TTDL-ZABTER-03-GA-049

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-03-GA-049
Wylie title TTDL-ZABTER-03-GA-049.pdf
Location bdud 'joms gling pa zab gter
Volume 3, Text 49, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་ཞི་ཁྲོ་འདུས་པའི་བསྐུལ་བ་རྡོ་རྗེའི་ཕྲེང་བ་བཞུགས་སོ༔ ༠༠༠༠བརྡ་ཡིག༤༧༣ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བླ་མ་ཞི་ཁྲོ་འདུས་པ་ཡི༔ རྣལ་འབྱོར་དབང་ཕྱུག་དམ་པ་ལ༔ ཐུགས་དམ་གནད་བསྐུལ་འདི་ཉིད་མཁོ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྐྱེ་མེད་སྤྲོས་པ་བྲལ་བའི་དབྱིངས༔ བརྡལ་ཁྱབ་ཆོས་སྐུའི་བླ་མ་བསྐུལ༔ ལྷུན་གྲུབ་འགགས་མེད་བདེ་ཆེན་དབྱིངས༔ ལོངས་སྤྱོད་རྫོགས་སྐུའི་བླ་མ་བསྐུལ༔ ཐུགས་རྗེས་རང་གྲོལ་རོལ་པའི་དབྱིངས༔ འགྲོ་འདུལ་སྤྲུལ་པའི་བླ་མ་བསྐུལ༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་དབྱིངས༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་བསྐུལ༔ གདུལ་དཀའ་འདུལ་མཛད་སྣ་ཚོགས་གར༔ རིག་འཛིན་བླ་མའི་དཀྱིལ་འཁོར་བསྐུལ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་མི་མངོན་དབྱིངས་ནས་བསྐུལ༔ མཛོད་ཅིག་མངོན་སྤྱོད་ཕྲིན་ལས་མཛོད༔ ཐུགས་དམ་གཉན་པོ་མི་བསྐུལ་རྒྱུ༔ ཀ་དག་ཆོས་སྐུའི་བསྟན་པ་ལ༔ བདག་འཛིན་གདུག་པའི་རཱུ་དྲ་ལངས༔ དབྱིངས་དང་ཡེ་ཤེས་རང་ཞལ་སྒྲིབ༔ སྐུ་དང་ཡོན་ཏན་ཐམས་ཅད་བསྣུབས༔ སྐུ་གསུམ་ལྷུན་གྲུབ་གཞལ་ཡས་ཡངས༔ ཁམས་གསུམ་མུན་པའི་གླིང་དུ་བསྒྱུར༔ གཏན་དུ་མི་བདེའི་ལ་ཡོག་ཕབ༔ འདི་འདྲའི་ལས་ངན་སྐལ་ངན་ལ༔ རྒྱལ་བ་རྒྱ་མཚོས་མི་གཟིགས་སམ༔ བསྟན་པ་གཉན་ལ་དགྲ་དར་ན༔ ཐོགས་མེད་ཕྲིན་ལས་གང་ན་བཞུགས༔ མ་གཡེལ་དུས་གསུམ་བདེ་གཤེགས་རྣམས༔ མཁྱེན་བརྩེ་ནུས་པའི་སྟོབས་ཤུགས་ཕྱུངས༔ དུག་གསུམ་དགྲར་ལངས་བདུད་བགེགས་རྣམས༔ སྐུ་གསུམ་དག་པའི་དབྱིངས་སུ་སྒྲོལ༔ དུག་ལྔ་དགྲར་ལངས་བདུད་དང་བགེགས༔ སྐུ་ལྔ་ཡེ་ཤེས་ལྔ་རུ་སྒྲོལ༔ ཉོན་མོངས་བརྒྱད་ཁྲི་དགྲར་ལངས་པའི༔ སེམས་སྣང་བག་ཆགས་འཐས་པའི་བགེགས༔ བདག་མེད་ཤེས་རབ་ཆེན་པོར་སྒྲོལ༔ བརྡལ་ཁྱབ་ལྷུན་འབྱམས་དབྱིངས་སུ་རོལ༔ འཁོར་འདས་དག་མཉམ་ཆེན་པོར་བཟློག༔ དུས་ལ་བབ་བོ་ས་མ་ཡ༔ བསྐུལ་བ་རྡོ་རྗེའི་ཕྲེང་བ་ཡིས༔ འཁོར་བའི་ལུག་རྒྱུད་དབྱིངས་སུ་གཏོར༔ བཀའ་སྲུང་རྡོ་རྗེ་ལེགས་པས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།