DUDJOM-THROMA-076

From Dudjom Wiki
Revision as of 09:30, 16 July 2025 by Jeremi (talk | contribs)

DUDJOM-THROMA-076
Wylie title DUDJOM-THROMA-076.pdf
Location khros ma'i sgrub skor
Volume 1, Text 76, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༄༅།།ཟབ་མོ་གཅོད་ཀྱི་འགྱེད་བཞིའི་དམིགས་རིམ་གྱི་ཟིན་བྲིས་ཡུམ་ཆེན་དགོངས་རྒྱན་ཅེས་བྱ་བ་བཞུགས་སོ།། ༄༅།།ན་མོ་ཛྙཱ་ན་ཌཱཀྐི་ནཱི་ཡེ།གཞི་དབྱིངས་སྤྲོས་བྲལ་ནམ་མཁའ་རུ།།གཞི་སྣང་གཟུགས་སྐུའི་ཉི་མ་ཤར།།ཡུམ་ཆེན་ཁྲོས་མ་ནག་མོ་ལ།།བཏུད་དེ་ལུས་སྦྱིན་དམིགས་རིམ་སྤེལ།།དེའང་ལམ་གཞན་ལས་ཁྱད་པར་དུ་འཕགས་པ་ཟབ་གཏེར་ཁྲོས་མ་ནག་མོའི་སྒོ་ནས་སྨིན་གྲོལ་གྱི་བྱིན་རླབས་ཐོབ་ཅིང་།རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ལ་ཕྱིན་ཅི་མ་ལོག་པའི་ངེས་པ་གཏིང་ནས་སྐྱེས་ཏེ་ལྟ་སྒོམ་གྱི་ཕྱོགས་ལ་ཚུལ་བཞིན་དུ་གཞོལ་བའི་སྐལ་ལྡན་དག་གིས།བརྟུལ་ཞུགས་ཀྱི་སྤྱོད་པའི་བོགས་འདོན་བླ་ན་མེད་པ་ལུས་གཅེས་འཛིན་གྱི་འཁྲི་བ་རྩད་ནས་བཅད་ཏེ་ཕུང་པོ་མཆོད་སྦྱིན་གྱི་ཚོགས་སུ་བསྒྲུབ་པའི་ཚུལ་ལ་ནན་ཏན་དུ་སློབ་པར་བྱ་སྟེ།དེའི་ཚུལ་ལ་བཞི།ནག་འགྱེད།དཀར་འགྱེད།ཁྲ་འགྱེད།དམར་འགྱེད་དོ།།དང་པོ་ཐོ་རངས་དང་འབྲེལ་བར་ནག་འགྱེད་བྱ་བ་ནི།ཐོག་མར་ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་ཞིང་།བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་།ཡན་ལག་བདུན་གྱིས་ཚོགས་བསགས་པ།བླ་མའི་རྣལ་འབྱོར་ལ་བརྟེན་ནས་རྟོགས་པའི་བྱིན་རླབས་རང་རྒྱུད་ལ་དབབ་པ་རྣམས་ནི་འགྱེད་བཞི་ཀའི་སྦྱོར་བར་ངེས་པར་བྱས་ནས།འགྱེད་དངོས་ལ།ཕཊ༔ རང་ལུས་ཚོ་སྣུམ་སོགས་བརྗོད་པ་དང་།སྐད་ཅིག་གིས་རང་ལུས་འདི་ཉིད་ཆེ་བརྗིད་ཚོ་སྣུམ་རི་རབ་ཙམ་དུ་གྱུར་པའི་ལུས་དབུས་སུ་རྩ་དབུ་མ་མཚན་ཉིད་ཀུན་ལྡན་ཡར་སྣེ་སྤྱི་བོར་ཟུག་ཅིང་།མར་སྣེ་སྙིང་གར་ཚིག་གིས་འགག་པའི་སྟེང་དུ་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་བྱ་མ་སར་གྱི་སྒོ་ང་ཙམ་ཞིག་གསལ་བ་དེ་ཉིད་དཔག་ཆེན་གྱི་མདའ་ལྟར་ནམ་མཁའི་དབྱིངས་སུ་སྤར།དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྐུ་མ་ཅིག་ཁྲོས་མ་ནག་མོ་མཐིང་ནག་གྲི་ཐོད་རུས་རྒྱན་ཅན་ཡེ་ཤེས་མེ་དཔུང་གི་ཀློང་དུ་གར་སྟབས་ཀྱིས་བཞུགས་པར་བསྒོམ།སྐུའི་འོད་ཀྱིས་ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་བག་ཆགས་ཐམས་ཅད་འོད་ནག་པོའི་རྣམ་པར་བསྡུས་ནས་གཟུགས་ཕུང་ལ་བསྟིམས་པས།བེམ་པོ་དེ་ཉིད་སོལ་ཕུང་ལྟ་བུར་གནག་སྣུམ་ཆེ་བརྗིད་སྟོང་གསུམ་གྱི་ཁམས་ཀུན་ཡོངས་སུ་གང་བ།ལྷ་འདྲེ་རྣམས་ཀྱིས་མཐོང་ཐོས་དྲན་པ་ཙམ་གྱིས་ཡིད་དབང་མེད་དུ་འཕྲོག་པའི་ནུས་པ་དང་ལྡན་པ་ལ།དབྱིངས་ནས་ཡི་གེ་འབྲུ་གསུམ་གྱི་ཆར་བབས་པས་མྱོང་གྲོལ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ་ལ།འབྲུ་གསུམ་གང་མང་བརྗོད།ཌཱ་དྲིལ་འུར་ཆེམ་རྐང་གླིང་བཅས།ཕཊ་དང་པོས་མགྲོན་རྣམས་ཀྱིས་ཐོས།གཉིས་པས་ལམ་ལ་ཆས།གསུམ་པས་ཐིབ་ཀྱིས་འདུས་པར་བསམ་ལ།མགྲོན་བསྐྱེད་ནི།ཀླུ་གདོན་རྒྱལ་པོ་སོགས་ཏེ།མདུན་གྱི་བར་སྣང་གི་ཁམས་སུ་གཏི་མུག་འཁྲུལ་བའི་རང་གཟུགས་ཀླུ་གདོན་རྒྱལ་པོ་ཕག་གི་མགོ་ཅན་རོ་སྟོད་མི་ལ་རོ་སྨད་སྦྲུལ་དུ་འཁྱིལ་བ།གཡས་སྦྲུལ་ཞགས་དང་གཡོན་ནད་རྐྱལ་ཐོགས་ཏེ་ཆུ་སྲིན་ལྗང་ཁྲ་ལ་ཞོན་པ།འཁོར་ཀླུ་གདོན་ས་བདག་གི་སྡེ་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ།དེའི་འོག་ཏུ་ཞེ་སྡང་གདུག་པའི་རང་གཟུགས་ཕོ་གདོན་རྒྱལ་པོ་སྦྲུལ་གྱི་གདོང་ཅན།གཡས་མཁར་གསིལ་དང་གཡོན་ལྷུང་བཟེད་འཛིན་པ་ཆོས་གོས་རྣམ་གསུམ་དང་བསེ་ཞྭ་གྱོན་ཏེ་སེང་གེ་དཀར་མོ་ལ་ཞོན་པ།འཁོར་ཨ་ཙ་ར་དང་མོན་པ་སོགས་ཕོ་གདོན་རྒྱལ་པོའི་སྡེ་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ།དེའི་འོག་ཏུ་འདོད་ཆགས་འཁྲུལ་པའི་རང་གཟུགས་མོ་གདོན་འདྲེ་མོ་བྱའི་གདོང་ཅན་གཡས་བཤན་གྲི་དང་གཡོན་ནད་རྐྱལ་ཐོགས་པ་མི་ལྤགས་རློན་པ་ལྡིང་སྟབས་སུ་གྱོན་ཏེ་འགྲེང་སྟབས་སུ་འཁོད་པ།འཁོར་མོ་གདོན་འདྲེ་མོའི་སྡེ་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ།དེ་དག་རྣམས་ཀྱི་སྟེང་གི་ནམ་མཁར་དབྱིངས་ཀྱི་རྗེ་མོ་འཁོར་འདས་དབང་མོ་རེ་མ་ཏཱི་ནག་མོ་གཡས་རལ་གྲི་དང་གཡོན་ཐོད་ཁྲག་ཐོགས་ཏེ་མཆན་དུ་ནད་རྐྱལ་བཙིར་བ་མི་ལྤགས་ཀྱི་སྟོད་གཡོགས་དང་རེ་ལྡེའི་སྨད་ཤམ་ཅན།བོང་བུ་གྭ་ཞུར་མིག་གསུམ་པ་སྲིན་ཐོད་ཀྱི་སྒ་དང་སྦྲུལ་གྱི་གློ་ལེན་གོང་སྨད་དང་།ཞིང་ལྤགས་རློན་པས་སྒ་ཁེབས་བྱས་ཤིང་སྔ་ཤད་ཕྱི་ཤད་དུ་ཚོན་གྱི་གྲུ་གུ་ཤྭ་རྡིལ་དཀར་ནག་ཁྲམ་ཤིང་ནད་རྐྱལ་རྣམས་བཀལ་བ་ལ་ཞོན་པ།འཁོར་རང་འདྲའི་བུད་མེད་ནག་མོ་རལ་བསིག་ཅན་བྱེ་བ་འབུམ་སྡེས་བསྐོར་བར་བསྒོམ།དེ་ནས་ལྟ་བའི་རྒྱང་གླུ་ནི།འཁོར་འདས་རོ་སྙོམས་སོགས་ཏེ།འདི་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་གནས་ལུགས་མཉམ་པ་ཉིད་དུ་རོ་སྙོམས་པར་རྟོགས་པས་གང་ལའང་འཇིགས་པ་མེད་པའི་རྣལ་འབྱོར་གྱི་དབང་ཕྱུག་ངས་ནི།ཚེ་རབས་ཐོག་མ་མེད་པའི་དུས་ནས་མེད་ལ་ཡོད་པར་བཟུང་སྟེ་གཅེས་པར་བསྐྱངས་པའི་ངར་འཛིན་འཁྲུལ་པའི་ཕུང་པོ་འདི་ཉིད་དེ་རིང་ལྟོས་པ་མེད་པར་སྣང་སྲིད་ལྷ་འདྲེའི་ཚོགས་ལ་སྦྱིན་པ་ཆེན་པོའི་ཐབས་སུ་གཏོང་ངོ་།།ལུས་སྦྱིན་དངོས་ནི།སྦྱིན་ཡུལ་མ་རིག་སོགས་ཏེ།སྦྱིན་ཡུལ་མ་རིག་འཁྲུལ་པའི་ལྷ་འདྲེ་གཏི་མུག་ཀླུ་གདོན།ཞེ་སྡང་ཕོ་གདོན།འདོད་ཆགས་མོ་གདོན་གྱི་སྡེ་ཚོགས་དང་དེར་བྱུང་གི་སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ་བམ་ཆེན་ཚོགས་ཀྱི་མཆོད་པ་ཕུལ་བས་ཧབ་སྒྲ་དང་བཅས་ཏེ་རྗེས་ཤུལ་ལྷག་མ་མེད་པར་རོལ་པར་བསམ་ལ།ཕཊ་དང་པོས་མཆོད།གཉིས་པས་ཐོབ།གསུམ་པས་ཚིམ་པར་བསམ།དེ་ལྟར་བསྔོས་པས་ལྷ་འདྲེ་ཐམས་ཅད་སོལ་ཕུང་ལྟར་སོང་ཞིང་།ལྷ་འདྲེ་ཆེ་བ་རྣམས་ཀྱིས་ཆུང་བ་རྣམས་ཟོས།ཆེ་བ་རྣམས་གཙོ་བོ་གསུམ་གྱིས་ཟོས།ཕོ་གདོན་རྒྱལ་པོས་མོ་གདོན་འདྲེ་མོ་ཟོས།ཀླུ་གདོན་རྒྱལ་པོས་ཕོ་གདོན་རྒྱལ་པོ་ཟོས།བུད་མེད་རེ་མ་ཏཱི་ནག་མོས་ཀླུ་གདོན་རྒྱལ་པོ་ཇུར་མིད་དུ་བཏང་།བུད་མེད་ནག་མོ་ཆོས་སྐུ་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་དུ་ཡལ་བར་བསམ་ལ།ཕཊ་དང་པོས་དམིགས་མེད་ཀྱི་ངང་དུ་བཞགགཉིས་པས་ངང་མངོན་དུ་བྱས།གསུམ་པས་གདིང་ཐོབ་པར་བསམ།བསྡུ་རིམ་ནི།བདག་དང་ཡུལ་སྣང་སོགས་ཏེ།ནང་བདག་ཏུ་འཛིན་པའི་སེམས་དང་ཕྱི་གཟུང་བའི་ཡུལ་སྣང་ཐམས་ཅད་རྨི་ལམ་དབྱིངས་སུ་སད་པ་ལྟར་ཡེ་གཞི་རིག་པ་ཧེ་རུ་ཀའི་ངང་དུ་འདུས་པས་ལྷ་དང་འདྲེ་བགེགས་སངས་རྒྱས་སེམས་ཅན་བདག་དང་ཡུལ་སྣང་གནོད་བྱ་དང་གནོད་བྱེད་ཐམས་ཅད་ངོ་བོ་ཕྱོགས་མཐའ་ལས་འདས་པ་ཀ་དག་ལྷུན་འབྱམས་ཆེན་པོའི་ངང་མ་བཅོས་དེ་བཞིན་ཉིད་དུ་མཉམ་པར་བརྡལ་བས།ཕཊ་དང་པོས་རྩལ་སྤྲུལ་སྐུའི་དབྱིངས་སུ་བསྲེ།གཉིས་པས་གདངས་འགགས་མེད་ལོངས་སྐུའི་རོལ་པར་འཕོས།གསུམ་པས་ངོ་བོ་ཆོས་སྐུའི་དགོངས་པ་མངོན་དུ་བྱས་ལ་མཉམ་པར་བཞགདེ་ནས་ཆོས་སྦྱིན་དང་བདེ་སྡུག་གཏོང་ལེན་བསྔོ་སྨོན་སོགས་བྱ་བ་ནི་འགྱེད་ཀུན་ལ་སྦྱར་རོ།།གཉིས་པ་ནམ་ལངས་དང་འབྲེལ་བར་དཀར་འགྱེད་ནི།ཕཊ༔ ངར་འཛིན་བག་ཆགས་སོགས་བརྗོད་པ་དང་།ཐོག་མ་མེད་ནས་ང་རུ་འཛིན་པའི་ཤེས་པ་བག་ཆགས་འཐས་པའི་རྟེན་འབྲེལ་ལས་བྱུང་བའི་སྒྱུ་མའི་ལུས་ཀྱི་ཕུང་པོ་སྙིང་དབུས་ནས་དྭངས་མའི་ཤེས་རིག་དེ་ཉིད་གདོད་མའི་ཡེ་གཞི་ནམ་མཁའ་རྣམ་པར་དག་པ་རུ་འཕོས་ཏེ།ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་ནས་འགགས་མེད་ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་དུ་ལངས་པ་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་དཀར་མོ་གཅེར་བུ་རུས་རྒྱན་གར་སྟབས་བསྒྱུར་བའི་སྐུར་ལམ་གྱིས་གྱུར་པ་དེ་ཡི་ཕྱག་གཡས་རལ་གྲིས་སྙིགས་མའི་གཟུགས་ཀྱི་ཕུང་པོ་དུམ་བུར་གཏུབ་ནས་རྡུལ་ཕྲ་རབ་ཀྱི་རྣམ་པར་ཕབ་ཅིང་།གཡོན་པས་རླུང་གི་བ་དན་རྩེ་གསུམ་པ་གཡབ་པས་ཤ་ཁྲག་རུས་པ་ཕྱོགས་མཚམས་ཀུན་ཏུ་གཏོར་ནས་ཕྱི་འབྱུང་སྣང་བའི་ཡུལ་ས་ཆུ་མེ་རླུང་བཞི་དང་ཤ་ཁྲག་དྲོད་དབུགས་རྣམས་བསྲེས་ཤིང་མཉམ་པར་བརྡལ་ནས།སླར་ཡང་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བྱུང་བས་སྦགས་པས།གཞན་འཕྲུལ་དབང་བྱེད་ཀྱི་ལྷ་ཡིས་རང་གི་འདོད་ཡོན་གྱི་བཀོད་པ་བསམ་མ་ཐག་ཏུ་ཐོགས་པ་མེད་པར་འཕྲུལ་པ་བཞིན་དུ་སྣང་སྲིད་འདོད་ཡོན་ཐམས་ཅད་དཀར་མཆོད་བདུད་རྩིའི་སྤྲིན་དུ་བསྒྱུར་ཏེ་ངོ་བོ་ཟག་པ་མེད་པའི་མྱོང་གྲོལ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་དཀར་གསུམ་གྱི་རང་བཞིན་