TTDL-ZABTER-06-CHA-020

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-06-CHA-020

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=06 |volumeLetter=CHA |textnuminvol=020 |pdflink=File:TTDL-ZABTER-06-CHA-020.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-06-CHA }}

[edit]
དབུ་ཁྲིད་བརྡ་ཡིག༔ ༢༦༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་གསང་བ་འདུས་པའི་ཕྱི་སྒྲུབ་རྡོ་རྗེའི་ཕྲེང་བ་བཞུགས༔ དབུ་ཁྲིད་བརྡ་ཡིག༔ ༢༦༢ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠༠བརྡ་ཡིག༔ ༢༦༢དུས་གསུམ་སངས་རྒྱས་ཐམས་ཅད་ཀུན༔ ཡི་ཤེས་དབྱིངས་སུ་རོ་གཅིག་པའི༔ གཉིས་མེད་རོལ་པའི་ཆོ་འཕྲུལ་དུ༔ བདེ་གཤེགས་དཔལ་དགུའི་དཀྱིལ་འཁོར་ཤར༔ གང་ཟག་ལས་སྐལ་ལྡན་རྣམས་ཀྱིས༔ དུར་ཁྲོད་མཚོ་གླིང་ལ་སོགས་པར༔ རྫས་སྔགས་འཁོར་ལོ་འདུ་བྱས་ཏེ༔ སྒྲུབ་པའི་གཞུང་བསྲང་ཛཔ྄་ཀྱི་མགོར༔ ཨོཾ༔ མ་སྐྱེས་མ་དམིགས་བཅོམ་ལྡན་འདས༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ངང་ཉིད་ཡེ་སངས་རྒྱས་མོད་ཀྱང་༔ ཐུགས་རྗེའི་ཞི་ལས་ཀྲོ་བོར་བཞེངས༔ དཔལ་ཆེན་ལྷ་གཅིག་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་པས་རྡོ་རྗེ་གཡོན་བྷནྡྷ༔ སྤྱན་མིག་བསྒྲད་པས་གློག་འགྱུ་ཞིང་༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨ་ར་སྨིན་མར་མེ་འོད་འཕྲོ༔ སྙན་གཉིས་ཉི་ཟླའི་སྙན་ཆ་མཛེས༔ དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ༔ ཐོད་སྐམ་དབུ་རྒྱན་ཅོད་པན་འཕུར༔ ཞབས་བཞི་གྱད་ཀྱི་འདོར་སྟབས་ཀྱིས༔ པདྨ་ཉི་ཟླ་བམ་གདན་བརྫིས༔ དབྱིངས་ཕྱུག་སྔོན་མོ་ཡུམ་གྱིས་འཁྱུད༔ རྡོ་རྗེ་དུང་ཁྲག་ཡབ་ལ་སྟོབ༔ ཞལ་གསང་སྦྱོར་ཞིང་རྐང་གཡོན་འཁྲིལ༔ གཡས་པས་འཁོར་བའི་སྒོ་འཕར་གནོན༔ ཡབ་ཡུམ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཐུགས་ཀར་རྡོ་རྗེ་ཕ་ལམ་དབུས༔ གསེར་གྱི་འཁོར་ལོ་རྩིབས་བཅུ་པའི༔ ལྟེ་བར་རིན་ཆེན་ཟུར་བརྒྱད་སྦུབས༔ པདྨ་ཉི་མ་བམ་གྱི་སྟེང་༔ ཡཀྴ་བཛྲ་ཐོད་པ་རྩལ༔ སྨུག་ནག་ཞལ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་ཐོ་བ་པདྨ་གཡས༔ མདའ་དང་གཏུན་ཤིང་དྲིལ་བུ་གཡོན༔ བཛྲ་ཀྲོ་དྷཱི་སྔོ་སྐྱ་འཁྲིལ༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ ཐུགས་དབུས་པདྨ་ཉི་གདན་ལ༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཉི་ཟླའི་གའུ་ནི༔ ཡུངས་འབྲུ་ཙམ་གྱི་ལྟེ་བ་རུ༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ སྤྱི་བོར་རིག་འཛིན་རྡོ་རྗེ་ཆོས༔ དཀར་དམར་རང་སྣང་ཡུམ་དང་སྦྱོར༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཅན༔ ཞབས་གཉིས་འདོར་སྟབས་པད་ཉིར་བཞེངས༔ མགྲིན་པར་དབང་ཆེན་རྟ་མགྲིན་ནི༔ དམར་པོ་གྲི་གུག་ཐོད་ཁྲག་འཛིན༔ གཟི་ལྡན་ཁྲོ་མོ་ཡུམ་དང་འཁྲིལ༔ པད་ཉི་བམ་གདན་གྱད་སྟབས་བཞུགས༔ ལྟེ་བར་རྡོ་རྗེ་གཞོན་ནུ་མཐིང་༔ འཁོར་ལོ་རྒྱས་འདེབས་ཡུམ་དང་འཁྲིལ༔ ཕྱག་གཉིས་རྡོ་རྗེ་ལྕགས་ཕུར་གདེངས༔ པད་ཉི་བམ་གདན་གྱད་སྟབས་བཞུགས༔ གསང་བར་བླ་མེད་ཧེ་རུ་ཀ༔ མཐིང་ནག་བྱ་ཁྱུང་ཙིཏྟ་འཛིན༔ ཉིད་བཞི་མུ་ཁ་ལེ་དང་སྦྱོར༔ པདྨ་ཉི་མ་བམ་གདན་འགྱིང་༔ བརླ་གཡས་དྲེགས་པ་ཀུན་འདུལ་མཐིང་༔ རྡོ་རྗེ་གཏུམ་མ་ཡུམ་དང་སྦྱོར༔ ཕྱག་གཉིས་རྡོ་རྗེ་བྷནྡྷ་འཛིན༔ པད་ཉི་བམ་གདན་འགྱིང་སྟབས་བཞུགས༔ བརླ་གཡོན་སྟོབས་ལྡན་ནག་པོ་མཐིང་༔ ཕྱག་གཉིས་རལ་གྲི་དུང་ཁྲག་འཛིན༔ འབྱུང་ལྔའི་བདག་མོ་ཡུམ་དང་སྦྱོར༔ པད་ཉི་བམ་གྱི་གདན་ལ་འགྱིང་༔ དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད༔ སེར་ནག་བེ་ཅོན་ཐོད་པ་འཛིན༔ གསོད་བྱེད་ཁྲོ་མོ་ཡུམ་དང་སྦྱོར༔ པད་ཉི་བམ་གྱི་གདན་ལ་འགྱིང་༔ ཀུན་ཀྱང་སྤྱན་བསྒྲད་མཆེ་བ་གཙིགས༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ རང་རང་ཐུགས་ཀར་རྡོ་རྗེ་དང་༔ པདྨ་རྒྱ་གྲམ་གཡུང་དྲུང་མཚན༔ ཕུར་པ་འཁོར་ལོ་བེ་ཅོན་གྱི༔ ལྟེ་བར་ཉི་ཟླ་ཡུངས་འབྲུ་ཙམ༔ ཁ་སྦྱར་དབུས་སུ་ཧཱུྃ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས༔ ཕྱི་རིམ་གསེར་འཁོར་རྩིབས་བཅུའི་ནང་༔ ཧཱུྃ་དཀར་སྔོན་པོ་རྡོར་དྲིལ་བསྣོལ༔ རྣམ་རྒྱལ་དཀར་པོ་ཏྲི་ཤུལ་གདེངས༔ དབྱུག་པ་སྔོན་པོ་དབྱུག་ཏོ་ཕྱར༔ གཤིན་རྗེ་གཤེད་པོ་བེ་ཅོན་འཛིན༔ མི་གཡོ་མགོན་པོ་འཁོར་ལོ་འཕེན༔ རྟ་མགྲིན་རྒྱལ་པོ་ཐོད་དབྱུག་འཛིན༔ འདོད་རྒྱལ་རླུང་གི་བ་དན་ཕྱར༔ བདུད་འཁྱིལ་རྡོ་རྗེ་རྒྱ་གྲམ་འཛིན༔ ཁམས་གསུམ་གསེར་གྱི་རྡོ་རྗེ་ཕྱར༔ སྟོབས་ཆེན་གཏུན་ཤིང་དུང་ཁྲག་འཛིན༔ ཁྲོ་གཏུམ་རྔམས་བརྗིད་བལྟར་མི་བཟོད༔ ཕྱིར་བཟློག་བསྲུང་བའི་ཕྲིན་ལས་མཛད༔ དེ་ཡི་ཕྱི་རིམ་འཁོར་ལོ་དང་༔ པདྨ་རལ་གྲི་རྡོ་རྗེ་དབྱུག༔ ཏྲི་ཤུལ་མདའ་དང་ཐོ་ཆེན་དང་༔ རིན་ཆེན་རྒྱ་གྲམ་གུར་ཆེན་པོ༔ གཞོམ་བྲལ་སྲ་མཁྲེགས་ལྡན་པ་ལས༔ རང་རང་རིགས་ཀྱི་ཕྱག་རྒྱ་ནི༔ ཕྲ་མོ་གོ་མཚམས་མེད་པར་སྤྲས༔ གདོན་བགེགས་ལོག་འདྲེན་སྦྱོར་བ་བཤིག༔ ཕྱི་རིམ་མེ་ཆུ་ས་དང་ནི༔ རླུང་ནག་སྤུ་གྲི་འབར་བ་ཡི༔ ར་བས་མཚམས་སྲུབ་མེད་པར་བསྐོར༔ རྩེ་མོ་རྡོ་རྗེའི་ཏོག་གི་བརྒྱན༔ ལྷ་དང་རང་སྣང་ཆོས་ཉིད་གསུམ༔ དབྱེར་མེད་བདེ་བ་ཆེན་པོར་སྒྲུབ༔ འཁོར་འདས་གཉིས་སུ་མི་དམིགས་ཤིང་༔ བརྗོད་བྲལ་ལྟ་བའི་རང་ངོ་བལྟ༔ བལྟ་བྱ་ལྟ་བྱེད་གཉིས་མེད་པར༔ ཁྱབ་བརྡལ་འུབ་ཆུབ་རོལ་པར་སངས༔ བགེགས་ཞེས་བྱ་བ་དམིགས་སུ་མེད༔ དམིགས་མེད་ཡེ་གྲོལ་གཤིས་སུ་གློད༔ ནམ་མཁའི་འཇའ་ཚོན་ཅི་བཞིན་དུ༔ སྒྱུ་འཕྲུལ་རོལ་པའི་ལྷར་སྣང་བཀོད༔ མཚན་མར་འཛིན་པ་མ་ཡིན་ནོ༔ ཆུ་ཟླ་དྭངས་པའི་གཟུགས་བརྙན་བཞིན༔ བེམ་སྟོང་ཅང་མེད་མ་ཡིན་པར༔ བ་སྤུ་རེ་བཞིན་མཁྱེན་གཉིས་ཀྱི༔ ཡེ་ཤེས་ཆེན་པོ་འབར་བ་ཡིས༔ རྩལ་ལས་རྒྱལ་བའི་ཞིང་ཀུན་རྫོགས༔ ཀུན་གྱི་སྙིང་པོ་ཧཱུྃ་ཡིན་ཕྱིར༔ བར་སྐབས་ཧཱུྃ་གི་སྣང་གླུ་ལེན༔ ཡེ་ནས་ཆོས་སྐུར་རོ་གཅིག་པས༔ དམིགས་མེད་འཛིན་མེད་ངང་ལ་བཞག༔ གང་ཤར་ཡེ་ནས་ཆོས་སྐུར་ཤར༔ ཤར་དང་ཤར་བྱ་གཉིས་མེད་པར༔ ཤར་གྲོལ་མཉམ་ཉིད་ཆེན་པོར་སངས༔ དབྱིངས་ཐིག་ལུ་གུ་རྒྱུད་ལ་གཟིར༔ སྣང་བ་འཇའ་འོད་རོལ་པར་སྣང་༔ གང་ཤར་བདེ་སྟོང་འཁོར་ལོར་ཤར༔ ལྷ་སྐུ་རྫོགས་པའི་རྩལ་ཆེན་འབར༔ གློ་བུར་རྟོགས་པ་ཤུགས་འབྱུང་ནས༔ ཉམས་སྣང་བརྟན་དང་དཔེ་ཆར་ཤར༔ མཁྱེན་གཉིས་ཤེས་རབ་མངོན་དུ་རྒྱས༔ ཐམས་ཅད་དབྱིངས་སུ་འུབ་ཆུབ་པའི༔ ལྷ་དང་འདྲེ་ཞེས་དམིགས་སུ་མེད༔ དམིགས་མེད་ངང་ལ་གདིང་ཐོབ་ན༔ འཁོར་བའི་གནས་ལ་ཡ་མི་ང་༔ སྲིད་གསུམ་འཇིགས་ཀྱང་དངངས་སྐྲག་མེད༔ ཕྱམ་མཉམ་ཆོས་ཉིད་ངང་དུ་འབྱམས༔ ས་མ་ཡ༔ དེ་ནས་སྔགས་ཀྱི་རྒྱས་གདབ་པ༔ ཆེ་མཆོག་ཐུགས་ཀར་ཡཀྴ་མཐིང་༔ ཐུགས་དབུས་རྡོ་རྗེ་ཉི་ཟླའི་སྦུབས༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཀྱིས་རྒྱལ་ཀུན་མཆོད་ཅིང་བསྐུལ༔ ཐུགས་རྗེ་བྱིན་རླབས་གཟི་བྱིན་བསྡུས༔ བདག་ཐིམ་གཟི་བརྗིད་འབར་བར་དམིགས༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཅི་འགྲུབ་དམིགས་གནད་ལྡན་པས་བཟླ༔ ཡང་དག་ཐུགས་ཀར་རྡོ་རྗེའི་སྦུབས༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཀྱིས་རྡོ་རྗེའི་རིགས་མཆོད་བསྡུས༔ མཆོག་ཐུན་དངོས་གྲུབ་ཀུན་ཐོབ་དམིགས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཅི་འགྲུབ་དམིགས་གནད་ལྡན་པས་བཟླ༔ གཤིན་རྗེའི་ཐུགས་ཀར་བེ་ཅོན་གྱི༔ ལྟེ་བར་ཧཱུྃ་ལ་སྔགས་ཕྲེང་འཁོར༔ འོད་ཀྱིས་རིན་ཆེན་རིགས་མཆོད་བསྡུས༔ གཟི་བྱིན་ནུས་སྟོབས་འབར་བར་དམིགས༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཅི་འགྲུབ་དམིགས་གནད་ལྡན་པས་བཟླ༔ རྟ་མགྲིན་ཐུགས་ཀར་པདྨའི་སྦུབས༔ ཉི་གདན་ཧཱུྃ་ལ་སྔགས་ཕྲེང་འཁོར༔ འོད་ཀྱིས་པདྨའི་རིགས་མཆོད་བསྡུས༔ བྱིན་རླབས་དངོས་གྲུབ་ཐོབ་པར་དམིགས༔ ཨོཾ་པདྨ་ཏ་ཀྲྀཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དམིགས་གནད་ལྡན་པས་ཅི་འགྲུབ་བཟླ༔ ཕུར་པའི་ཐུགས་ཀར་རྒྱ་གྲམ་ལྟེར༔ ཉི་གདན་ཧཱུྃ་ལ་སྔགས་ཕྲེང་འཁོར༔ འོད་ཀྱིས་ལས་ཀྱི་རིགས་མཆོད་བསྡུས༔ མཐུ་སྟོབས་གཟི་བརྗིད་འབར་བར་དམིགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དམིགས་གནད་ལྡན་པས་ཅི་འགྲུབ་བཟླ༔ བླ་མེད་ཐུགས་ཀར་གཡུང་དྲུང་མཚན༔ ལྟེ་བར་ཉི་གདན་ཧཱུྃ་སྔགས་འཁོར༔ འོད་ཀྱིས་ཡེ་ཤེས་མཁའ་འགྲོ་མཆོད༔ བསྡུས་ཐིམ་ལས་ཀུན་འགྲུབ་པར་དམིགས༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་ཏི་ཤྭ་རཱི་སྟྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ དམིགས་གནད་ལྡན་པས་ཅི་འགྲུབ་བཟླ༔ རིག་འཛིན་ཐུགས་ཀར་གསེར་རྡོར་སྦུབས༔ དྭངས་ལ་ལྔ་ཡི་འོད་ཐིག་ཀློང་༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཀྱིས་ཕྱོགས་བཅུའི་བུདྡྷ་བཀུག༔ ཁམས་གསུམ་འཁོར་བ་ཆོས་སྐུར་བསྒྲལ༔ ཚུར་འདུས་རྡོ་རྗེ་གསུམ་དུ་བསྒྲུབ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ དམིགས་གནད་ལྡན་པས་ཅི་འགྲུབ་བཟླ༔ གསང་བདག་ཐུགས་ཀར་ཕུར་བའི་ལྟེར༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཀྱིས་དྲེགས་པའི་སྲོག་སྙིང་བསྡུས༔ སྙིང་པོ་གཅིག་འདྲེས་བྲན་ཁོལ་བསམ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུྃ་ཕཊ༔ དམིགས་གནད་ལྡན་པས་ཅི་འགྲུབ་བཟླ༔ སྟོབས་ལྡན་ཐུགས་ཀར་འཁོར་ལོའི་ལྟེར༔ ཉི་མར་ཧཱུྃ་ལ་སྔགས་ཕྲེང་འཁོར༔ འོད་ཀྱིས་ལྷ་སྲིན་སྟོབས་ལྡན་རྣམས༔ བྲན་འགུགས་སྔགས་ཕྲེང་འོད་ཀྱིས་གཟེར༔ གཡོ་མེད་ནུས་པ་བཅིངས་པར་བསམ༔ ཨོཾ་བཛྲ་སརྦ་དུཥྚན་ཧཱུྃ་ཕཊ༔ དམིགས་གནད་ལྡན་པས་ཅི་འགྲུབ་བཟླ༔ བདག་ཉིད་ཆེ་མཆོག་ཐུགས་ཀ་ནས༔ འོད་ཟེར་ཚ་ལ་མྱུར་བར་འཕྲོས༔ བཀའ་སྡོད་དྲེགས་པའི་ཐུགས་ཀར་ཕོག༔ སྔོན་གྱི་དམ་ཚིག་རྗེས་དྲན་ནས༔ ཅི་བགྱིས་བཀའ་ཉན་གསུང་སྡོད་ཅིང་༔ ཕྲིན་ལས་ཐོགས་མེད་བསྒྲུབ་པར་བསམ༔ ཨོཾ་བཛྲ་སརྦ་ཡཀྴ་ཁྲོཾ་ག་རུ་ཌ་མ་མ་ཌཱ་ཀི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དམིགས་གནད་ལྡན་པས་ཅི་འགྲུབ་བཟླ༔ ཧཱུྃ༔ སླར་ཡང་ཐུགས་ལས་འོད་ཟེར་ནི༔ ལྔ་ལྡན་བ་ཐག་བརྐྱང་བཞིན་འཕྲོས༔ ཕྱོགས་དུས་རྒྱལ་བ་སྲས་བཅས་མཆོད༔ ཐུགས་རྗེ་བྱིན་རླབས་གཟི་བྱིན་དབང་༔ དངོས་གྲུབ་དང་བཅས་བསྡུས་ནས་ནི༔ བདག་མདུན་ལྷ་སྔགས་འཁོར་ལོར་ཐིམ༔ མཆོག་ཐུན་དངོས་གྲུབ་ཐོབ་པར་དམིགས༔ དཔལ་དགུའི་སྔགས་རྣམས་གྲ་ཟུར་དང་༔ ལྷག་ཆད་མེད་པར་འཛབ་ཀྱིས་བསྐུལ༔ དམིགས་པ་གནད་ཡིན་ལྷོད་མེད་བྱ༔ ཧཱུྃ༔ སླར་ཡང་ཐུགས་ལས་འོད་དཀར་འཕྲོས༔ རྒྱལ་མཆོད་ཐུགས་རྗེ་བྱིན་རླབས་བསྡུས༔ བདག་ཐིམ་སྒོ་གསུམ་ཉེས་སྐྱོན་སྦྱངས༔ ཡེ་ཤེས་ལྷ་ཡི་རོལ་པར་འཕོས༔ འོད་ཟེར་མར་འཕྲོས་འགྲོ་ལ་ཕོག༔ སྡིག་སྒྲིབ་སྡུག་བསྔལ་བག་ཆགས་ཀུན༔ བ་མོར་ཉི་ཟེར་ཕོག་བཞིན་དག༔ དཔལ་ཆེན་གོ་འཕང་ཐོབ་པར་བསམ༔ གཙོ་སྔགས་ཅི་འགྲུབ་བཟླ་བ་དང་༔ ཐུན་མཐར་ཞི་ཤམ་ཉེར་གཅིག་བརྗོད༔ ཧཱུྃ༔ སླར་ཡང་འོད་ཟེར་གསེར་མདོག་སྤྲོས༔ རྒྱལ་ཀུན་མཁྱེན་བརྩེ་ནུས་གསུམ་དང་༔ ལྷ་དང་དྲང་སྲོང་ཚེ་བསོད་ནམས༔ པཎྜི་ཏ་ཡི་ཤེས་རབ་དང་༔ སྣོད་བཅུད་འབྱུང་བའི་དཔལ་ཡོན་བསྡུས༔ བདག་ཐིམ་གཟི་བྱིན་འབར་བར་དམིགས༔ གཙོ་སྔགས་ཅི་འགྲུབ་བཟླ་བ་དང་༔ ཐུན་མཐར་རྒྱས་ཤམ་ཉེར་གཅིག་བརྗོད༔ ཧཱུྃ༔ སླར་ཡང་ཐུགས་ལས་འོད་དམར་འཕྲོས༔ རྒྱལ་མཆོད་དབང་བྱིན་དངོས་གྲུབ་བསྡུས༔ བདག་ཐིམ་མཆོག་ཐུན་དངོས་གྲུབ་ཐོབ༔ མར་འཕྲོས་དྲེགས་པ་ཅན་རྣམས་བཀུག༔ འོད་ཟེར་སྐུ་ཡི་དཔའ་ཤུགས་བྱུང་༔ ཀུན་ཀྱང་དངངས་སྐྲག་འདར་ཆོམ་ཆོམ༔ སྲོག་སྙིང་ཕུལ་ནས་ཅི་བསྒོའི་བཀའ༔ ཐོགས་མེད་སྒྲུབ་པར་ཁས་བླངས་བསམ༔ གཙོ་སྔགས་ཅི་འགྲུབ་བཟླ་བ་དང་༔ ཐུན་མཐར་དབང་ཤམ་ཉེར་གཅིག་བརྗོད༔ ཧཱུྃ༔ བདག་མདུན་ཐུགས་ལས་ཀེཾ་དང་ཀྵ་འཕྲོས་པས༔ ཀེཾ་ལས་ཟངས་འཁོར་རྣོ་བའི་རྩིབས་སྟོང་ལྡན༔ དེ་འོག་ཀྵ་ལས་གནམ་ལྕགས་འཁོར་ལོ་འབར༔ སྤུ་གྲི་གཉིས་ཀྱི་དབལ་སོ་འཐབ་པའི་བར༔ དགྲ་བགེགས་གནོད་བྱེད་འབྱུང་པོ་ཐམས་ཅད་དང་༔ བྱད་ཕུར་རྦོད་གཏོང་ཆག་ཆེ་ཉམ་ང་གཏོང་༔ དུས་མཐར་མི་སྲུན་སྦྱོར་བས་བསྟན་པ་འཇིགས༔ ཀུན་ཀྱང་རྡོ་རྗེ་རླུང་གིས་དེད་ནས་ནི༔ དམར་ཉིལ་འཐག་སྟེ་ཤ་རུས་ཐམས་ཅད་གཏུབ༔ སྤྲུལ་པ་བྱ་ཁྱུང་ལྕགས་སྡིག་མགོ་དགུའི་ཚོགས༔ ཀུན་གྱིས་རྔམས་པའི་སྒྲ་བཅས་ལྷག་མེད་རོལ༔ གནོད་བྱེད་མིང་ཙམ་མེད་པར་བརླག་པར་བསམ༔ དྲག་སྔགས་སོ་ལྔ་དམིགས་གནད་ལྡན་པས་བཟླ༔ ཐུན་མཐར་དྲག་པོའི་ཤམ་བུ་ཉེར་གཅིག་བརྗོད༔ དེ་ལྟར་སྔགས་རྣམས་བཟླ་བའི་ཚེ༔ ལྕེ་ནི་རྡོ་རྗེ་རྩེ་ལྔར་བསྒོམ༔ མ་རྐན་ཉི་མའི་དཀྱིལ་འཁོར་ལ༔ ཀ་ལིའི་སྔགས་ཀྱི་རང་སྒྲ་བཅས༔ མདུན་ནས་གཡོན་དུ་འཁོར་བར་དམིགས༔ ཡ་རྐན་ཟླ་བའི་དཀྱིལ་འཁོར་ལ༔ ཨ་ལི་གཡས་སུ་འཁོར་བར་དམིགས༔ འོད་ཀྱིས་ཕྱོགས་བཅུའི་བུདྡྷ་བཀུག༔ རྡོ་རྗེ་དང་ནི་སྔགས་ཕྲེང་ལ༔ ཐིམ་པས་ནུས་པ་རབ་ཏུ་འབར༔ གཅིག་བཟླས་ཁྲི་སོགས་གྲངས་མེད་འཕེལ༔ ངག་ནུས་བཅོམ་པའི་ཟས་ཚོགས་ནི༔ བྱིན་གྱིས་མ་བརླབས་ཤ་ཆང་དང་༔ སྒོག་ཙོང་ལ་སོགས་སྤང་བར་བྱ༔ ལྕེ་ཡིས་ནུས་པ་གཏན་འཇོམས་པས༔ ནམ་ཡང་བཟའ་བར་བྱ་བ་མིིན༔ སྔགས་ཀྱི་བྱིན་རླབས་ཉམས་པའི་རྒྱུ༔ བྱིན་རླབས་མ་བྱས་བསྒྲང་ཕྲེང་ལ༔ གྲངས་མང་ཐེབ་ཀྱང་འཕེལ་མི་སྲིད༔ འབག་བསྙེན་གད་མོ་ལྷ་གད་རྒོད༔ དྲི་ཆུ་གཤང་ཆུ་འདོར་བཞིན་བཟླ༔ གདན་བསྒུལ་དྲོད་ཉམས་གཞན་སྡོད་པ༔ བག་ཡང་ཅི་འབྱུང་བརྩོན་འགྲུབ་ལྷོད༔ གཞན་ལ་ལྷ་སྔགས་སྨྲ་བ་དང་༔ ངག་ནུས་མཐུ་གཏད་སེར་བཟློག་དང་༔ མ་སྲུང་སྲིད་སྤེལ་ཁ་ཟས་བསྲེ༔ བཟའ་འཕྲོ་དུད་འགྲོ་དག་ལ་སྦྱིན༔ སྔགས་ནི་སྐད་ཆེན་འདོན་པ་དང་༔ ཟུར་ཉམས་རྐང་གྲངས་ཉམས་དང་འབྲལ༔ བྱང་ཆུབ་སེམས་གཏོང་སྐྱོ་སུན་བློ༔ ཐེ་ཚོམ་ལ་སོགས་བྱས་པ་ནི༔ སྔགས་ཀྱི་ནུས་པ་ཉམས་པར་བཤད༔ དྲོད་རྟགས་གཞན་ལ་སྨྲ་བརྗོད་དང་༔ དགོས་མེད་ཚོང་དུས་དག་ཏུ་འགྲིམ༔ འཆོལ་དོག་བརྟུལ་ཞུགས་ཐོ་ཅོ་བྱེད༔ ཡུག་ས་དམ་ཉམས་ཕྱག་རྒྱར་བསྟེན༔ བླ་མ་ལྷ་ལ་བློ་མི་གཏོད༔ དམ་ཚིག་ངོ་ལྐོག་ཆེ་བ་དང་༔ དཀོར་ནག་ལ་འབྱམས་ནག་ཆང་སྤྱོད༔ ཆོས་བརྒྱད་དོན་དུ་གཉེར་བ་དང་༔ གདམས་ངག་ནོར་དང་ཟས་ལ་འཚོངས༔ དམ་ཚིག་རྫས་རྣམས་ཡལ་བར་དོར༔ སྒྲུབ་རྟེན་མ་འབྱོར་གཞན་ལ་སྟོན༔ རྫས་དང་ཡོ་བྱད་ཉམས་པ་དང་༔ འདྲེ་གདོན་ལས་བཀོལ་མཆོད་ཅིང་བསྟོད༔ དཀོན་མཆོག་རྟེན་ལ་བཀུར་སྟི་མེད༔ ཤ་ལྔ་དམ་རྫས་བདུད་རྩི་ལྔ༔ ཉིན་བཞིན་མི་སྤྱོད་ལྷ་མི་བསྒོམ༔ སྒོ་གསུམ་ཐ་མལ་ངང་དུ་ཤོར༔ དེ་འདྲའི་དུས་ངན་སྔགས་པའི་མིང་༔ འཆང་ཡང་དངོས་གྲུབ་འབྱུང་མི་སྲིད༔ སྣང་བ་ལྷ་ཡི་དཀྱིལ་འཁོར་དུ༔ ཡེ་རྫོགས་ལྟ་བའི་གཞི་བཟུང་ལ༔ སྣང་ཆ་སྤྱན་གྱི་དཀར་ནག་ཚུན༔ མ་འདྲེས་སོ་སོར་གསལ་བ་དང་༔ སྟོང་ཆར་བེམ་སྟོང་དངོས་པོ་རུ༔ མ་འཐས་ཆུ་ཟླ་འཇའ་ཚོན་བཞིན༔ ཡེ་ཤེས་ཆེན་པོར་རྫོགས་པ་ཡི༔ བསྐྱེད་རྫོགས་དབྱེར་མེད་བསྒོམ་པ་སྤྱད༔ སྤྱོད་པ་དུས་ཀུན་བག་ཡོད་ཅིང་༔ སྔགས་ནུས་ཉམས་པའི་རྒྱུ་རྣམས་སྤང་༔ ཆོས་བརྒྱད་བདུད་ཀྱི་ཇག་པ་སྤང་༔ ཐེ་ཚོམ་ལོག་ལྟ་རྣམ་གཡེང་སྤང་༔ སྤྱོད་པ་མི་དང་བསྟུན་མི་བྱ༔ གཅིག་པུར་རི་དྭགས་རྨས་མ་བཞིན༔ དབེན་ཁྲོད་མཚོ་གངས་ནགས་ཁྲོད་བསྟེན༔ ཡ་ང་འཁུ་འཕྲིག་རྣམ་རྟོག་སྤང་༔ གསང་སྔགས་མོས་པའི་ལམ་ཡིན་ཏེ༔ མོས་གུས་ཆེ་ཞིང་ཐེ་ཚོམ་མེད༔ ལྷ་སྔགས་སྲོག་གི་དབང་པོ་བཞི༔ ནམ་ཡང་མི་སྨྲ་གཅེས་པར་སྦ༔ དམིགས་པས་ལྡེ་ཁ་བསྒྱུར་མཁས་པ༔ ཡིད་བཞིན་ནོར་བུ་རིན་ཆེན་འདྲ༔ ཡིད་བཞིན་ནོར་བུ་རིན་པོ་ཆེ༔ གསོལ་བ་གང་བཏབ་དགོས་འདོད་འབྱུང་༔ དམིགས་པའི་ལྡེ་ཁ་བསྒྱུར་མཁས་པ༔ འཇིག་རྟེན་འདས་དང་མ་འདས་པའི༔ དངོས་གྲུབ་མ་ལུས་ཐོབ་ཅིང་འགུགས༔ སྒྲ་གྲགས་སྔགས་ཀྱི་འཁོར་ལོ་རུ༔ ཡེ་ནས་གཉིས་མེད་རྫོགས་པ་ཡི༔ ཚུལ་ལ་ངེས་ཤེས་རབ་འདྲོང་ནས༔ འབྱུང་བའི་སྐྱེ་འགྲོའི་སྒྲ་སྐད་ཕྱི༔ གསང་སྔགས་བཟླས་བརྗོད་སྙིང་པོའི་སྒྲ༔ བུང་བ་ཚང་ཞིག་ལྟ་བུ་དང་༔ མི་ཤིགས་གཞོམ་མེད་ཐིག་ལེ་ཆེ༔ སྟོང་ཉིད་ཆོས་ཀྱི་རང་སྒྲ་ཤར༔ གསང་བ་དེ་ལས་ཆེས་གསང་བ༔ རང་རིག་མི་འགྱུར་ཆོས་ཀྱི་སྐུ༔ སངས་རྒྱས་རྣམས་ཀྱི་དུར་ས་ཆེ༔ འཁོར་འདས་ཀུན་གྱི་སྲོག་བཅུད་འདུས༔ གསང་སྔགས་རྣམས་ཀྱི་ནུས་པ་རྫོགས༔ རིག་པའི་རྩལ་ལས་སྣོད་བཅུད་ཆོས༔ གཟུགས་སུ་སྣང་བ་རྒྱལ་བའི་སྐུ༔ དག་དང་མ་དག་སྒྲ་རྣམས་ཀུན༔ དོན་ལ་རྒྱལ་བ་རྣམས་ཀྱི་གསུང་༔ དྲན་རྟོགས་འགྱུ་འཕྲོའི་རྟོག་ཚོགས་ཀུན༔ ཅི་ལྟར་ཤར་ཡང་རྒྱལ་བའི་ཐུགས༔ སྤང་བླང་རེ་དོགས་བྱེད་མི་དགོས༔ ཡེ་རྫོགས་དཀྱིལ་འཁོར་ཆེན་པོར་སྤྱོད༔ དངོས་གྲུབ་གཞན་ནས་ཚོལ་མི་དགོས༔ རང་བྱུང་ཡེ་ཤེས་བྱང་ཆུབ་སེམས༔ དངོས་གྲུབ་ཀུན་གྱི་འབྱུང་ཁུངས་ཡིན༔ འདི་ཉིད་ཅི་བཞིན་རྟོགས་པ་ན༔ ས་རྣམས་ཐམས་ཅད་རང་གི་འཕྲུལ༔ རི་བྲག་ཟང་ཐལ་འགྲོ་བར་ནུས༔ ཆུ་རྣམས་ཐམས་ཅད་རང་གི་འཕྲུལ༔ རྒྱ་མཚོར་མི་བྱིང་ཉ་བཞིན་བརྒལ༔ མེ་རྣམས་ཐམས་ཅད་རང་གི་འཕྲུལ༔ མེ་དཔུང་ཆུ་རུ་བསྒྱུར་བར་ནུས༔ རླུང་རྣམས་ཐམས་ཅད་རང་གི་འཕྲུལ༔ དངོས་རྣམས་དུ་མར་བསྒྱུར་བར་ནུས༔ ནམ་མཁའ་སྟོང་པ་རང་གི་ཀློང་༔ གཡང་ས་ཀུན་ལ་བྱ་བཞིན་ལྡིང་༔ སེམས་ཅན་རྣམས་ཀྱང་རང་གི་རྩལ༔ ཐམས་ཅད་དུས་གཅིག་གདོད་མའི་ཀློང་༔ འབད་རྩོལ་མེད་པར་བསྒྲལ་བར་ནུས༔ འདོད་ཡོན་སྣང་བ་རང་གི་འཕྲུལ༔ གཅིག་ལས་གྲངས་མེད་སྤེལ་བ་དང་༔ མཁའ་ལས་ཟས་གོས་འགུགས་པ་དང་༔ བྲག་ལས་ཆུ་དང་ལོངས་སྤྱོད་འབྱུང་༔ ཐུན་མོང་གྲུབ་པའི་མཛོད་ལ་དབང་༔ རིག་འཛིན་རྣམ་བཞི་འགྲུབ་པ་དང་༔ སངས་རྒྱས་ཆོས་ཀྱི་སྐུ་མཆོག་བརྙེས༔ ནང་དབྱིངས་གཞོན་ནུ་བུམ་སྐུར་ཆུབ༔ འཁོར་བ་ངན་སོང་དོང་ནས་སྤྲུགས༔ ཉི་མའི་དཀྱིལ་འཁོར་གཅིག་ཤར་བས༔ མུན་པ་གར་སོང་ཆ་མེད་དུ༔ འོད་ཀྱི་ངང་དུ་སངས་བ་དང་༔ རང་རིག་སངས་རྒྱས་བརྙེས་པ་ན༔ འཁྲུལ་སྣང་མ་ལུས་རང་ཟད་ནས༔ དག་པའི་འཁོར་ལོར་འབྱམས་སུ་ཀླས༔ ས་མ་ཡ༔ མ་འོངས་ལྔ་བརྒྱ་སྙིགས་མའི་དུས༔ ཀླ་ཀློ་ཀྱ་སྡེབ་ཧོར་ལ་འབེབས༔ ཧོར་དམག་ཁྲག་གི་རལ་པ་འཆང་༔ རྒྱ་རྗེ་མི་མོན་མགོ་རེག་གཟུགས༔ ཕྱི་པའི་བསྟན་པ་འབྱུང་བའི་ལྟས༔ འབྱུང་བ་སྒང་གཤོང་ཆེ་བ་དང་༔ ཆར་ཆུ་མི་སྙོམས་ནད་ཡམས་འབྱུང་༔ སེམས་ཅན་ཤེས་རྒྱུད་དུག་ལྔ་རགས༔ ལ་ལུང་ཨར་ཇག་རྐུན་མ་དར༔ ཉག་ལ་དུག་གི་སྡོང་པོ་རྒྱས༔ ལ་ལུང་མང་པོར་ཁྲག་ཆར་འབེབས༔ བླ་མ་ཕལ་ཆེར་གྲི་རུ་འགུམ༔ མི་ཆེན་མགོ་ཡི་སྟོན་མོ་འགྱེད༔ དེ་རྒྱབ་དར་མདོར་འཁྲུགས་པ་འབྱུང་༔ རེ་འབྱམས་ནག་པོའི་འཁྱིལ་ཁུག་ནས༔ མི་གྲངས་རྫོང་ཆེན་གནས་གཞི་འཆའ༔ རྒྱ་ནས་བུད་མེད་སྨ་ར་ཅན༔ ས་མིག་རེ་བཞིན་ཕུང་གཏེར་སྦ༔ སྡེ་དགེ་ཕོ་བྲང་དེར་བརྒྱུད་ནས༔ སྲོག་ཆགས་མང་པོའི་གསོན་སྙིང་ཕྱུང་༔ དབུས་གཙང་ཕྱོགས་སུ་ཆས་པ་ན༔ ལྷོ་སྨོན་ཕྱོགས་ནས་ལྔ་ལྔ་སྡེབ༔ གཙང་གི་རི་བཀྲ་ཞེས་བྱ་ནས༔ འབྱུང་དམག་མང་པོ་ཁ་ལོ་བསྒྱུར༔ དེ་གྲོགས་བྱས་ནས་ངང་ཁྱུ་འཇིགས༔ དེ་སོགས་ཆག་འཇིགས་བྱུང་བའི་ཚེ༔ ང་ཉིད་བདུད་འཇོམས་རྡོ་རྗེར་སྤྲུལ༔ གཏེར་རིགས་བཅོ་བརྒྱད་ཆོས་གཏེར་བརྒྱ༔ ཁྱད་པར་ནམ་མཁའ་ས་ཡི་གཏེར༔ གཉིས་ལ་དབང་བསྒྱུར་འགྲོ་བ་འདྲེན༔ ཁྱད་པར་སེ་ཕུང་སྲོག་གི་གཤེད༔ གསང་བའི་རྒྱ་ཅན་བཤུ་བསྒྱུར་ཚེ༔ ནག་ཕྱོགས་ཐུལ་བའི་ལྟས་མཚན་འབྱུང་༔ དེ་སོགས་ཟབ་གཏེར་གཉན་པོ་ཡི༔ ཕྱི་སྲུང་གཡུ་ཡི་ཕྲེང་བ་དང་༔ སྨན་མོ་འཛུམ་མེད་འོད་ལྡན་མ༔ སྐུ་བླ་གཉན་གྱི་རྩེ་མོ་དང་༔ རྨ་རྒྱལ་སྨན་ལྕམ་མིག་གཅིག་མ༔ རང་རང་གཉེར་འཛིན་གཏེར་སྲུང་བྱེད༔ ནང་སྲུང་མ་གཟའ་དམ་ཅན་གཙོའི༔ དྲེགས་པ་སྡེ་དགུའི་གཉེར་ལས་བྱེད༔ གསང་བ་རང་རང་སྒོས་སྲུང་རེ༔ ཀུན་གྱི་སྒྲུབ་ཐབས་བཅས་པ་ཀུན༔ རྫུ་འཕྲུལ་སྣ་ཚོགས་ཤོག་བུར་ཁོད༔ བཀའ་བརྒྱད་གསང་བ་འདུས་པ་ཉིད༔ རཱུ་ཏྲའི་སྙིང་ལྤགས་ངོས་སུ་ཁོད༔ རྡོ་ལ་ཟངས་ཞུན་བཀོན་པ་ཡི༔ སྒྲོམ་གྱི་གུད་ཆུག་མདོ་སྨད་ཆར༔ སྟག་ཚང་གཡས་ཀྱི་ཐིག་ལེ་རུ༔ རྡོ་རྗེ་ཅན་གྱི་བྲག་མགུལ་སྦོས༔ འཇིགས་པ་མེད་པའི་རྒྱ་ཡིས་ཐོབས༔ བཀའ་སྲུང་དྲེགས་པའི་ཚོགས་ལ་གཉེར༔ ལས་ཅན་བུ་ལ་ཕྲད་སོ་གྱིས༔ ཆོས་བདག་སྐྱེསབུ་དམ་པ་རྣམས༔ སྐུ་ཚེ་ཞབས་པད་རྒྱས་པ་དང་༔ འགྲོ་དོན་རྒྱས་པའི་གྲོགས་མཛོད་ཅིག༔ ལོག་ལྟ་གཤེ་སྐུར་མཁན་རྣམས་དང་༔ བརྒྱུད་འཛིན་བརྒྱུད་པར་བཅས་པ་ལ༔ སྡང་ཞིང་འཚེ་བའི་ཞིང་བཅུའི་དགྲ༔ མ་གཡེལ་མ་འགྱངས་མ་སྡུག་པར༔ མྱུར་དུ་དྲག་པོའི་ལས་ཀྱིས་སྒྲོལ༔ བཀའ་དང་ཐ་ཚིག་གཉན་གྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཁ་ཐམ༔ ཞེས་པ་འདི་ཉིད་ཆེ་མཆོག་རོལ་པ་རྩལ་ཁྲག་འཐུང་ནུས་ལྡན་རྡོ་རྗེ་གར་དབང་བདུད་འཇོམས་གླིང་པས་ལུག་ལོའི་དགུན་ཟླ་འབྲིང་པོའི་ཉེར་ལྔའི་ཉིན་ངོ་མཚར་བའི་ལྟས་བཟང་དུ་མ་དང་བཅས་ཏེ་གཏེར་ནས་བཏོན་ཏེ་མཐར་རྟེན་འབྲེལ་དུས་ལ་བབ་ཚེ་ཆོས་ཀྱི་བདག་པོ་སྤྲུལ་སྐུ་པདྨ་སྣ་ཚོགས་རང་གྲོལ་དང་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་རྡོ་རྗེ་རྣམས་ཀྱིས་ཡང་ཡང་བསྐུལ་ངོར་གཏན་ལ་ཕབ་པའི་དགེ་བས་རྩུབ་འགྱུར་དུས་ཀྱི་ཡོ་ལང་ནད་མུག་མཚོན་གྱི་འཁྲུལ་འཁོར་ཀླ་ཀློའི་རིགས་སྔགས་རྫས་སྦྱོར་ཐམས་ཅད་མིང་གི་ལྷག་མར་གཞོམ་པའི་ཐོ་ལུམ་དང་བསྟན་དང་འགྲོ་ལ་ཕན་བདེ་རྒྱ་ཆེན་པོ་འབྱུང་བའི་གནས་སུ་གྱུར་ཅིག།དགེའོ།།དགེའོ།།དགེའོ།།།།