DUDJOM-THROMA-048

From Dudjom Wiki
Revision as of 09:30, 16 July 2025 by Jeremi (talk | contribs)

DUDJOM-THROMA-048
Wylie title DUDJOM-THROMA-048.pdf
Location khros ma'i sgrub skor
Volume 1, Text 48, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དབུ་ཁྲིད་བརྡ་ཡིག༠༠༠༠༠ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཆར་འབེབས་དངོས་གྲུབ་ཆུ་གཏེར་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༥༢༣བརྡ་ཡིག༔ རབ་ན་རྡོ་དཀར་གྱིས་གང་བའི་ཆུ་མིག་བཟང་པོ་དང་༔ འབྲིང་ན་ཆུ་མིག་རྡོ་སེར་གྱིས་གང་བའི་ནང་ངམ༔ མཚོ་ཆེན་པོའི་འགྲམ་དུ་ཕྱིན་ནས་འདི་སྐད་དོ༔ ཕཊ་ཕཊ་ཕཊ༔ རང་ཉིད་སྐད་ཅིག་གིས་དུར་ཁྲོད་ཀྱི་བདག་མོ་མ་ཅིག་ཁྲོས་མ་ནག་མོ་སྐུ་དཔའ་བརྗིད་འཇིགས་སུ་རུང་བ༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་གྱི་མཆེ་བ་ཟངས་ཡག་ཏུ་གཙིགས་པ༔ ཕྱག་གཡས་ཀྱི་གྲི་གུག་གིས་ཁམས་གསུམ་འགུགས་ཤིང་གཡོན་པས་ཐོད་ཁྲག་བསྣམས་པས་ཁམས་གསུམ་ཁྲག་ཏུ་རོལ་པ་ཁ་ཊྭཱྃ་ཀ་བརྟེན་པ༔ ཞབས་གཉིས་གར་སྟབས་ཀྱིས་པད་ཉི་རོའི་གདན་ལ་རིགས་ལྔ་དབྱིངས་ཀྱི་ཌཱ་ཀི་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བར་གྱུར༔ ཕཊ་ཕཊ་ཕཊ༔ སྐད་ཅིག་གིས་ས་གཞི་འདི་རྒྱ་ཆེ་ལ་ཁྱོན་ཡངས་པ༔ དབྱིབས་མཛེས་ཤིང་ཁོད་སྙོམས་པ༔ ངོས་འཇམ་ཞིང་ཡིད་གདུང་བ༔ གུར་གུམ་གྱི་སྤང་རི་ལ་སྨན་གྱི་མེ་ཏོག་སྣ་ཚོགས་བཞད་པའི་དབུས་སུ་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་ཆེ་ལ་གཏིང་ཟབ་པའི་མཚོའི་མཐར་རིན་པོ་ཆེ་སྣ་ཚོགས་པའི་གྲམ་པ་དང་གཡུ་ཡི་ནེའུ་སིང་དང་གསེར་གྱི་བྱེ་མས་བསྐོར་བ༔ དཔག་བསམ་ཤིང་གི་ར་བས་བསྐོར་ཞིང་དགོས་འདོད་ཀྱི་ཆར་འབེབས་པ༔ ནང་དུའང་ཆུ་གནས་རྣམ་པ་སྣ་ཚོགས་ཀྱིས་གང་བའི་ཀློང་དུ་པདྨའི་གདན་གྱི་སྟེང་དུ་ཀླུ་རྒྱལ་མི་མགོན་དཀར་པོ་གཡས་ནོར་བུ་ལས་དགོས་འདོད་འབྱུང་ཞིང་༔ གཡོན་གཏེར་བུམ་ལས་ན་བུམ་འཕྱོ་བ༔ སྦྲུལ་མགོ་བརྒྱད་ཀྱི་གདེངས་ཀ་ཅན༔ རྒྱལ་རིགས་དཀར་པོས་མགུལ་རྒྱན་དང་རྗེ་རིགས་སེར་པོས་དོ་ཤལ་བྱས་ཤིང་བྲམ་ཟེ་དམར་པོས་སེ་རལ་ཁ་དང་གདོལ་པ་ནག་པོའི་གདུ་བུས་འཁྱུད་པ༔ སྐུ་སྨད་སྦྲུལ་ལྗང་གུར་འཁྱིལ་ཞིང་དམངས་རིགས་མང་པོས་མཀུར་སྟི་བྱེད་པ༔ སྐུ་ལུས་ལ་ན་བུན་དང་ཆར་སྤྲིན་མུན་ལྟར་གཏིབས་ཤིང་འཕྱོ་བ༔ དེའི་གནས་གསུམ་ལས་འོད་འཕྲོས་པས་སྟོང་གསུམ་གྱི་ཀླུ་རྣམས་ཐམས་ཅད་སྤྱན་དྲངས་ལ་བསྟིམ་མོ༔ དེ་ནས་སྤྱན་འདྲེན་པ་ནི༔ ནཿ ཕུཿ དད་པ་དང་ནི་དམ་ཚིག་གིས༔ ཀླུ་རྒྱལ་འཁོར་བཅས་སྤྱན་འདྲེན་ནོ༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ དགོས་འདོད་སྩོལ་ཕྱིར་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ ཆར་རྒྱུན་ཆེན་པོའི་དངོས་གྲུབ་སྩོལ༔ སྔོན་ཚེ་ཤཱཀྱ་ཐུབ་པའི་བཀའ༔ བར་དུ་ཕྱག་ན་རྡོ་རྗེའི་དམ༔ ཐ་མ་ཨོ་རྒྱན་ཆེན་པོའི་བཀའ༔ ད་ལྟ་རྣམ་འབྱོར་བདག་གི་ཚིག༔ བཀའ་དང་དམ་ཚིག་གཉན་པོ་དེ༔ གཏའ་རུ་བཙུག་ཅིང་དཔང་དུ་བཞག༔ ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ ཡུལ་འདིར་ཆར་གྱི་རྒྱུན་ཆེན་པོ༔ མ་འགྱང་དོ་ནུབ་ཉིད་དུ་ཕོབ༔ རྩི་ཤིང་ལོ་ཏོག་རྒྱས་པར་མཛོད༔ དཀར་གསུམ་མངར་གསུམ་སྨན་གྱིས་མཆོད༔ ཕྲིན་ལས་གཉན་པོ་མྱུར་འགྲུབ་མཛོད༔ དམ་ལས་མ་འདའ་ས་མ་ཡ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ ཕུཿ ནཱ་ག་རཱ་ཙ་སརྦ་ས་མ་ཡ་ཁཾ་བཾ་སིདྡྷི་སིདྡྷི་ཧཱུྃ༔ ཅི་མང་བཟླ༔ རབ་ཀླུ་སྨན་དང་དཀར་གསུམ་མངར་གསུམ་གཏོར༔ མཐར་དཀར་འགྱེད་བཏང་བས་ཆར་ཆེན་པོ་འབེབས་པར་ཐེ་ཚོམ་མེད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བཀའ་སྲུང་དབང་ཕྱུག་ཆེན་པོས་སྲུངས་ཤིག༔ ས་མ་ཡ༔ ཞེས་པ་འདི་ཉིད་རང་སློབ་དམ་པ་ཚེས་བཅུས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།། །།