འོ་མ་དང་ཞོ་ཡི་རྒྱ་མཚོ་དང་།མར་དང་ཐུད་ཀྱི་རི་བོ་དང་ཡུལ་ལྗོངས།ཀ་ར་དང་བུ་རམ་སྦྲང་རྩི་སྟེ་མངར་གསུམ་བཅུད་ཀྱི་བྲག་རི་སོགས་འདོད་རྒུའི་ལོངས་སྤྱོད་མཁའ་ལ་སྤྲིན་ཕུང་གཡོ་བ་བཞིན་དུ་འཛད་མེད་ནམ་མཁའ་མཛོད་ཀྱི་དཔལ་ཡོན་བླ་ན་མེད་པ་ཕྱི་ནང་སྣོད་བཅུད་འདོད་ཡོན་ཐམས་ཅད་རང་བྱུང་མཆོད་པའི་རྒྱན་དུ་སྤེལ་ལ།འབྲུ་གསུམ་གང་མང་བརྗོད།ཕཊ་གསུམ་གྱིས་མགྲོན་རྣམས་ཐོས་ཆས་འདུས་པར་བསམ་ལ།ལྟ་བའི་གདིང་གླུ་ནི།ཨེ་མ་སངས་རྒྱས་སོགས་ཏེ།ཨེ་མ་ཞེས་པ་རང་ཉིད་ལྟ་སྒོམ་ལ་ངེས་ཤེས་འདྲོངས་པ་ལ་ངོམ་པའོ།།རང་རིག་ལས་གཞན་ན་སངས་རྒྱས་གྲུབ་པ་མེད་པས་སངས་རྒྱས་ཀྱང་ང་ཉིད་ཡིན་ལ།ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གཞིའི་སྣང་ཆ་ཙམ་ལས་གཞན་དུ་མ་གྲུབ་པས་ན་སེམས་ཅན་ཀྱང་ང་།ཕྱི་ནང་སྣོད་བཅུད་འདོད་ཡོན་གྱི་སྣང་བ་ཐམས་ཅད་ང་ཉིད་གཞིའི་བཀོད་པ་ཡིན་ཅིང་།འཁོར་འདས་ཐམས་ཅད་བདེ་གཤེགས་སྙིང་པོ་ང་ཡི་རྩལ་ལས་སྣང་བའི་ཆོ་འཕྲུལ་ཁོ་ན་ཡིན་ལ།ཐམས་ཅད་ང་ཡི་གཞི་དང་གཞི་སྣང་གཉིས་སུ་མེད་པར་རྟེན་ཅིང་འབྲེལ་བའི་ཕྱིར་ཆོས་ཐམས་ཅད་སྤྲོས་སམ་འཕྲུལ་ཡང་ང་ལས་འཕྲུལ་ཞིང་ཐམས་ཅད་བསྡུ་ཡང་ང་ལ་བསྡུའོ།།ཕཊ་ནི་གཞི་དོན་མངོན་དུ་བྱེད་པའི་དོན་ནོ།།ང་དབུ་མ་སོགས།།གཞིའི་ངོ་བོ་རྣམ་ཐར་གསུམ་ལྡན་སྤྲོས་པའི་མཐའ་གང་དུའང་མ་ལྷུང་བའི་དབུ་མ་ཆེན་པོར་གདིང་ཐོབ་པའི་རྣལ་འབྱོར་པ་ངས།སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཉིད་ཆེན་པོར་རྟོགས་པས་ཡུལ་ལ་བཟང་ངན་རེ་དོགས་མེད་པའི་དགའ་སྟོན་འགྱེད་དེ།ད་ནི་བདག་འཛིན་འཁྲུལ་པའི་རྟོག་ཚོགས་བདག་མེད་མཉམ་ཉིད་ཀྱི་དབྱིངས་སུ་གཅོད་པའི་བརྟུལ་ཞུགས་སྤྱོད་དོ།།ང་ཕྱག་རྒྱ་སོགས།སྣང་སྲིད་འཁོར་འདས་ཐམས་ཅད་གནས་ལུགས་སྟོང་པ་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་ལས་མི་གཞན་པར་ཤེས་པའི་རྣལ་འབྱོར་པ་ངས།ཆོས་ཐམས་ཅད་སྒྱུ་མའི་ཆོ་འཕྲུལ་ལྟ་བུར་རྟོགས་པའི་ཏིང་ངེ་འཛིན་གྱིས།དེང་མཆོད་སྦྱིན་རྫས་ཀྱི་དངོས་པོ།མཆོད་ཡུལ་མགྲོན་གྱི་བཀོད་པ་སོགས་ཀྱི་རོལ་གར་བསྒྱུར་བས།སྣ་ཚོགས་སྣང་བའི་ཡུལ་ལ་དངོས་པོར་ཞེན་པའི་འཁྲུལ་པ་དབྱིངས་སུ་གཅོད་པའི་བརྟུལ་ཞུགས་སྤྱོད་དོ།།ང་རྫོགས་པ་སོགས།གནས་ལུགས་རྫོགས་པ་ཆེན་པོའི་རང་བཞིན་མངོན་དུ་གྱུར་པའི་རྣལ་འབྱོར་པ་ངས།སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཁྱབ་བརྡལ་རིག་པ་རྗེན་པར་རྟོགས་པས།ད་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཏེ་འཁོར་གསུམ་རྣམ་པར་དག་པའི་བརྟུལ་ཞུགས་ཀྱི་དགོངས་པས་གཞི་དབྱིངས་སྤྲོས་བྲལ་དག་མཉམ་ཆེན་པོའི་ངང་མངོན་དུ་བྱའོ།།ཕཊ་དང་པོས་ངང་མངོན་དུ་བྱས།གཉིས་པས་རྩལ་རྫོགས།གསུམ་པས་གདིང་ཐོབ་པར་བསམ།མཆོད་སྦྱིན་དངོས་ནི།གཞི་བདེ་གཤེགས་སོགས།གཞི་བདེ་བར་གཤེགས་པའི་སྙིང་པོ་ནི་ངོ་བོ་རང་བཞིན་ཐུགས་རྗེ་དབྱེར་མི་ཕྱེད་པས་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ལྷ་སྟེ་དཀོན་མཆོག་སྲི་ཞུའི་མགྲོན་དང་།ལམ་རིག་པའི་རང་རྩལ་གྱི་རོལ་པ་གསལ་ཆ་ཕོ་རྒྱུད་སྟོང་ཆ་མོ་རྒྱུད་དེ་ལས་གྱེས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་རྣམ་པར་སྣང་བ་སོགས་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལ།དོན་དམ་ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བདུད་རྩིས་མཆོད་པས་གདིང་ཡེ་གཞི་ཀ་དག་ཆོས་སྐུ་ཁྱབ་བརྡལ་ཆེན་པོའི་དབྱིངས་སུ་བྱང་ཆུབ་བོ།།འདི་མན་གྱི་ཕཊ་དོན་གོང་དང་འདྲ།སེམས་དུག་གསུམ་སོགས།མ་དག་སེམས་ཀྱི་ཆ་ལས་ཉོན་མོངས་དུག་གསུམ་མཆེད་ཅིང་།དེ་ལས་ཁམས་གསུམ་འཁོར་བའི་གནས་ཡུལ་དུ་སྣང་བ་ཐམས་ཅད་རིགས་དྲུག་སྙིང་རྗེའི་མགྲོན་དང་།སེམས་ཀྱི་རྩལ་རྣམ་པར་རྟོག་པ་ལས་རེ་བའི་ཡུལ་ལྷ་དང་།དོགས་པའི་ཡུལ་འདྲེ་བགེགས་སུ་ཞེན་ཅིང་རྣམ་པར་སྣང་བ་རྣམས་ནི་བགེགས་རིགས་ལན་ཆགས་ཀྱི་མགྲོན་ཏེ།དེ་དག་ཐམས་ཅད་དོན་དམ་པར་བཟང་ངན་རེ་དོགས་ལས་འདས་པ་གཉིས་མེད་མཉམ་པ་ཉིད་དུ་འུབ་ཆུབ་རོལ་པའི་ཆོས་ཀྱིས་མ་བཅོས་རང་བཞག་ཏུ་ཀློད་དེ་ཆོས་དབྱིངས་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་འཛད་མེད་དུ་སྟེར་རོ།།ཕྱི་གཟུང་བ་སོགས།ཕྱི་རོལ་གཟུང་བ་ཡུལ་དུ་འཛིན་པའི་སྣང་སྲིད་ཀྱི་ལྷ་འདྲེའི་ཚོགས་ལ་གཞིའི་ཆོ་འཕྲུལ་སྣ་ཚོགས་སྣང་བའི་ཆོས་ཁམས་འདོད་ཡོན་རྒྱ་མཚོའི་བཀོད་པ་རང་བྱུང་དུ་ཤར་བ་འདི་དག་འབུལ་བས།ཡུལ་སྣང་ལ་དངོས་འཛིན་བདེན་ཞེན་གྱི་བག་ཆགས་རྣམ་པར་དག་ནས་དོན་དམ་ཡུལ་མེད་ཟང་མ་ཐལ་བྱུང་གི་ངང་མངོན་དུ་གྱུར་པའི་མཆོད་པ་བཞེས་ཤིགནང་འཛིན་པ་སོགས།ནང་ང་རུ་འཛིན་པ་སེམས་ཀྱི་ལྷ་འདྲེའི་ཚོགས་ལ།གཞིའི་ཆོ་འཕྲུལ་མེད་བཞིན་སྣང་བའི་འདོད་ཡོན་གྱི་བཀོད་པ་སྟེར་བས།ཡུལ་ང་རུ་འཛིན་པའི་དངོས་ཞེན་ཨ་འཐས་ཀྱི་འཕྱང་ཐག་རང་སར་གྲོལ་ནས་དོན་དམ་རིག་པ་གཞི་མེད་རྩ་བྲལ་གྱི་ངང་མངོན་དུ་གྱུར་པའི་མཆོད་པ་བཞེས་ཤིགབར་གཟུང་འཛིན་སོགས།བར་སྣང་སེམས་འཁྲུལ་པའི་སྤུན་ཐག་གཟུང་འཛིན་དབྱེར་མི་ཕྱེད་པར་ལུ་གུ་རྒྱུད་དུ་འབྲེལ་བའི་ལྷ་འདྲེའི་ཚོགས་ལ།གཞི་ངོ་བོ་མ་རིག་པའི་ཆོ་འཕྲུལ་ཁམས་གསུམ་འཁོར་བ་ལུགས་འབྱུང་གི་ཆོས་རྣམས་དགག་སྒྲུབ་མེད་པར་སྟེར་བས།ཕྱི་ནང་གི་ཡུལ་སྣང་གང་ཡང་བཟང་ངན་སྤང་ལེན་མེད་པར་མཉམ་ཉིད་རང་མལ་དུ་ཞིག་ནས་གཞིའི་ངོ་བོ་ཀ་དག་བརྡལ་ཁྱབ་ཆེན་པོའི་ངང་མངོན་དུ་གྱུར་པའི་མཆོད་པ་བཞེས་ཤིགདེ་ནས་བསྡུ་རིམ་ནི།ཡུལ་ཁམས་གསུམ་སོགས།ཕྱི་ནང་གི་ཡུལ་ཁམས་གསུམ་འཁོར་བའི་སེམས་དང་སྣང་བའི་ཆོས་ཐམས་ཅད་དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་འཕྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན་དུ་གཞི་དབྱིངས་སྤྲོས་པ་ཀུན་བྲལ་རྣམ་ཐར་གསུམ་ལྡན་གྱི་བདག་ཉིད་སྟོང་ཆེན་རྡོ་རྗེ་བཙུན་མོའི་མཁའ་ཀློང་དུ་ད་ནི་འཁོར་འདས་དག་མཉམ་ཆེན་པོར་འབྱམས་ཀླས་པ་ལ་ཨ་ལ་ལ་ཞེས་ངོ་མཚར་བའོ།།ཕཊ་དང་པོས་སྤྲུལ་སྐུའི།གཉིས་པས་ལོངས་སྐུའི།གསུམ་པས་ཆོས་སྐུའི་དགོངས་པར་འཕོས་པར་བསམ་ལ་མཉམ་པར་བཞག་གོ།གསུམ་པ་ཉིན་གུང་དང་འབྲེལ་བར་ཁྲ་འགྱེད་ནི།ཕཊ༔ རང་ལུས་ལང་ཚོ་སོགས་བརྗོད་པ་དང་།རང་གི་ལུས་འདི་ཉིད་ཆེ་བརྗིད་ལང་ཚོ་ཕུན་སུམ་ཚོགས་པར་གྱུར་པའི་ལུས་དབུས་རྩ་དབུ་མ་ཨ་ཝ་དྷུ་ཏི་ཤེལ་གྱི་སྦུ་གུ་ཅན་ནས་རླུང་སེམས་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་ཁ་དོག་ལྔ་ལྡན་དུ་གསལ་བ་དེ་ཉིད་སྐར་མདའ་ཆད་པ་བཞིན་དུ་སྤྱི་བོའི་སྟེང་གི་ནམ་མཁར་འཕང་།དབྱིངས་ལས་ཁྲོས་མ་ནག་མོ་མཐིང་ནག་གྲི་ཐོད་རུས་རྒྱན་ཅན་གར་སྟབས་ཀྱིས་པད་ཉི་རོ་གདན་ཡེ་ཤེས་མེ་དཔུང་གི་ཀློང་དུ་བཞུགས་པར་བསམ།དེའི་ཕྱག་གཡས་གྲི་གུག་བེམ་པོར་ཚད་པ་ཙམ་གྱིས་ཚེ་རབས་ཐོག་མ་མེད་པ་ནས་བདག་ཏུ་བཟུང་བའི་ལུས་དང་ལོངས་སྤྱོད་ཐམས་ཅད་བསྡུས་ནས་ཐིམ།ཡང་གྲི་གུག་ཚད་པ་ཙམ་གྱིས་ཞིང་ལྤགས་བཤུས་ཏེ་ས་གཞི་ཁེབས་པར་བརྡལ་བའི་སྟེང་དུ་ཤ་རུས་ཀྱི་རི་བོ་ཁྲག་ཞག་གི་རྒྱ་མཚོ་ནམ་མཁའི་ཁམས་ཀུན་གང་བ་དེའི་མདུན་དུ་བྷནྡྷ་རང་བྱུང་གི་ཐོད་སྒྱེད་གསུམ་གྱི་ཁར་བབས་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་རྣམས་མེ་རླུང་སྦྱོར་བས་ཞུ་བསྐོལ་གྱི་ངད་རླངས་ལས་ཕྱི་ནང་གསང་བའི་མཆོད་སྤྲིན་དཔག་མེད་དུ་འཕྲོ་བ།སྟོང་གསུམ་ས་གཞིའི་ཁྱོན་ལ་དཀར་གསུམ་མངར་གསུམ་སྐྱུར་དང་དྲི་སྨན་འབྲུ་ཟས་ཀྱི་རིགས་སྣ་ཚོགས།གསེར་དངུལ་ཟངས་ལྕགས་ནོར་བུ་ལ་སོགས་རིན་པོ་ཆེའི་རིགས་སྣ་ཚོགས།གོས་དར་སྣམ་རས་རྒྱན་ཕྲེང་གོ་ཁྲབ་མཚོན་ཆ་ལ་སོགས་དཀོར་ཆའི་རིགས་སྣ་ཚོགས།རི་དྭགས་གཡུང་དྭགས་ཆུ་གནས་བྱ་རིགས་སོགས་གཟུགས་འགྲོས་སྣ་ཚོགས།རི་བོ་ནགས་ཁྲོད་སྤངས་ལྗོངས་སྐྱེད་ཚལ་མཚོ་རྫིང་ཆུ་ཀླུང་སྦྲ་ཁང་གནས་མལ་འཁོར་གཡོག་མཛའ་གྲོགས་སོགས་མདོར་ན་འདོད་རྒུའི་ལོངས་སྤྱོད་མི་ཟད་རྒྱན་གྱི་འཁོར་ལོར་ཤར་བ་ལ།དབྱིངས་ནས་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡིག་འབྲུ་གསུམ་གྱི་རྣམ་པར་ཆར་བབས་པ་ལྟར་ཐིམ་པས་མཐོང་ཐོས་དྲན་རེག་ཐམས་ཅད་དབུལ་ཕོངས་ཀྱི་སྡུག་བསྔལ་ལས་གྲོལ་བའི་ནུས་པ་དང་ལྡན་པར་བསམ་ལ།འབྲུ་གསུམ་གང་མང་བརྗོད།མགྲོན་སྤྱན་འདྲེན་ནི།གཏན་གྱི་མགོན་པོ་སོགས་ཏེ།མཆོག་གསུམ་རྩ་གསུམ་ལ་སོགས་དཀོན་མཆོག་སྲི་ཞུའི་མགྲོན།དཀར་ཕྱོགས་སྐྱོང་བ་དཔལ་མགོན་བདུན་ཅུ་ལ་སོགས་མགོན་པོ་ཡོན་ཏན་གྱི་མགྲོན།ཁམས་གསུམ་གྱི་འགྲོ་བ་བར་དོའི་སེམས་ཅན་ལ་སོགས་རིགས་དྲུག་སྙིང་རྗེའི་མགྲོན།སྣང་སྲིད་ལྷ་འདྲེ་གདོན་བགེགས་ལ་སོགས་བགེགས་རིགས་ལན་ཆགས་ཀྱི་མགྲོན་ཏེ།ཐམས་ཅད་བྱ་རྒོད་ཤ་ལ་འཐིབས་པ་བཞིན་བྱོན་པར་བསམ་ཞིང་།ཕཊ་གསུམ་གྱིས་ཐོས་ཆས་འདུས་པར་བསྒོམ།མཆོད