བདུད་འདུལ་གཡུལ་ལས་རྣམ་པར་རྒྱལ་བའི་མཆོད་རྟེན་ཆེན་མོའི་དཀར་ཆག་མདོར་བསྡུས་པའི་ཚུལ་གྱིས་བཀོད་པ་ནོར་བུ་བཻ་ཌཱུརྱའི་དོ་ཤལ།

From Dudjom Wiki
Revision as of 21:28, 9 November 2026 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TNR-SUNGBUM-03-HUM-002
Wylie title bdud 'dul g.yul las rnam par rgyal ba'i mchod rten chen mo'i dkar chag mdor bsdus pa'i tshul gyis bkod pa nor bu bai DUr+ya'i do shal
Location phrin las nor bu'i gsung 'bum
Volume 3, Text 2, Pages (Folios to )
Author ཕྲིན་ལས་ནོར་བུ་
Citation Thinley Norbu. Bdud 'dul g.yul las rnam par rgyal ba'i mchod rten chen mo'i dkar chag mdor bsdus pa'i tshul gyis bkod pa nor bu bai DUr+ya'i do shal. In Phrin las nor bu'i gsung 'bum, Vol. 3.
Side notes  
More details More details
Genre

[edit]
༄༅། །བདུད་འདུལ་གཡུལ་ལས་རྣམ་པར་རྒྱལ་བའི་མཆོད་རྟེན་ཆེན་མོའི་དཀར་ཆག་མདོར་བསྡུས་པའི་ཚུལ་གྱིས་བཀོད་པ་ནོར་བུ་བཻ་ཌཱུརྱའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། །

༄༅། །ན་མོ་གུ་རུ་བཛྲ་ཛྙཱ་ན་ཡེ། བདེ་གཤེགས་ཐུབ་མཚན་བསིལ་བའི་དྲི་བཞོན་ཐོས་འཛིན་ངོགས་སུ་ལྡང་བའི་མོད་ལ་ཤུགས་ དྲག་ངེས་འབྱུང་རྦ་རླབས་འཕྱུར་བའི་ཐུགས་བསྐྱེད་འབབ་ལྡན་ཞི་ལ་ཕྱོགས། །ཡན་ལག་མཆོག་གི་ལྗོན་པའི་སྟན་དུ་མར་མེ་མཛད་ཀྱི་ཞབས་སོར་ བཀོད་ནས་ལུང་གི་བདུད་རྩིར་སྤྱད་པའི་མོད་ལ་ཏིང་འཛིན་བརྒྱ་ཕྲག་མངོན་དུ་བྱས། །ཚོགས་གཉིས་གསེར་གྱི་འཁོར་ལོའི་རྩིབས་སྟོང་གྲངས་མེད་ གསུམ་གྱི་མུ་ཁྱུད་ནང་ན་ཀུན་ནས་བཟླུམ་པའི་སྙིང་སྟོབས་ཆེན་པོས་དོན་ཀུན་ཡོངས་སུ་གྲུབ་པའི་མཐར། །འཆི་མེད་གྲོང་ནས་གཟིགས་པ་རྣམ་

ལྔས་འཛམ་གླིང་འགྲོ་བའི་མགོན་དུ་གཤེགས་ཏེ་བདེན་བཞིའི་ཆོས་ཆར་ཕབ་པ་དེ་ལ་དད་བརྒྱའི་མཆོད་ཡོན་དང་པོར་ སྟོབས། །སྒྲིབ་གཉིས་སྤྲིན་གྱི་ཡོལ་བས་མ་བསྒྲིབས་ངོ་བོ་ཡེ་དག་རྣམ་ཀུན་མཆོག་ལྡན་སྲས་བཅས་རྒྱལ་རྣམས་བསྐྱེད་པའི་ཡུམ་གཅིག་ཀུན་ཏུ་ བཟང་མོའི་མཁའ་དབྱིངས་ནས། །རང་བཞིན་རྣམ་དག་འབྲས་བུའི་ཆོས་མཆོག་ལྔ་ཕྲག་ལྔ་ཡི་ཆ་ཤས་དཔལ་ཀུན་ལྷུན་གྲུབ་གཞི་ལ་རྫོགས་པའི་ཟླ་ བ་ཚངས་པ་རྔ་སྒྲའི་ཞིང་ལ་འཆར། །གང་འདུལ་དེར་སྟོན་ཐུགས་རྗེ་རོལ་པའི་ཕྲིན་ལས་མི་ཟད་འོད་དཀར་འབུམ་གྱིས་སྲིད་པའི་ཚ་གདུང་བཅིལ་

དང་ལྷན་ཅིག་ཐུབ་བསྟན་རྒྱ་མཚོའི་གོས་ཅན་ཁྱོན། །ཐེག་མཆོག་བསྟན་པའི་ཀུནྡས་མཛེས་བྱེད་དེ་ཉིད་རིགས་པའི་མགུར་ནས་བསྔགས་པ་འཕུར་འགྲོའི་སློབ་དཔོན་ཁྱོད་གཅིག་ལགས་ཕྱིར་ བདེ་ཆེན་འཁོར་ལོའི་རྒྱན་དུ་མཆོད། །ཐིག་ལེ་མཆོག་མའི་ཀུན་རྟོག་བཞིན་མིན་ཆོས་ཉིད་ཞི་བའི་སྙིང་རྗེའི་རང་གདངས་འདོད་ལྡན་རྣམས་ལ་འཁྲིལ་ཆགས་སྐུ་སྟེ་ལོག་འདྲེན་གཤེད་དུ་ཁྲོས་ པའི་ཉམས། །ཟ་བྱེད་སྲིན་པོས་དམིགས་པ་བཞིན་མིན་རྒྱལ་བའི་བཀའ་ལས་འདས་པའི་བདུད་ཚོགས་སