TTDL-ZABTER-03-GA-059

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-03-GA-059
Wylie title TTDL-ZABTER-03-GA-059.pdf
Location bdud 'joms gling pa zab gter
Volume 3, Text 59, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གསང་བདག་ཕྱག་ན་རྡོ་རྗེའི་དྲག་བསྐུལ་རྡོ་རྗེའི་ཐོག་མདའ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༥༥༥དྲག་བསྐུལ་རྡོ་རྗེའི་ཐོག་མདའ་འདི༔ ལག་ཏུ་ལེན་པའི་རིམ་པ་ནི༔ ཤ་ཁྲག་དམར་གཏོར་བཤམས་ནས་སུ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ དབྱིངས་བཞུགས་ཡེ་ཤེས་ལྷ་རྣམས་ཀུན༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར༔ བཞེངས་ཏེ་སྣང་སྲིད་ཡོངས་ཁེངས་ནས༔ མངོན་སྤྱོད་ལས་ལ་བརྩོན་པར་བསྒོམ༔ རིག་པའི་ངར་བསྐྱེད་འདི་སྐད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ བརྡལ་ཁྱབ་ཆོས་དབྱིངས་ཡངས་པའི་མཁའ་ཀློང་དུ༔ ཡེ་ཤེས་མེ་རི་འབར་བའི་ཞིང་ཁམས་སུ༔ མཐིང་ནག་གྲུ་གསུམ་དྲག་པོའི་དཀྱིལ་འཁོར་ནས༔ དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ ཐུགས་ཀྱི་བདག་ཉིད་གསང་བདག་རྡོ་རྗེ་འཆང་༔ རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་ལྷ་ཚོགས་བཅས༔ ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ནས་བཞེངས༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ༔ ཛཿསྟེང་གི་ལྷ་གདོན་ཟིལ་གནོན་ཁྲོ་བོའི་རྒྱལ༔ ཧཱུྃ་ཆེན་ཀཱ་ར་ཡབ་ཡུམ་སྐུ་བཞེངས་ཤིག༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཛཿཤར་ཕྱོགས་དྲི་ཟ་ཟིལ་གནོན་ཁྲོ་བོའི་རྒྱལ༔ རྣམ་པར་རྒྱལ་བ་ཡབ་ཡུམ་སྐུ་བཞེངས་ཤིག༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཛཿལྷོ་ཕྱོགས་གཤིན་རྗེ་ཟིལ་གནོན་ཁྲོ་བོའི་རྒྱལ༔ གཤིན་རྗེ་གཤེད་པོ་ཡབ་ཡུམ་སྐུ་བཞེངས་ཤིག༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཛཿནུབ་ཕྱོགས་ཀླུ་གཉན་ཟིལ་གནོན་ཁྲོ་བོའི་རྒྱལ༔ རྟ་མགྲིན་རྒྱལ་པོ་ཡབ་ཡུམ་སྐུ་བཞེངས་ཤིག༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཛཿབྱང་ཕྱོགས་གནོད་སྦྱིན་ཟིལ་གནོན་ཁྲོ་བོའི་རྒྱལ༔ བདུད་རྩི་འཁྱིལ་བ་ཡབ་ཡུམ་སྐུ་བཞེངས་ཤིག༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཛཿཤར་ལྷོ་མེ་ལྷ་ཟིལ་གནོན་ཁྲོ་བོའི་རྒྱལ༔ དབྱུག་པ་སྔོན་པོ་ཡབ་ཡུམ་སྐུ་བཞེངས་ཤིག༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཛཿལྷོ་ནུབ་སྲིན་པོ་ཟིལ་གནོན་ཁྲོ་བོའི་རྒྱལ༔ མི་གཡོ་མགོན་པོ་ཡབ་ཡུམ་སྐུ་བཞེངས་ཤིག༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཛཿནུབ་བྱང་རླུང་ལྷ་ཟིལ་གནོན་ཁྲོ་བོའི་རྒྱལ༔ འདོད་པའི་རྒྱལ་པོ་ཡབ་ཡུམ་སྐུ་བཞེངས་ཤིག༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཛཿབྱང་ཤར་དབང་ལྡན་ཟིལ་གནོན་ཁྲོ་བོའི་རྒྱལ༔ ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་སྐུ་བཞེངས་ཤིག༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཛཿའོག་ཕྱོགས་ས་བདག་ཟིལ་གནོན་ཁྲོ་བོའི་རྒྱལ༔ མ་ཧཱ་བཱ་ལ་ཡབ་ཡུམ་སྐུ་བཞེངས་ཤིག༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཛཿབར་སྣང་སྡེ་བརྒྱད་ཟིལ་གནོན་ཁྲོ་བོའི་རྒྱལ༔ ཡེ་ཤེས་བྱ་ཁྱུང་རིགས་ལྔ་སྐུ་བཞེངས་ཤིག༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཛཿཉོན་མོངས་རྒྱུ་རྐྱེན་དབྱིངས་སྒྲོལ་ཁྲོ་བོའི་རྒྱལ༔ ཁྲག་འཐུང་རིགས་ལྔ་ཡབ་ཡུམ་སྐུ་བཞེངས་ཤིག༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཛཿགནས་ཡུལ་ཉེར་བཞི་དུར་ཁྲོད་བརྒྱད་སོགས་ནས༔ དཔའ་བོ་མཁའ་འགྲོ་བཀའ་སྲུང་དམ་ཚིག་ཅན༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ དྲག་པོ་མངོན་སྤྱོད་ལས་ལ་ད་ཆོས་ཞིག༔ དགོངས་སུ་གསོལ་ལོ་རྩ་གསུམ་སྲུང་མའི་ཚོགས༔ ད་ལྟ་དུས་ངན་སྙིགས་མའི་མར་གཤམ་འདིར༔ སེམས་ཅན་བསོད་ནམས་དམན་པའི་ལས་དབང་གིས༔ ནད་མུག་མཚོན་འཁྲུགས་སྣ་ཚོགས་རླུང་ལྟར་འཚུབས༔ མཐའ་འཁོབ་ཀླ་ཀློས་བསྟན་པའི་ཆོས་ཁྲིམས་བཤིགས༔ དམ་ལོག་སློབ་མས་རྡོ་རྗེ་སློབ་དཔོན་བསླུས༔ ནག་ཕྱོགས་བདུད་སྡེས་སྐྱེ་འགྲོའི་ཤེས་རྒྱུད་བསླུས༔ བསྟན་འཛིན་སྐྱེས་བུ་རྣམས་ལ་བར་ཆད་བརྩམས༔ རྣལ་འབྱོར་སྒྲུབ་པ་པོ་ཡི་བདུད་དུ་བབ༔ ངེས་མེད་འགྲིམ་པའི་རྣལ་འབྱོར་ཟོག་པོར་གྱེར༔ བསླུ་མཁན་ཟོག་པོ་སྤྱི་བོའི་གཙུག་ཏུ་ཁུར༔ དེ་འདྲའི་ལས་ངན་སྐལ་པ་ངན་པ་ལ༔ ལྷ་དང་སྲུང་མ་རྣམས་ཀྱིས་མ་གཟིགས་སམ༔ རྩེ་གཅིག་རེ་ལྟོས་བགྱིས་པའི་རྣལ་འབྱོར་བདག༔ བསླུའམ་མི་བསླུ་སྐྱབས་གནས་དཀོན་མཆོག་གསུམ༔ བདག་ལ་སྐྱབས་གནས་རེ་ལྟོས་གཞན་མེད་དོ༔ མོས་གུས་གདུང་བས་ཡི་དམ་ཁྱོད་བསྒྲུབ་ན༔ བསླུའམ་མི་བསླུ་མགོན་མཆོག་ཁྱེད་རང་མཁྱེན༔ གལ་ཏེ་དཀོན་མཆོག་གསུམ་གྱི་བཀའ་བདེན་ན༔ ད་ནི་མགོན་མེད་བདག་གི་དཔུང་མཛོད་ཅིག༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ བརྙས་དང་ཕོད་བཙུག་དོ་བདོ་ཡ་བཟུང་བའི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ཀྱི་སྡེ༔ མ་ལུས་མ་འགྱང་ལིང་ག་འདི་ལ་ཁུག༔ རྗེས་ཤུལ་ལྷག་མ་མེད་པར་རྡུལ་དུ་རློག༔ ཧཱུྃ་ཛཿདྲག་པོ་སྐུ་ཡི་དཀྱིལ་འཁོར་ནས༔ འགྲོ་འདུལ་སྤྲུལ་པའི་ཁྲོ་བོ་བསྐུལ༔ གསུང་གི་དཀྱིལ་འཁོར་ཆེན་པོ་ནས༔ མ་འགགས་ལོངས་སྐུའི་ཁྲོ་བོ་བསྐུལ༔ ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ བརྡལ་ཁྱབ་ཆོས་སྐུའི་ཁྲོ་བོ་བསྐུལ༔ ཡོན་ཏན་དཀྱིལ་འཁོར་ཆེན་པོ་ནས༔ མཉམ་ཉིད་ཡེ་ཤེས་ཁྲོ་ཆེན་བསྐུལ༔ ཕྲིན་ལས་དཀྱིལ་འཁོར་ཆེན་པོ་ནས༔ མངོན་སྤྱོད་ལྷུན་གྲུབ་ཁྲོ་བོ་བསྐུལ༔ ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས༔ འཁོར་བ་ཡོངས་སྒྲོལ་ཁྲོ་བོ་བསྐུལ༔ མོས་གུས་དད་དང་གདུང་བས་བསྐུལ༔ དམ་ཚིག་གཉན་པོ་དྲན་པས་བསྐུལ༔ བརྒྱུད་འཛིན་རྣལ་འབྱོར་ཕོ་མོ་ལ༔ མི་འདོད་སྡུག་བསྔལ་གྱིས་གདུང་བས༔ ལྷ་དང་སྲུང་མ་དྲན་ནས་འབོད༔ བསྐུལ་ལོ་དབྱིངས་ནས་སྐུར་བཞེངས་ཤིག༔ སྐད་ཅིག་ཉིད་དུ་འདིར་གཤེགས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ ཐོགས་མེད་ཕྲིན་ལས་དྲག་པོ་ཡིས༔ སྤྲུལ་པ་ཡང་སྤྲུལ་དཔག་མེད་དང་༔ བཀའ་འཁོར་བྲན་བཅས་སྐུར་བཞེངས་ནས༔ བརྣག་པའི་དགྲ་བོ་མ་ལུས་པ༔ མཐུ་རྩལ་དྲག་པོའི་སྟོབས་ཀྱིས་བསྡུས༔ ལས་ཀྱི་ལིང་ག་འདི་ལ་ཁུག༔ སྐྱོབ་བྱེད་ལྷ་སྲུང་བདུད་དུ་ཕོབ༔ ནད་མཚོན་ཐུན་གྱི་འཁྲུལ་འཁོར་འགྱེད༔ རྣམ་པར་ཤེས་པ་ཆོས་སྐུར་སྒྲོལ༔ ཤ་ཁྲག་བླ་ཚེ་ཟས་སུ་རོལ༔ རྗེས་ཤུལ་ཙམ་ཡང་མ་ལུས་པར༔ མཐུ་དང་སྟོབས་ཀྱིས་རྡུལ་དུ་རློག༔ ཡེ་ཤེས་ལྷ་ཚོགས་ཐུགས་མ་གཡེལ༔ ཆོས་སྐྱོང་སྲུང་མ་མཐུ་མ་ཆུང་༔ འགུགས་པའི་ཕོ་ཉ་བང་མ་བུལ༔ མཚོན་ཐུན་དབལ་ཁ་ངར་མ་ཆུང་༔ གསོད་པའི་ཤན་པ་རྩལ་མ་ཞན༔ དཀོན་མཆོག་བདེན་པ་མ་བསླུ་ཞིག༔ དུས་ལ་བབ་བོ་ས་མ་ཡ༔ ཞེས་བསྐུལ་བའི་གཏོར་མ་མཆོད༔ དེ་ནས་འགུགས་བསད་ལས་ལ་བརྩོན༔ ཕྲིན་ལས་དྲག་པོའི་ལས་འགྲུབ་འགྱུར༔ ས་མ་ཡ༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་རང་སློབ་དམ་པ་ཆོས་ཀྱི་རྡོ་རྗེས་ནན་དུ་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།།།