་སྦྱིན་དངོས་ནི།སྐྱབས་གནས་དཀོན་མཆོག་སོགས་ཏེ།དེ་ལྟར་སྤྱན་དྲངས་པའི་མགྲོན་རྣམས་སོ་སོ་རང་རང་གི་ཐུགས་དང་མཐུན་པའི་མཆོད་རྫས་མི་ཟད་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་སྤྲུལ་ཏེ་ཕུལ་བས།སྲི་ཞུའི་མགྲོན་རྣམས་ཐུགས་བདེ་སྟོང་གི་རོས་ཚིམས་ནས་བདག་སོགས་འགྲོ་བའི་ཚོགས་གཉིས་རྫོགས།ཡོན་ཏན་གྱི་མགྲོན་རྣམས་མཉེས་ཤིང་ཚིམས་ནས་བསྲུང་སྐྱོབས་སྡོང་གྲོགས་ཀྱི་ཕྲིན་ལས་མཛད།སྙིང་རྗེའི་མགྲོན་རྣམས་དགའ་ཞིང་མགུ་ནས་སོ་སོའི་སྡུག་བསྔལ་རྒྱུ་འབྲས་དང་བཅས་པ་ཞི།ལན་ཆགས་མགྲོན་རྣམས་ངོམས་ཤིང་ཚིམས་ནས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེས་ཏེ་མི་འགྱུར་རྡོ་རྗེའི་གཏན་སྲིད་ཟིན་པར་བསམ་ལ།ཕཊ་དང་པོས་མཆོད།གཉིས་པས་ཐོབ།གསུམ་པས་ཚིམས་པར་བསམ།བསྡུ་རིམ་བསྔོ་སྨོན་ནི།དགེ་འདིས་འགྲོ་ཀུན་སོགས་ཏེ།མཆོད་སྦྱིན་བགྱིས་པའི་དགེ་བས་འགྲོ་ཀུན་གདོད་མའི་གཞི་ཐོག་ཏུ་གྲོལ་བར་སྨོན་ལམ་གདབ་ཅིང་།མཐར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཐམས་ཅད་གཉིས་མེད་དང་པོའི་སངས་རྒྱས་སྐྱེ་བ་མེད་པའི་དགོངས་ཀློང་དུ་མཉམ་པར་བཞག་ལ།ཕཊ་དང་པོས་སྤྲུལ་སྐུའི།གཉིས་པས་ལོངས་སྐུའི།གསུམ་པས་ཆོས་སྐུའི་དགོངས་པར་འཕོས་པར་བསམ་མོ།།བཞི་པ་དགོང་མོ་དང་འབྲེལ་བར་དམར་འགྱེད་ནི།ཕཊ༔ འབྱུང་བ་སྙིགས་མར་སོགས་བརྗོད་པ་དང་།ལས་ཉོན་གྱི་དབང་གིས་འབྱུང་བ་སྙིགས་མར་འཐས་པའི་སྒྱུ་ལུས་ནས།དྭངས་མའི་ཤེས་རིག་ཐིག་ལེ་ཁ་དོག་ལྔ་ལྡན་གྱི་རྣམ་པ་དེ་ཉིད་རྩ་དབུ་མའི་ལམ་བརྒྱུད་དེ་སྐར་མདའ་ཆད་པ་བཞིན་སྟེང་གི་ནམ་མཁར་སོང་བར་བསམ་ཞིང་།ཕཊ་དང་པོས་སྤར།གཉིས་པས་ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས།གསུམ་པས་སྐད་ཅིག་གིས་ཁྲོས་མ་ནག་མོ་མཐིང་ནག་གྲི་ཐོད་རུས་རྒྱན་ཅན་གར་སྟབས་ཀྱིས་པད་ཉི་རོ་གདན་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བཞུགས་པར་བསམ།ཕྱག་གཡས་པས་གྲི་གུག་ཚད་པ་ཙམ་གྱིས་ལུས་ཀྱི་ལྤགས་པ་བཤུས་ཏེ་ས་གཞིར་བརྡལ་བའི་སྟེང་དུ་གཟུགས་ཕུང་ཐར་གྱིས་ཞིག་ནས།ཤ་ཡི་རི་བོ།ཁྲག་གི་རྒྱ་མཚོ།རུས་པའི་གྲམ་ཁྲོད།ཚིལ་ཞུན་གྱི་ཕུང་པོ།ངད་རླངས་ལས་འདོད་ཡོན་གྱི་སྤྲིན་ཕུང་འཕྲོ་བའི་སྟེང་དུ་དབྱིངས་ནས་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གི་ཆར་བབས་པས་ཟག་མེད་མྱོང་གྲོལ་བདུད་རྩིའི་བཅུད་དུ་གྱུར་པར་བསམ་ལ་ཨོཾ་ཨཱཿཧཱུྃ་བརྗོད།རང་ཉིད་ཁྲོས་མའི་ཐུགས་ལས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་མཚམས་སྟེང་འོག་རྣམས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་བཅུ་གཅིག་ལ་འཁོར་མཁའ་འགྲོ་བྱེ་བ་འབུམ་སྡེ་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས་པས་བསྐོར་བ་སྤྱན་དྲངས་པར་བསམ་ཞིང་།ཕཊ་གསུམ་གྱིས་ཐོས་ཆས་འདུས་པར