སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་སོགས་ཡེ་ཤེས་འབུམ་ལ་གདམས་པ།

From Dudjom Wiki
Revision as of 16:23, 9 September 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-070
Wylie title skyabs bslu med dkon mchog rnam gsum sogs ye shes 'bum la gdams pa TTDL-ZABTER-18-TSHA-070.pdf
Location bdud 'joms gling pa zab gter
Volume 18, Text 70, Pages 253-255 (Folios 127a1 to 128a3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Skyabs bslu med dkon mchog rnam gsum sogs ye shes 'bum la gdams pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 253-255. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

ཅེས་བདུད་འཇོམས་རྡོ་རྗེས་ཡེ་ཤེས་འབུམ་ལ་གདམས།།

ces bdud 'joms rdo rjes ye shes 'bum la gdams//

[edit]
༄༅། །སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །བདག་རྩེ་གཅིག་གུས་པས་སྐྱབས་སུ་མཆི། །ཁྱེད་ངེས་པར་ཆོས་ཤིག་སྒྲུབ་འདོད་ན། །དུས་མྱུར་དུ་སྒོམ་པ་ལྷུར་ལེན་མཛོད། །ཁྱོད་གཏན་གྱི་བདེ་བ་ཞིག་འདོད་ན། །ཚེ་འདི་ཡི་བྱ་བ་དོར་ལ་ཐོང་། །ཁྱོད་འགལ་རྐྱེན་ངན་རྒུ་སྤང་འདོད་ན། །གནས་དགོན་བཟང་ཆོས་སྡེའི་གྲལ་ཏུ་སྙོགས། །ཁྱོད་འདུ་འཛི་རྣམ་གཡེང་སྤང་འདོད་ན། །དགོན་གྲོང་ལས་ཅུང་ཟད་དགོན་པར་བུད། །ཁྱོད་ཚེ་འདིར་གྲོལ་བ་ཐོབ་འདོད་ན། །ཆོས་འོད་གསལ་རྫོགས་ཆེན་ཉམས་ལེན་མཛོད། །ཁྱོད་རྣམ་མཁྱེན་སངས་རྒྱས་ཐོབ་འདོད་ན། །ཆོས་སྟོང་ཉིད་ལྟ་བ་གཏན་ལ་ཕོབ། །ཁྱོད་མ་ནོར་ཡང་དག་ལམ་འདོད་ན། །ལམ་རིག་སྟོང་བྱར་མེད་མངོན་གྱུར་མཛོད། །ཁྱོད་མྱུར་དུ་ས་ལམ་བརྒལ་འདོད་ན། །ལམ་འོད་གསལ་ཐོད་རྒལ་ཉམས་ལེན་མཛོད། །ཁྱོད་ལམ་ལ་གོལ་ཤོར་མེད་འདོད་ན། །ཉམས་བདེ་སྡུག་རང་ངོ་ཤེས་པར་གྱིས། །ཁྱོད་སྐྱོན་མེད་བཙུན་པ་ཞིག་འདོད་ན། །ལམ་སྤྱོད་པ་མི་དང་བསྟུན་མ་བྱེད། །ཁྱོད་བྱ་བྲལ་ངེས་པ་ཞིག་འདོད་ན། །ཚེ་སྒྲུབ་པ་མཉམ་པ་ཞིག་ལ་རེམ། །གནས་གང་དུ་འདུག་ཀྱང་ཁྱད་མེད་དེ། །གྲོགས་ནག་པོ་ཁྱིམ་པ་སྤང་ན་ལེགས། །ཆོས་གང་ཞིག་བསྒྲུབ་ཀྱང་ཁྱད་མེད་དེ། །ཕ་བླ་མ་བསྟེན་པ་གནད་དུ་ཆེ། །ལམ་གང་ཞིག་བརྟེན་ཀྱང་ཁྱད་མེད་དེ། །དམ་སྡོམ་པ་བསྲུང་བ་གནད་དུ་ཆེ། །ཚེ་ངེས་པ་མེད་པའི་ཚུལ་སོམས་ལ། །ཁྱོད་མི་རྟག་འཆི་བ་མ་བརྗེད་རེམ། །རྒྱུ་ཟ་ཁོམ་སྤྱོད་ཁོམ་མེད་སོམས་ལ། །ཁྱོད་ལོ་ཟས་ཙམ་གྱིས་ཆོག་ཤེས་བརྟེན། །དྲིན་ཆེན་པོས་བསྐྱངས་ཀྱང་ངོ་དོན་མེད། །རང་མགོ་ཐོན་ཞིག་ལ་རེམ་མཛོད་ཅིག །ཕ་བླ་མས་ཅི་གསུངས་བཀའ་བསྒྲུབ་ལ། །བློ་ཆོས་ལ་དྲིལ་ཤིག་སྐལ་ལྡན་བུ། །འཆིའི་ནང་པར་གྲོགས་མེད་གཅིག་པུ་ཡིན། །དགྲ་འདུལ་དང་གཉེན་སྐྱོང་སྤྱོད་པ་སྤོངས། །རྒྱུས་ཟས་ནོར་ཅི་ལྟར་མང་ལགས་ཀྱང་། །འཆིའི་ནང་པར་སྤྲང་པོ་ལག་སྟོང་ཡིན། །མཁར་ས་རྡོ་བཀོད་ལེགས་རྒྱ་ཆེ་ཡང་། །དེ་ཤུལ་དུ་ལུས་ནས་ཕ་རོལ་འགྲོ། །དེར་མི་བསླུ་ངེས་པ་དམ་ཆོས་ཡིན། །ཕ་བླ་མའི་ཆེད་དུ་དཀའ་སྤྱད་ན། །དོན་ཆུད་མི་ཟ་བའི་ལས་ཀ་ཡིན། །སྔོན་ཚེ་སྟོད་སྟོང་ཟད་བྱས་ལ་ལྟོས། །ད་མ་གཡེལ་མྱུར་དུ་མཚམས་སྒྲུབ་རེམ། །ལས་ད་ཟིན་བསམ་དུས་མི་ཡོང་བའི། །ལས་འཕྲོ་ཆོད་དམ་པའི་ཆོས་ལ་ཆོས། །ཁྱོད་ཞལ་གདམས་དགོས་ཟེར་དོན་ཡོད་ཕྱིར། །འདིར་ལྟོས་ལ་འདི་དོན་ཉམས་སུ་ལོངས། །མི་རྒན་པོ་འཆོལ་བའི་གཏམ་ཡིན་ཡང་། །ལོ་གྲངས་མང་གོམ་འདྲིས་སོང་བའི་ཚིག །མདོ་རང་ལ་མེད་ཀྱང་ཁྱོད་ལ་བཤད། །དེ་ཤིང་ལས་ཆོས་སྒྲ་འབྱུང་དང་མཚུངས། །ཚུལ་ཉམས་སུ་ལོངས་དང་མངོན་འཚང་རྒྱ། །མ་འགྲོ་བའི་དོན་ཡང་ཞོར་ལ་འགྲུབ། །དཔལ་ཨོ་རྒྱན་ཆེན་པོའི་ལམ་ལ་ཚུད། །ཅེས་བདུད་འཇོམས་རྡོ་རྗེས་ཡེ་ཤེས་འབུམ་ལ་གདམས།། །།