ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན༔ དཔལ་ཆེན་ཕྲིན་ལས་ཀྱི་སྒྲུབ་པ༔ རྡོ་རྗེ་གཞོན་ནུའི་ནང་སྒྲུབ་ཉི་ཟླའི་ཚོམ་བུ༔

From Dudjom Wiki
Revision as of 15:47, 5 September 2025 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-05-CA-008
Wylie title zab gsang mkha' 'gro'i snying thig las: thugs sgrub gsang ba'i rgya can: dpal chen phrin las kyi sgrub pa: rdo rje gzhon nu'i nang sgrub nyi zla'i tshom bu: TTDL-ZABTER-05-CA-008.pdf
Location bdud 'joms gling pa zab gter
Volume 5, Text 8, Pages 79-94 (Folios 1a1 to 8b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las thugs sgrub gsang ba'i rgya can dpal chen phrin las kyi sgrub pa rdo rje gzhon nu'i nang sgrub nyi zla'i tshom bu. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 79-94. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bang sgrub   Verso: bdud 'joms phur pa gnam lcags spu gri
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཐུགས་སྒྲུབ་གསང་བ་རྒྱ་ཅན་ (thugs sgrub gsang ba rgya can)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
Colophon

ཞེས་པ་འདི་ཡང་སྦས་པའི་རྣལ་འབྱོར་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །མངྒ་ལཾ།།

zhes pa 'di yang sbas pa'i rnal 'byor bdud 'joms rdo rje gro lod rtsal gyis gter nas bton te dag par phab pa'i yi ge pa ni phun tshogs bkra shis so/_/dge'o/_/dge'o/_/dge'o/_/mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན༔ དཔལ་ཆེན་ཕྲིན་ལས་ཀྱི་སྒྲུབ་པ༔ རྡོ་རྗེ་གཞོན་ནུའི་ནང་སྒྲུབ་ཉི་ཟླའི་ཚོམ་བུ་བཞུགས་སོ༔


ཐྂ༎༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཤྲཱི་བཛྲ་ཀུ་མཱ་ར་ཛྙཱ་ན་ཌཱ་ཀི་ནཱི་ན་མོ༔ སྐལ་ལྡན་ལས་ཅན་སྦྱངས་པ་སྔོན་སོང་བའི༔ ཚེ་གཅིག་སངས་རྒྱས་ཐོབ་འདོད་སྐལ་བཟང་རྣམས༔ པདྨ་བདག་གི་སྙིང་ཐིག་ཟབ་མོ་མཆོག༔ ལྔ་བརྒྱའི་དུས་སུ་ཕྲིན་ལས་མྱུར་བ་ཡི༔ བདག་དང་གཉིས་མེད་རྡོ་རྗེ་གཞོན་ནུ་ཡི༔ ནང་སྒྲུབ་ཉི་ཟླའི་ཚོམ་བུ་ཞེས་བྱ་འདི༔ ཉམས་སུ་ལོངས་ཤིག་ཚེ་གཅིག་མངོན་འཚང་རྒྱ༔ བསྐྱེད་རྫོགས་གདིང་ལྡན་རྣལ་འབྱོར་ཕོ་མོ་རྣམས༔ བརྟན་པ་མ་ཐོབ་བར་དུ་སྒྲུབ་ལ་འབུངས༔ རང་གིས་རང་ལ་གཏན་གྱི་གྲོས་ཐོབ་ཅིག༔ གཞན་ནས་བསྐུལ་མི་མི་འོང་བློ་མ་མང་༔ འགལ་བའི་རྐྱེན་མང་མཐུན་རྐྱེན་མི་འབྱུང་བས༔ རང་གིས་རང་ཉིད་མ་བསླུ་རྗེས་འཇུག་རྣམས༔ གཏན་གྱི་འདུན་མ་དམ་པའི་ཆོས་ལས་མེད༔ བརྩེ་གདུང་གཅེས་སྤྲས་དྲན་བཟའ་ནོར་གྱིས་བསླུ༔ བསླུ་མེད་དཀོན་མཆོག་གསུམ་ལ་བློ་ཕུག་གཏད༔ གཏན་གྱི་ཟས་ནོར་དམ་པའི་ཆོས་ལས་མེད༔ སྙིང་བརྩེའི་བུ་ལ་ཕ་ཡི་གདམས་ངག་བསྟན༔ ཆུད་མི་ཟ་བར་ལོངས་ཤིག་རྗེས་འཇུག་རྣམས༔ འདི་ཉིད་ཚུལ་བཞིན་ཉམས་སུ་ལེན་པའི་བུ༔ ཚེ་གཅིག་བླ་མེད་བྱང་ཆུབ་མ་ཐོབ་ན༔ ཕ་ཡིས་བསླུས་སོ་མ་འོངས་སྐལ་ལྡན་རྣམས༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ སྒྲུབ་པའི་གནས་མཆོག་མི་ཡིས་མི་མཐོང་བར༔ སྒྲུབ་པའི་དལ་ནི་མདའ་གང་གྲུ་བཞི་རུ༔ པདྨ་འདབ་བརྒྱད་ལྟེ་བར་འཁོར་ལོ་ནི༔ རྩིབས་བཅུའི་དབུས་སུ་ཆོས་འབྱུང་གྲུ་གསུམ་མཐིང་༔ སྒོ་བཞི་ལ་སོགས་སྤྱི་དང་མཐུན་པ་ལ༔ དེ་དབུས་ཁྲོ་ཕུར་བརྗིད་ལྡན་དར་དཔྱངས་མཐིང་༔ ཕྱོགས་བཞིར་ཞི་རྒྱས་དབང་དྲག་ཤིང་རྣམས་ཀྱི༔ ཕུར་པ་བཞི་བཙུགས་དེ་མཐར་ཕུར་པ་བཅུ༔ དེ་མཐར་ཕུར་ཆུང་ཉི་ཤུ་རྩ་གཅིག་བཙུག༔ ཤར་དུ་དངུལ་ལམ་ཞི་ཤིང་ཞི་ཕུར་བཙུག༔ ལྷོ་རུ་གསེར་རམ་རྒྱས་ཤིང་རྒྱས་ཕུར་བཙུག༔ ནུབ་ཏུ་ཟངས་སམ་དབང་ཤིང་དབང་ཕུར་བཙུག༔ བྱང་དུ་ལྕགས་སམ་དྲག་ཤིང་དྲག་ཕུར་བཙུག༔ དེ་མཐར་ཆུ་དར་སྔོན་པོའི་ལྕགས་རིས་བསྐོར༔ སྟེང་དུ་དར་རམ་རས་མཐིང་ལྡིང་གུར་ཕུབ༔ ཕྱི་ནང་གསང་མཆོད་སྣ་ཚོགས་མཛེས་པར་བཤམ༔ ཡུལ་ལྷ་ཟོ་དོར་རྣམས་ལ་གསོལ་མཆོད་བྱ༔ བར་ཆད་སྲུང་ཟློག་ལས་ཀྱི་ཕོ་ཉར་བསྐོས༔ བགེགས་དང་ལོག་འདྲེན་ལན་ཆགས་འབྱུང་པོ་ལ༔ ངར་གླུད་གཏོར་སྐྱུ་ཆངས་བུ་འབྲས་ཆན་དང་༔ ཤ་ཆང་ལ་ཕུག་ཚོགས་ཀྱིས་མཉེས་བྱས་ནས༔ བཀའ་བསྒོ་མཚམས་གཅོད་ལ་སོགས་སྤྱི་ལྟར་བྱ༔ ལེའུ་སྟེ་དང་པོའོ༔ ས་མ་ཡ༔ ཟོལ་མེད་ངེས་གསང་སྒྲུབ་པའི་རྣལ་འབྱོར་གྱིས༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ༔ འཕོ་ཞིང་གྲོང་འཇུག་གདམས་པ་འདི་ཀའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ གཞི་དབྱིངས་སྤྲོས་བྲལ་དོན་གྱི་འོག་མིན་ཞིང་༔ ལྷུན་གྲུབ་བཀོད་པ་རབ་རྫོགས་གཞལ་ཡས་དབུས༔ མ་ཆགས་པདྨ་སྐྱོན་བྲལ་ཉི་ཟླའི་སྟེང་༔ གཟུང་འཛིན་རཱུ་དྲ་བསྣོལ་བའི་བམ་སྟེང་དུ༔ ཧཱུྃ་ལས་བདག་ཉིད་མ་བཅོས་རང་བྱུང་ལྷ༔ དུས་གསུམ་སངས་རྒྱས་ཡོངས་འདུས་ཆེ་བའི་མཆོག༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་ཞལ་རབ་དཀར་གཡོན་ཞལ་དམར་ལ་རྔམས༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ ཁྲོ་གཉེར་སྡུད་ཅིང་སྤྱན་དགུ་སྡང་མིག་བགྲད༔ སྨ་ར་སྨིན་མར་མེ་ཡི་ཚྭ་ཚྭ་འཕྲོ༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་བརྫེས༔ ཕྱག་གཡས་དང་པོས་རྡོ་རྗེ་རྩེ་དགུ་དང་༔ བར་མས་གནམ་ལྕགས་རྡོ་རྗེ་རྩེ་ལྔ་བསྣམས༔ གཡོན་གྱི་དང་པོས་སྡིགས་མཛུབ་མེ་དཔུང་འབར༔ བར་མས་ཁ་ཊྭཱྃ་རྩེ་གསུམ་གདེངས་སྟབས་ཕྱར༔ ཐ་མ་གཉིས་ཀྱིས་རི་རབ་ཕུར་པ་འདྲིལ༔ ཞབས་བཞིས་བདུད་དང་རཱུ་དྲ་ཕོ་མོ་གནོན༔ རྡོ་རྗེ་རིན་ཆེན་གཤོག་པ་མཁའ་ལ་གདེངས༔ གླང་ཆེན་ཀོ་རློན་མི་ལྤགས་གཡང་གཞི་དང་༔ སྟག་ལྤགས་ཤམ་ཐབས་མནབ་པའི་གོས་སུ་ཀླུབ༔ ཐལ་ཆེན་ཚོམ་བུ་རཀྟའི་ཐིག་ལེ་དང་༔ ཞག་གི་ཟོ་རིས་བྱུག་པའི་རྫས་སུ་འཆང་༔ ཐོད་ཕྲེང་ཚར་གསུམ་སྦྲུལ་རིགས་ཆུན་པོས་བརྒྱན༔ དཔལ་གྱི་ཆས་རྫོགས་བསྐལ་པའི་མེ་དཔུང་འབར༔ སྦྱོར་བའི་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་ཡབ་ལ་སྦྱོར༔ ཕྱག་གཡས་ཨུཏྤལ་གཡོན་པས་དུང་དམར་སྟོབ༔ གཟིག་ཤམ་རུས་རྒྱན་གསོལ་ཞིང་གད་རྒྱངས་སྒྲོགས༔ གཡོན་དུ་སྒྲོལ་བའི་ཡུམ་མཆོག་ཨེ་ཀ་ཛ༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་གར་སྟབས་བསྒྱུར༔ སྨུག་ནག་སྤྱན་གཅིག་དམར་ཟླུམ་ཉི་ལྟར་འབར༔ ཟླ་ལྟར་དཀར་བའི་མཆེ་གཅིག་མན་དུ་གཙིགས༔ རལ་པ་འབྲུ་གཅིག་སྲིད་པའི་རྩེ་མོར་འཁྱིལ༔ ཕྱག་གཡས་དགྲ་སྙིང་གཡོན་པས་ལྕགས་སྤྱང་འགྱེད༔ གཅེར་བུ་རྒྱན་མེད་སྤྲིན་དཀར་ཀློང་ནས་བཞེངས༔ ཐབས་ཤེས་གཉིས་མེད་རོལ་པའི་ནམ་མཁའ་རུ༔ སྤྲུལ་པའི་ཁྱུང་ཆེན་ནག་པོས་ཀླུ་གདོན་ཟ༔ མེ་གཤོག་སྡེབ་ཅིང་རྡོ་རྗེའི་སེར་བ་འབེབས༔ གནམ་ལྕགས་རྭ་བར་ཡིད་བཞིན་འབར་བའི་སྟེང་༔ ཀུན་བཟང་ཡབ་ཡུམ་རིགས་ཀྱི་བདག་པོར་ཤར༔ གཡས་སུ་སྐུ་མཆོག་བུདྡྷ་ཀཱི་ལ་མཐིང་༔ ཤར་དུ་ཐུགས་མཆོག་བཛྲ་ཀཱི་ལ་དཀར༔ ལྷོ་རུ་ཡོན་ཏན་རཏྣ་ཀཱི་ལ་སེར༔ ནུབ་ཏུ་གསུང་མཆོག་པདྨ་ཀཱི་ལ་དམར༔ བྱང་དུ་ཕྲིན་ལས་ཀརྨ་ཀཱི་ལ་ལྗང་༔ སྐུ་སྟོད་རབ་ཁྲོས་རྔམས་བརྗིད་འཇིགས་སུ་རུང་༔ ཞལ་གཅིག་ཕྱག་གཉིས་གནམ་ལྕགས་ཕུར་པ་འདྲིལ༔ སྐུ་སྨད་དབལ་ཕུར་ཟུར་གསུམ་རྣོ་ངར་ལྡན༔ པད་ཉི་རྒྱལ་བསེན་ཕོ་མོའི་སྙིང་གར་གཟིར༔ རྡོ་རྗེའི་གཤོག་པ་དུར་ཁྲོད་དཔལ་ཆས་བརྒྱན༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བསྐྱེད༔ གཙོ་མཆོག་གསང་གསུམ་གར་གྱི་སྒྱུ་འཕྲུལ་ལས༔ རང་འདྲའི་ཁྲོ་ཆུང་ཁྲ་ཐབས་ཉེར་གཅིག་ཤར༔ ཧཱུྃ༔ ཕྱི་རིམ་གནམ་ལྕགས་འཁོར་ལོའི་རྩིབས་སྟེང་དུ༔ སྣ་ཚོགས་གར་བསྒྱུར་ཐབས་ཀྱིས་གདུག་པ་འདུལ༔ མངོན་སྤྱོད་ལས་ལ་བསྔགས་པའི་ཧེ་རུ་ཀ༔ ཤར་སྟོད་ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་ར༔ སྔོ་སྐྱ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་ཁྲོ་གཏུམ་རྔམས་བརྗིད་འབར༔ དང་པོའི་ཕྱག་གཉིས་རྡོ་རྗེས་དུང་དམར་དཀྲུགས༔ བར་མས་མདའ་འགེང་ཐ་གཉིས་ཕུར་པ་འདྲིལ༔ ཡུམ་མཆོག་རྡོ་རྗེ་སྒྲ་འབྱིན་གཡོན་ནས་འཁྲིལ༔ སྔོ་སྐྱ་དྲིལ་བུ་བྷན་དམར་ཡབ་ལ་སྟོབ༔ གཡས་གཡོན་ཟ་གསོད་ཕག་དང་སྨྲིག་བུའི་གདོང་༔ ལྷ་གདོན་ཕོ་མོ་བསྣོལ་བའི་གདན་ལ་འགྱིང་༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཤར་ཕྱོགས་དྲི་ཟ་ཕོ་མོ་བསྣོལ་བའི་སྟེང་༔ རྣམ་རྒྱལ་དཀར་པོ་ཞལ་གསུམ་ཕྱག་དྲུག་པ༔ གཡས་ཞལ་ལྗང་ནག་གཡོན་ཞལ་སེར་ནག་འབར༔ བར་མའི་ཕྱག་ན་འཁོར་ལོ་ཏྲི་ཤུལ་བསྣམས༔ ཡུམ་མཆོག་སྙེམས་མ་དཀར་མོ་གཡོན་ནས་འཁྲིལ༔ གཡས་གཡོན་སྤྲུལ་པ་སྟག་དང་བྱ་རྒོད་གདོང་༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཤར་ལྷོ་དབྱུག་པ་སྔོན་པོ་དཀར་དམར་ཞལ༔ ཕྱག་དྲུག་བར་པས་མེ་དཔལ་དབྱུག་ཏོ་ཐོགས༔ ཡུམ་མཆོག་རྡོ་རྗེ་སྡེར་མོ་གཡོན་ནས་འཁྲིལ༔ གཡས་གཡོན་ཟ་གསོད་གཡག་དང་བྱ་རོག་གདོང་༔ མེ་ལྷའི་གདོན་ཚོགས་བསྣོལ་བའི་ཁྲི་ལ་འགྱིང་༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ལྷོ་ཕྱོགས་གཤིན་རྗེ་སེར་སྔོ་ལྗང་བའི་ཞལ༔ ཕྱག་དྲུག་བར་པས་བེ་ཅོན་དགྲ་སྟྭ་ཐོགས༔ ཡུམ་མཆོག་དུར་ཁྲོད་བདག་མོ་གཡོན་ནས་འཁྲིལ༔ གཡས་གཡོན་ཟ་གསོད་ཤ་བ་འུག་པའི་གདོང་༔ གཤིན་རྗེའི་གདོན་ཚོགས་བསྣོལ་བའི་གདན་ལ་འགྱིང་༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཁ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ལྷོ་ནུབ་མི་གཡོ་མགོན་པོ་ལྗང་ནག་འབར༔ གཡས་སྔོ་གཡོན་དམར་ཁྲོ་གཏུམ་རྔམས་བརྗིད་ལྡན༔ ཕྱག་དྲུག་བར་པས་རལ་གྲི་ཞགས་པ་བསྣམས༔ ཡུམ་མཆོག་རྡོ་རྗེ་གཏུན་ཁུང་གཡོན་ནས་འཁྲིལ༔ གཡས་གཡོན་ཟ་གསོད་གཟིག་དང་ཁྭ་ཏའི་གདོང་༔ སྲིན་པོ་ཕོ་མོ་བསྣོལ་བའི་གདན་ལ་འགྱིང་༔ ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ནུབ་སྟོད་སྟོབས་ཆེན་དུད་ཁ་གཏུམ་དྲག་རྔམས༔ གཡས་སྔོ་གཡོན་དམར་ཞལ་གསུམ་ཕྱག་དྲུག་པ༔ བར་པ་གཉིས་ཀྱིས་རལ་གྲི་སྦྲུལ་ཞགས་ཐོགས༔ ཡུམ་མཆོག་རྡོ་རྗེ་བསྐུལ་བྱེད་གཡོན་ནས་འཁྲིལ༔ གཡས་གཡོན་ཟ་གསོད་དྲེད་དང་བྱི་བའི་གདོང་༔ ས་བདག་ཕོ་མོ་བསྣོལ་བའི་གདན་ལ་འགྱིང་༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ནུབ་ཕྱོགས་རྟ་མགྲིན་རྒྱལ་པོ་དམར་ནག་རྔམས༔ གཡས་དཀར་གཡོན་སྔོ་ཁྲོ་ཞིང་གཏུམ་པའི་ཞལ༔ ཕྱག་དྲུག་བར་པས་སྤུ་གྲི་ཞགས་པ་བསྣམས༔ ཡུམ་མཆོག་རྡོ་རྗེ་གཏུམ་མོ་གཡོན་ནས་འཁྲིལ༔ གཡས་གཡོན་ཟ་གསོད་བྱི་ལ་པུ་ཤུད་གདོང་༔ ཀླུ་གདོན་ཕོ་མོ་བསྣོལ་བའི་གདན་ལ་འགྱིང་༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནུབ་བྱང་འདོད་པའི་རྒྱལ་པོ་སྐུ་མདོག་དམར༔ གཡས་ཞལ་སེར་གསལ་གཡོན་ཞལ་ལྗང་ནག་རྔམས༔ ཕྱག་དྲུག་བར་པས་རྔ་ཡབ་ཐོད་ཁྲག་ཐོགས༔ ཡུམ་མཆོག་རྡོ་རྗེ་མདའ་སྙེམས་གཡོན་ནས་འཁྲིལ༔ གཡས་གཡོན་སྤྲུལ་པ་སྤྱང་ཀུ་ཁྲ་ཡི་གདོང་༔ རླུང་ལྷའི་གདོན་ཚོགས་བསྣོལ་བའི་གདན་ལ་འགྱིང་༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ བྱང་ཕྱོགས་ཁྲོ་ཆེན་བདུད་རྩི་འཁྱིལ་བ་ལྗང་༔ སེར་ནག་དུད་ཁ་རབ་འཇིགས་རྔམས་པའི་ཞལ༔ ཕྱག་དྲུག་བར་པས་རྒྱ་གྲམ་དབྱུག་ཏོ་ཐོགས༔ ཡུམ་མཆོག་རྡོ་རྗེ་རླུང་འབྱིན་གཡོན་ནས་འཁྲིལ༔ གཡས་གཡོན་ཟ་གསོད་སེང་གེ་ཕ་ཝང་གདོང་༔ གནོད་སྦྱིན་ཕོ་མོ་བསྣོལ་བའི་གདན་ལ་འགྱིང་༔ ཨོཾ་བཛྲ་ཀྲོདྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བྱང་ཤར་ཁམས་གསུམ་རྣམ་རྒྱལ་སྐུ་མདོག་སེར༔ གཡས་དཀར་གཡོན་དམར་རབ་ཁྲོས་རྔམས་བརྗིད་འབར༔ ཕྱག་དྲུག་བར་པས་མདའ་གཞུ་འགེང་ཞིང་འཕེན༔ ཡུམ་མཆོག་གསོད་བྱེད་དམར་མོ་གཡོན་ནས་འཁྲིལ༔ གཡས་གཡོན་སྤྲུལ་པ་དོམ་དང་སྲེ་མོའི་གདོང་༔ དབང་ལྡན་གདོན་ཚོགས་མ་ལུས་ཟིལ་གནོན་བྱེད༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ དཔལ་ཆེན་ཆེ་མཆོག་ཁྲོ་རྒྱལ་ཆེན་པོ་བཅུ༔ ཀུན་ཀྱང་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨ་ར་སྨིན་མ་མེ་ཡི་ཚྭ་ཚྭ་འཕྲོ༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་བརྫེས༔ སྤྱན་དགུ་སྡང་མིག་བར་སྣང་ཁམས་སུ་གཟིགས༔ དང་པོའི་ཕྱག་གཉིས་རྡོ་རྗེས་དུང་ཁྲག་དཀྲུགས༔ ཐ་མ་གཉིས་ན་གནམ་ལྕགས་ཕུར་པ་འདྲིལ༔ ཞབས་བཞི་གྱད་ཀྱི་འདོར་སྟབས་ཚུལ་དུ་བགྲད༔ རྡོ་རྗེ་གཤོག་པ་བསྐལ་བའི་མེ་དཔུང་འབར༔ ཤེས་རབ་ཡུམ་གྱི་ཆ་འཛིན་ཁྲོ་མོ་བཅུས༔ ཕྱག་གཡས་དྲིལ་འཛིན་གཡོན་པས་ཐོད་ཁྲག་སྟོབ༔ ཡབ་ཡུམ་གཉིས་མེད་དུར་ཁྲོད་ཆས་རྫོགས་ཤིང་༔ དབུ་ལ་སྟོབས་ཆེན་ཡེ་ཤེས་ཁྱུང་གིས་བརྒྱན༔ སྒེག་དཔའ་འཇིགས་རུང་དྲག་པོའི་གད་མོ་སྒྲོགས༔ མི་སྲུན་ལོག་འདྲེན་འདུལ་བའི་དཔལ་དུ་ཤར༔ དེ་ཡི་ཕྱི་རིམ་ཟླ་གམ་ཉེར་གཅིག་སྟེང་༔ སྤྲུལ་པ་མངོན་སྤྱོད་ལས་ཀྱི་ཕོ་ཉ་བ༔ སྲས་མཆོག་ཁྲ་ཐབས་ཉི་ཤུ་རྩ་གཅིག་ཤར༔ ཨོཾ་བཛྲ་ཀྲོ་དྷ་ཨོཾ༔ ཨཱཿབཛྲ་ཀྲོ་དྷ་ཨཱཿཧཱུྃ་བཛྲ་ཀྲོ་དྷ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་ལས་ཀྱི་སྒོ་མ་ཆེན་མོ་བཞི༔ དཀར་མོ་པུ་ཤུད་གདོང་ཅན་ལྕགས་ཀྱུ་དང་༔ གཡོན་པས་དུང་གི་ཕུར་པ་འདྲིལ་ཞིང་འདེབས༔ སེར་མོ་ཀངྐའི་གདོན་ཅན་ཞགས་པ་དང་༔ གཡོན་པས་གསེར་གྱི་ཕུར་པ་འདྲིལ་ཞིང་འདེབས༔ དམར་མོ་སྲིན་བྱའི་གདོན་ཅན་ལྕགས་སྒྲོག་དང་༔ གཡོན་པས་ཟངས་ཀྱི་ཕུར་པ་འདྲིལ་ཞིང་འདེབས༔ ལྗང་མོ་ཁྲ་ཡི་གདོང་ཅན་དྲིལ་བུ་དང་༔ གཡོན་པས་གནམ་ལྕགས་ཕུར་པ་འདྲིལ་ཞིང་འདེབས༔ བཛྲ་ཨངྐུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཝ་ཊ་བཾ༔ བཛྲ་གཎྜེ་ ཧོཿ དཀྱིལ་འཁོར་ཆེན་པོའི་མུ་རན་ཁོར་ཡུག་ཏུ༔ ཤྭ་ན་མ་བཞི་བདག་ཉིད་ཆེན་མོ་བཞི༔ ས་བདག་མ་བཞི་དཔལ་གྱི་སྲུང་མར་ཤར༔ སྐྱེས་བུ་གིང་བཞི་སྒྲོལ་གིང་རྣམ་བཞི་དང་༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ་སོགས་པ༔ ཕུར་སྲུང་དམ་ཅན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ཨོཾ་སརྦ་མ་ཧཱ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ༔ སརྦ་ཀྵེ་ཊ་པཱ་ལ༔ སརྦ་ལོ་ཀ་པཱ་ལ་ས་མ་ཏི་སྟྭཾ༔ ལེའུ་སྟེ་གཉིས་པའོ༔ ས་མ་ཡ༔ དེ་ལྟར་ཡི་དམ་ལྷ་ཚོགས་བསྒོམ་ནས་ནི༔ གཞན་དུ་མི་གཡེང་བསྙེན་པའི་ཏིང་འཛིན་གྱི༔ ངང་ལས་མི་འདའ་བསྒྲུབ་པའི་གནད་དུ་ཆེ༔ གསལ་བའི་གཟེར་ལ་བསྙེན་པའི་ཏིང་འཛིན་བྱ༔ གནད་འདི་ལྡན་པའི་སྐྱེས་བུ་ལས་ཅན་ནི༔ ལོ་གྲངས་གསུམ་ལས་མི་འགྱང་རིག་འཛིན་ཐོབ༔ གནད་འདི་མེད་པའི་འཕྱེ་བོ་དམུས་ལོང་དག༔ བསྐལ་པར་མཚམས་སྒྲུབ་བྱས་ཀྱང་འཚང་མི་རྒྱ༔ དུང་ཕྱུར་མང་པོའི་གྲངས་ཚད་བརྗོད་ན་ཡང་༔ འཁོར་བར་བསོད་ནམས་བསགས་པ་དེ་ཁོ་ན༔ དེ་ཕྱིར་སྙིང་མིག་སྲོག་གི་གནད་དུ་ཟུངས༔ ལེའུ་སྟེ་གསུམ་པའོ༔ ས་མ་ཡ༔ ཡུལ་འཛིན་བག་ཆགས་སྦྱོང་ཕྱིར་ཞིང་ཁམས་དང་༔ གནས་ཁང་ཞེན་པ་སྦྱོང་བ་གཞལ་ཡས་ཁང་༔ བདག་རྟོག་ངར་འཛིན་སྦྱོང་བ་ལྷ་བསྒོམ་པ༔ རྒྱན་གོས་མངོན་ཞེན་སྦྱོང་བ་ལྷ་ཡི་ཆས༔ མཚོན་ཆའི་མངོན་ཞེན་སྦྱོང་བ་ཕྱག་མཚན་དང་༔ གདན་ཁྲིའི་བག་ཆགས་སྦྱོར་ཕྱིར་ཉི་ཟླའི་གདན༔ གཡོག་འཁོར་འཛིན་པ་སྦྱོང་ཕྱིར་སྤྲུལ་འཁོར་བསྒོམ༔ དེ་ལྟར་འཁོར་བའི་མངོན་ཞེན་ལྡོག་པའི་ཕྱིར༔ དེ་སྒོར་བསྟུན་པའི་ཐབས་མཆོག་ཟབ་མོའི་ལམ༔ འདི་ལ་རབ་ཏུ་བདག་མེད་ལྟ་བའི་གནད༔ འབྲིང་ན་སོ་སོར་དག་པ་དྲན་པའམ༔ ཐ་ན་སྦྱོང་ཕྱིར་བསྟན་པའི་གནད་དེ་ཀ༔ གང་ལ་མི་བརྟེན་ལྷ་སྒོམ་སྒྲུབ་པ་འཁྲུལ༔ ཁྲོ་བོས་མི་སྲུན་རཱུ་དྲར་གོལ་བ་དང་༔ ཞི་བས་གཟུགས་ཁམས་ལྷ་རུ་འཕྱན་པར་འགྱུར༔ ལེའུ་སྟེ་བཞི་པའོ༔ ས་མ་ཡ༔ དེ་ནས་འཛབ་དགོངས་ཟབ་མོ་ནི༔ ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་མི་མངོན་དབྱིངས་ནས་བསྐུལ༔ སྐུ་ཡི་སྤྲུལ་པ་ནམ་མཁའི་ཁམས་གང་ཞིང་༔ གསུང་གི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོགས༔ ཐུགས་ཀྱི་སྤྲུལ་པས་འཁོར་བ་དབྱིངས་སུ་བཤིག༔ ཡོན་ཏན་སྤྲུལ་པས་བདག་སྣང་ཆོས་སྐུར་སྒྲོལ༔ ཕྲིན་ལས་སྤྲུལ་པས་བརྒྱུད་འཛིན་རྗེས་སུ་ཟུངས༔ གསང་ཆེན་རོལ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ དབང་དང་བྱིན་རླབས་དངོས་གྲུབ་རྒྱ་མཚོ་བསྐྱིལ༔ བདག་ཉིད་ཕུར་པ་བསྒྲུབ་པའི་རིག་འཛིན་ལ༔ དོན་གཉིས་ལྷུན་གྲུབ་མཐུ་ཡི་དངོས་གྲུབ་སྩོལ༔ ཧཱུྃ༔ སྣང་སྟོང་ཐབས་ཤེས་སྦྱོར་བའི་ཐུགས་གསང་དུ༔ ཡེ་ཤེས་སེམས་དཔའ་མཐིང་ནག་ཁྲོ་གཏུམ་རྔམས༔ གཅེར་བུ་ཕུར་པ་མཁར་གདེངས་གཡོན་སྡིགས་མཛུབ༔ ཐུགས་ཀར་གནམ་ལྕགས་རྡོ་རྗེའི་ལྟེ་བ་རུ༔ ཧཱུྃ་ཡིག་མཐིང་ནག་གསལ་འཚེར་སྔགས་ཀྱིས་བསྐོར༔ བཟླས་པས་འཕྲོ་འདུས་དོན་གཉིས་ལྷུན་གྲུབ་བསྒོམ༔ སྤྱི་བོར་བླ་མ་ཡབ་ཡུམ་སྦྱོར་མཚམས་ནས༔ དབང་བཞིའི་ངོ་བོ་བྱང་ཆུབ་སེམས་ཀྱི་རྒྱུན༔ བབས་ནས་འཁོར་ལོ་ལྔར་ཞུགས་དབང་བཞི་ཐོབ༔ དགའ་བཞི་ཉམས་མྱོང་སྐུ་བཞིའི་ས་བོན་ཐེབ༔ སྒོ་གསུམ་རྡོ་རྗེ་གསུམ་དུ་དག་སྨིན་གྲོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ འབུམ་ཕྲག་བཅོ་ལྔས་དངོས་གྲུབ་ངེས་པར་འཐོབ༔ བྷྲུྃ་བཛྲ་ཕཊ་ཕེཾ༔ བདག་ཉིད་དྲག་པོའི་སྒྱུ་འཕྲུལ་རོལ་པའི་གར༔ ཟླ་བ་ལས་ནི་ཆུ་ཟླ་ཇི་བཞིན་དུ༔ སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་རང་བྱུང་ཤར༔ མ་བཅོས་མ་བཙལ་ལྷུན་གྲུབ་ཆེན་པོར་བསྒོམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣ་ན་བཾ་ཧཱུྃ་ཕཊ༔ ལེའུ་སྟེ་ལྔ་པའོ༔ ས་མ་ཡ༔ གསང་བའི་ཡང་གསང་བླ་མེད་སྙིང་གི་ཏིག༔ བདེ་གཤེགས་རྒྱལ་བ་ཡོངས་འདུས་གསང་ཆེན་པོ༔ ཟབ་ཆོས་རྒྱ་མཚོའི་ཡང་བཅུད་དམ་པ་འདི༔ མཐོང་ཐོས་དྲན་རེག་མངོན་སངས་རྒྱས་འགྱུར་རོ༔ མ་འོངས་བསྐལ་བའི་སྙིགས་མ་ལྔ་བརྒྱའི་དུས༔ སེམས་ཅན་བསོད་ནམས་དམན་དང་བདུད་དབང་གིས༔ ཨུ་དུམ་ཝ་ར་མཆོག་གི་པདྨོ་བཞིན༔ འདི་ཉིད་ཉམས་སུ་ལེན་པའི་སྐྱེས་བུ་དཀོན༔ གལ་སྲིད་མཆིས་ན་གཞན་གྱིས་སུན་འབྱིན་བྱེད༔ ཚེ་རབས་དུ་མར་ལྷག་པའི་ལྷ་མཆོག་འདིར༔ སྦྱངས་པ་སྔོན་སོང་ལས་འབྲེལ་ལྡན་པའི་བུ༔ འདི་ལ་མོས་ཤིང་བློ་སྣ་ཕྱིར་མི་ལྡོག༔ དེ་ནི་རིག་འཛིན་ང་དང་གཉིས་སུ་མེད༔ ལེའུ་སྟེ་དྲུག་པའོ༔ ས་མ་ཡ༔ འགྲོ་བའི་བསྙེན་དང་བསྐུར་འོས་གནས་སུ་འགྱུར༔ བསྒོམ་བཟླས་དམིགས་པའི་གནད་དང་ལྡན་གྱུར་ན༔ ལོ་གསུམ་ཟླ་གསུམ་ཞག་གསུམ་གྲངས་རྫོགས་ཚེ༔ སློབ་དཔོན་པྲ་བྷ་ཧ་དང་སྐལ་བ་མཉམ༔ མི་བསླུ་ངེས་པ་རྡོ་རྗེའི་གཏན་ཚིག་གོ༔ ལེའུ་སྟེ་བདུན་པའོ༔ ས་མ་ཡ༔ མ་འོངས་བསྐལ་པ་སྙིགས་མའི་དུས་ཀྱི་ཚེ༔ མ་བསྒྲུབ་གྲུབ་པ་ཐོབ་པ་མང་ལགས་ཀྱང་༔ ཡང་དག་ལྟ་བ་རྟོགས་པ་ཉིན་སྐར་ཙམ༔ གཏེར་མིན་གཏེར་འདྲས་ས་སྟེང་ཁྱབ་གྱུར་ཀྱང་༔ གཞན་ཕན་སྒྲུབ་ལ་བརྩོན་པ་ཨུ་་དུམ་ཝར༔ ཆེ་དྲག་ཁེ་རྒྱལ་འདོད་པའི་གྲུབ་འཐོབ་བོ༔ འདོད་སྲེད་ཁྱི་བཞིན་ཆེ་ཞིང་ངེས་འབྱུང་མེད༔ མི་ཚེ་རྙེད་འཚོལ་ལས་ལ་འདའ་བར་མངོན༔ པད་འབྱུང་ང་དང་ལྟ་སྤྱོད་ཡེ་མ་མཐུན༔ ལེའུ་སྟེ་བརྒྱད་པའོ༔ ས་མ་ཡ༔ ཆོས་ཀྱི་བདག་པོ་བི་མའི་རྣམ་རོལ་གར༔ སྙིང་དང་ལྟེ་བ་ཤ་མཚན་སྨེ་ཤས་བརྒྱན༔ རྒྱལ་མཚན་མིང་ཅན་སྒྲུབ་ལ་གཞོལ་བ་འབྱུང་༔ མ་ངེས་སྤྱོད་པ་སྟོན་ཅིང་ངེས་མེད་དུ༔ ཆོས་འདི་འཕྲད་ནས་སྒྲུབ་ལ་གཞོལ་གྱུར་ན༔ ལོ་གྲངས་གསུམ་གྱིས་གྲུབ་པ་མངོན་དུ་འགྱུར༔ འོད་ཟེར་མིང་ཅན་དཔལ་རྡོར་སྤྲུལ་པ་འབྱུང་༔ རབ་ཀྱི་མིང་ཅན་དཔལ་ཡེས་སྤྲུལ་པ་འབྱུང་༔ ཚུལ་ཁྲིམས་མིང་ཅན་ཛམ་ནག་སྤྲུལ་པ་འབྱུང་༔ པདྨའི་མིང་ཅན་མཚོ་རྒྱལ་སྤྲུལ་པ་འབྱུང་༔ དཔལ་གྱི་མིང་ཅན་ལང་གྲོའི་སྤྲུལ་པ་འབྱུང་༔ ཚེ་ཡི་མིང་ཅན་བཛྲ་སཱ་དྷུའི་གར༔ མཆོག་གི་མིང་མཐའ་ལེགས་གྲུབ་རྡོ་རྗེའི་གར༔ གྲགས་ཀྱི་མིང་མཐའ་ས་ར་ཧ་པའི་གར༔ རྡོ་རྗེའི་མིང་མཐར་བཻ་རོའི་རྣམ་རོལ་གར༔ པུ་ཎྱེའི་མིང་ཅན་ལྷ་དཔལ་རྣམ་འཕྲུལ་འབྱུང་༔ འདི་དག་མཆོག་གི་སྐྱེས་བུ་བླ་ན་མེད༔ གཞན་ཡང་སྨོན་ལམ་ལས་ཀྱིས་འབྲེལ་བ་ཡི༔ ཆོས་ཀྱི་བདག་པོ་སྐྱེས་མཆོག་དྲུག་ཕྲག་བདུན༔ ཚེ་གཅིག་རྣམ་མཁྱེན་བརྙེས་པ་ཁོ་ནའོ༔ ལེའུ་སྟེ་དགུ་པའོ༔ ས་མ་ཡ༔ བཀའ་འདི་གནོད་སྦྱིན་ཤན་པ་ཁྱོད་ལ་གཏད༔ ཐུབ་པར་སྲུངས་ཤིག་བཀའ་དང་ཐ་ཚིག་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྦས་པའི་རྣལ་འབྱོར་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །མངྒ་ལཾ།། །།