞེས་བྱ་བའི། །ལས་ཀྱི་ལྷག་མ་སྦྱངས་ཕྱིར་འདི་རུ་སྐྱེས། །ད་རེས་ཚེ་དང་སྒྲུབ་པ་མཉམ་བྱས་ན། །འཇའ་ལུས་འཕོ་ཆེན་འཐོབ་ཅེས་པདྨའི་བཀའ། །གྲུབ་ཆེན་ས་ར་ཧ་པའི་ཞལ་སྔ་ནས། །ཨ་བྷ་ཡའི་ཐོག་དྲངས་ལུང་དུ་བསྟན། །ཐོད་རྒལ་མྱུར་ལམ་ཆོས་བདག་མཆོག་ཏུ་བསྐུལ། །དེ་ཕྱིར་ཐོད་རྒལ་སྒོམས་ཤིག་སྐལ་བཟང་བུ། །བརྩེ་བརྩེའི་ཁ་ད་འཁོར་བའི་སློབ་དཔོན་ཡིན། །སུ་ཡི་ཁ་ལ་མ་ཉན་རང་ས་ཟུངས། །དུང་དུང་བསླུ་ཚིག་བདུད་ཀྱི་ཕོ་ཉ་ཡིན། །རང་ཚོད་རང་གིས་ཟུངས་ཤིག་སྐལ་ལྡན་བུ། །རང་ལ་རེ་སྒོ་ཡོད་ན་ཉེ་འབྲེལ་མང་། །ཉམ་ཐག་རེ་སྒོ་མེད་ན་ཉེ་འབྲེལ་མེད། །རང་ཉིད་ཆེ་དྲག་ཕྱུག་སར་སླེབས་པའི་ཚེ། །ཀུན་གྱིས་ཕ་མ་ལྟ་བུར་བརྩེ་བཀུར་མང་། །རང་ཉིད་ཁས་ཉན་ཉམས་ཆུང་དབུལ་ཕོངས་དུས། །སྐྱབས་དང་ཕན་ཐོགས་བྱེད་མཁན་གཅིག་ཀྱང་མེད། །དེ་ཚུལ་སོམས་ལ་རང་དོན་སྒྲུབ་ལ་རེམ། །མི་ཚེའི་སྟོད་ཆ་ཟད་ནས་སྨད་ལ་ཐུག །ད་ལྟ་ཉིད་དུ་འཆི་ཆོས་གཤའ་མར་རེམ། །དེ་ལྟར་མ་ནོར་ཚུལ་བཞིན་ཉམས་ལེན་ན། །བླ་མའི་ཞབས་ཏོག་ཕ་མའི་དྲིན་ལན་དང་། །སེམས་ཅན་འགྲོ་དོན་བསྟན་པའི་སྤྱི་དོན་ཀུན། །མ་ལུས་གྲུབ་པའི་སྐྱེས་བུ་དམ་པ་ཡིན། །ཨ་ཧོ།གདོང་ལྔ་ཡི་ཕྲུ་གུ་གངས་རྩེ་རུ་ལྷགས་ནས། །ཟབ་རྒྱ་ཡི་ཡང་བཅུད་ལན་བརྒྱ་རུ་རོལ་ཞིང་། །གངས་དཀར་གྱི་རྩེ་རུ་སྟོབས་རྩལ་གྱིས་བགྲོད་དེ། །སེང་གེ་ཡི་རྣམ་རོལ་ཏིང་འཛིན་གྱི་ང་རོས། །ཉོན་མོངས་པའི་དགྲ་བོ་ཡུལ་མེད་དུ་ཟིལ་གནོན། །རྣལ་འབྱོར་གྱི་དབང་པོ་ཕ་རྗེས་སུ་མཆོང་ཤོག །འདབ་ལྡན་གྱི་ཁྱུ་མཆོག་རྫ་བྱ་ཡི་གཞོན་པ། །མན་ངག་གི་ཡང་ཟབ་དལ་འགྲོ་ལ་རོལ་ནས། །རྫ་ཁྲོད་དུ་རབ་དགའི་རང་སྐད་ཆེར་སྒྲོགས་ཚེ། །མ་རིག་པའི་གྲང་ལྷག་ཡུལ་མེད་དུ་ཟིལ་གནོན། །རྣལ་འབྱོར་གྱི་དབང་པོས་བཙན་ས་ཞིག་ཟིན་སོང་། །བདག་མེད་ཀྱི་རྒྱ་སྟག་སྤང་ཁྲོད་དུ་སླེབ་ཅིང་། །བདག་རྟོག་གི་ཤ་ཆེན་ལྷག་མེད་དུ་རོལ་ནས། །ནགས་ཁྲོད་དུ་འཇིགས་མེད་དཔའ་གདིང་གིས་གནས་ཚེ། །ཀུན་རྟོག་གི་རི་དྭགས་ཡུལ་མེད་དུ་བྲོས་ནས། །རྣམ་རྒྱལ་གྱི་དཔའ་བོའི་བཀྲག་མདངས་དང་སྟོབས་རྒྱས། །ཐང་དཀར་གྱི་གཞོན་པ་ས་བཞི་རུ་བབས་ནས། །བསླུ་བདུད་ཀྱི་མི་རོ་ལྷག་མེད་དུ་བཏང་སྟེ། །ལྟ་བ་ཡི་ལྷ་ལམ་ཡངས་པ་རུ་རྒྱུ་ཞིང་། །བྲག་དཀར་གྱི་ཁྲོད་དུ་ངལ་གསོ་རུ་གནས་ཚེ། །འཁྲུལ་སེམས་ཀྱི་བྱ་ཚོགས་ཡུལ་མེད་དུ་ཟིལ་གནོན། །རྟོགས་ལྡན་གྱི་མཁའ་ལྡིང་ཐབས་ཤེས་ཀྱི་འདབ་རྒྱས། །མི་མེད་ཀྱི་ལུང་པ་ས་སྤྱོད་ཀྱི་འོག་མིན། །བྲག་རི་ཡི་ཁང་བཟང་གཞལ་ཡས་ཀྱི་དམ་པ། །བྱ་རིགས་དང་རི་དྭགས་ཆགས་བྲལ་གྱི་གྲོགས་བཟང་། །ངེས་འབྱུང་དང་སྐྱོ་ཤས་རིན་ཆེན་གྱི་ཁྲི་གདན། །ཆོས་ཉིད་ཀྱི་གདིང་ཐོབ་རིག་དབང་གི་རྒྱལ་པོའི། །ཤེས་རབ་ཀྱི་མིག་གིས་ཡུལ་མེད་ཀྱི་དབྱིངས་སུ། །ཐང་ལྷོད་དང་བྲལ་བའི་ལྟད་མོ་རུ་བལྟས་ཚེ། །སྣང་བ་དང་སྣང་ཡུལ་དྭངས་མ་རུ་འཕོས་ནས། །ཆོས་ཉིད་ཀྱི་འོད་གསལ་ལྟད་མོ་རུ་མཐོང་སྣང་། །གདིང་ཆེན་གྱི་ཕ་ཕོག་དངོས་གྲུབ་ཏུ་ཕེབས་ཚེ། །ལྷུན་གྲུབ་ཀྱི་སྣང་བ་འོད་སྣང་དུ་གོ་འཕོས། །ཤེས་རབ་ཀྱི་མིག་ལ་ཡེ་ཤེས་ཀྱི་སྤྱན་ཚུད། །འོད་སྣང་དང་ལོངས་སྐུའི་ཞིང་ཁམས་རང་ཚད་ཕེབས། །མཐར་ཐུག་ཀྱང་དབྱིངས་རིག་མཉམ་བརྡལ་དུ་སོང་ནས། །འཇའ་ལུས་ཀྱི་རིག་འཛིན་འཕོ་ཆེན་དུ་ཕེབས་འོང་། །གདུལ་བྱ་ཡི་ཚོགས་ཀྱི་ཚོམ་བུ་དང་བཅས་པ། །ཆོས་ཉིད་ཀྱི་དབྱིངས་སུ་ཆོས་སྐུ་རུ་མཉམ་གྲོལ། །འུ་ཅག་ནི་ལས་སྨོན་རྟེན་འབྲེལ་གྱིས་བསྡུས་པས། །ཆོས་ཉིད་ཀྱི་དབྱིངས་སུ་ཐ་དད་ནི་མེད་དེ། །སྟོན་འཁོར་དང་དགོངས་པ་དབྱེར་མེད་ཀྱི་ངང་ནས། །གདོད་མ་ཡི་ཡེ་གཞི་ཀ་དག་གི་དབྱིངས་སུ། །མཉམ་གྲོལ་དུ་རྫོགས་སངས་རྒྱས་པ་རུ་སྨོན་ནོ། །ཞེས་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །ཛ་ཡནྟུ།། །།