་བསྒོམ།འགྱེད་དངོས་ནི།མ་ཡེ་ཤེས་སོགས་ཏེ།དབུས་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་འཁོར་མཁའ་འགྲོ་བྱེ་བ་འབུམ་སྡེ་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས་པ་རྣམས་ལ་ཉོན་མོངས་པ་གཏི་མུག་དང་།དེར་བྱུང་གི་ནད་གདོན་བག་ཆགས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་ཕཊ་དང་པོས་སངས་རྒྱས་མཁའ་འགྲོའི་ཞལ་དུ་བསྟབ།གཉིས་པས་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཞལ་དུ་བསྟབ།གསུམ་པས་སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབ་པས་ཐུགས་བདེ་སྟོང་གི་རོས་ཚིམས་ནས།སྣང་སྲིད་ལྷ་འདྲེ་འབུམ་ཕྲག་མཁའ་འགྲོར་ཐིམ།འབུམ་ཕྲག་མཁའ་འགྲོ་སངས་རྒྱས་མཁའ་འགྲོར་ཐིམ།སངས་རྒྱས་མཁའ་འགྲོ་སྐུ་གསུམ་མཁའ་འགྲོའི་ཀློང་དུ་ཐིམ་པར་བསམ།དེ་བཞིན་དུ་ཤར་རྡོ་རྗེའི་རིགས་ལ་ཞེ་སྡང་དང་དེར་བྱུང་གི་ནད་གདོན་སོགས།ལྷོ་རིན་ཆེན་རིགས་ལ་ང་རྒྱལ་དང་དེར་བྱུང་གི་ནད་གདོན།ནུབ་པདྨ་རིགས་ལ་འདོད་ཆགས་དང་དེར་བྱུང་གི་ནད་གདོན།བྱང་ལས་ཀྱི་རིགས་ལ་ཕྲག་དོག་དང་དེར་བྱུང་གི་ནད་གདོན།སྟེང་མཁའ་སྤྱོད་རིགས་ལ་དུག་གསུམ་དང་དེར་བྱུང་གི་ནད་གདོན།མཚམས་ཕྱོགས་འཛིན་རིགས་ལ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དང་དེར་བྱུང་གི་ནད་གདོན།འོག་ས་སྤྱོད་རིགས་ལ་གཟུང་འཛིན་དང་དེར་བྱུང་གི་ནད་གདོན་སོགས་སུ་བསྒྱུར་ལ་གོང་བཞིན་དམིགས་གནད་བྱ།བསྡུ་རིམ་ནི།ཡུལ་བཟང་ངན་སོགས།མཐར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཐམས་ཅད་ཡུལ་རྐྱེན་བཟང་ངན་ཕན་གནོད་རྒྱུ་འབྲས་མཚན་མ་ལས་འདས་པ་རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་མཁའ་ཀློང་དུ་བྱང་ཆུབ་བོ།།ཕཊ་དང་པོས་སྤྲུལ་སྐུ།གཉིས་པས་ལོངས་སྐུ།གསུམ་པས་ཆོས་སྐུའི་དགོངས་པ་མངོན་དུ་བྱས་ལ་མཉམ་པར་བཞག་གོ།དེ་ལྟར་འདིར་སྨོས་པ་ནི་གཅོད་གཞུང་སྤྱི་ལ་རྣམ་དཔྱོད་འཇུག་པའི་དབང་དུ་བྱས་ནས་རྒྱས་བཤད་ཀྱི་སྤྲོས་པ་དོར་ཏེ་དཀར་འགྱེད་འབྲུ་འབྲེལ་དང་གཞན་རྣམས་དམིགས་ཁྲིད་ཀྱི་ཚུལ་དུ་མདོར་བསྡུས་སྙིང་པོར་དྲིལ་བ་སྟེ།གཞན་དུ་མཚུངས་མེད་བླ་མའི་ཞལ་གྱི་བདུད་རྩི་འཐུང་ཞིང་ཐོས་བསམ་སྒོམ་གསུམ་གྱི་མྱོང་བ་ཟབ་མོས་སྙེམས་ཐག་ནང་ནས་ཆོད་པར་བྱ་བ་ཁོ་ན་ལས།ཌཱ་དྲིལ་འཁྲོལ་ཤེས་དང་ངག་སྟབས་གྱེར་ཤེས་ཙམ་གྱིས་གཅོད་པར་མི་རློམ་མོ།།རེ་དོགས་སྒོང་རྒྱ་ཕྱི་ནས་གྲོལ།།བདག་འཛིན་སྙེམས་ཐག་ནང་ནས་ཆོད།།སྐྱེ་མེད་དོན་གྱི་ཡུམ་ཆེན་མོའི།།གོ་འཕང་ཚེ་འདིར་མངོན་གྱུར་ཤོག།ཅེས་པའང་ལམ་འདིར་གཡར་དམ་ལྷུར་ལེན་པའི་རྣལ་འབྱོར་པ་དཀོན་མཆོག་རབ་བརྟན་གྱིས་བསྐུལ་ངོར།བདུད་བཞི་སྙིང་ལ་ཉལ་བའི་གཅོད་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཐུན་གསེང་འགའ་ཞིག་ལ་སུག་བྲིས་སུ་བགྱིས་པ་དགེ།།མངྒ་ལཾ།།།།