དུས་གསུམ་སངས་རྒྱས་སོགས་ཇོ་མོ་བློས་སྒྲོན་ལ་གདམས་པ།

From Dudjom Wiki
Revision as of 14:02, 9 September 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-044
Wylie title dus gsum sangs rgyas sogs jo mo blos sgron la gdams pa TTDL-ZABTER-18-TSHA-044.pdf
Location bdud 'joms gling pa zab gter
Volume 18, Text 44, Pages 161-162 (Folios 81a1 to 81b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dus gsum sangs rgyas sogs jo mo blos sgron la gdams pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 161-162. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

ཅེས་མི་རྒན་བདུད་འཇོམས་རྡོ་རྗེས་ཇོ་མོ་བློས་སྒྲོན་ལ་གདམས་པའོ།།

ces mi rgan bdud 'joms rdo rjes jo mo blos sgron la gdams pa'o//

[edit]
༄༅། །དུས་གསུམ་སངས་རྒྱས་འདུས་པའི་སྐུ། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་སྐྱོངས། །ཁྱོད་ཀྱིས་ཐར་དང་རྣམ་མཁྱེན་ཞིག །ངེས་པར་བསྒྲུབ་པའི་སྐལ་ལྡན་ན། །འཁོར་འདས་སྟོང་ཉིད་ཆེན་པོ་རུ། །ངེས་པར་གོ་མྱོང་རྟོགས་གསུམ་ཞིག །ཉམས་སུ་མྱོང་བ་གཞིར་བཞག་ནས། །ཤེས་པ་དང་པོ་འོད་གསལ་དུ། །འཕོས་པ་མངོན་དུ་གྱུར་བྱས་ཏེ། །རྩེ་གཅིག་སྙིང་པོའི་སྒྲུབ་ལ་བརྩོན། །ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་དང་། །ནང་སློང་ལུས་ཀྱི་ན་ཚ་དང་། །གསང་སློང་སེམས་ཀྱི་དགའ་སྡུག་ཀུན། །འཛིན་ཞེན་མེད་པའི་ངང་དུ་ཞོག །བཟང་དང་ངན་པ་བར་མ་གསུམ། །ལུས་ངག་བྱ་བ་དགུ་ཕྲུགས་བཏང་། །བྱར་མེད་བྱ་བཏང་ཆེན་པོ་ཡི། །སྤྱོད་པ་བསྐྱང་བ་གནད་དུ་ཟུངས། །ཉམས་སྣང་འར་མ་འུར་མ་རུ། །བྱུང་ནས་སྒོ་གསུམ་སློང་བ་ན། །མི་མེད་ལུང་སྟོང་ཞིག་ཏུ་ཕྱིན། །གེགས་སེལ་བོགས་འདོན་སྤྱོད་པ་སྤྱད། །མི་ཚེ་རྨི་ལམ་གནས་སྐབས་ཙམ། །བློ་ཐག་རིང་པོའི་སྣ་ཁ་བསྟུང་། །མྱུར་དུ་ཉམས་ལེན་གནད་ལ་འབུང་། །ཉོན་ཡིད་གཏིང་ནས་སློང་བའི་ཚེ། །ཉོན་མོངས་དུག་ལྔ་མེ་བཞིན་དུ། །འབར་ཚེ་ལུས་ངག་བྱར་མེད་ཞོག །ནམ་མཁའ་རྣམ་པར་དག་པའི་དབྱིངས། །ཁྱབ་བརྡལ་ཆེན་པོའི་དགོངས་པ་སྟེ། །མ་བཅོས་མཉམ་པ་ཉིད་དུ་ཞོག །མི་ལོ་བཅུ་གཉིས་བར་མེད་དུ། །ཐོད་རྒལ་བསྒོམ་ན་མངོན་འཚང་རྒྱ། །དེ་ལྟར་མ་བརྗེད་ཞལ་གདམས་ཡིན། །སྙིང་དང་སྲོག་གི་གཏའ་རུ་ཟུངས། །མི་རྒན་འཆོལ་པོའི་ལབ་མོ་ཡིན། །མ་དོར་འདི་དོན་ཉམས་སུ་ལོངས། །སངས་རྒྱས་ཐོབ་ལ་ལ་ཐང་མེད། །ཅེས་མི་རྒན་བདུད་འཇོམས་རྡོ་རྗེས་ཇོ་མོ་བློས་སྒྲོན་ལ་གདམས་པའོ།། །།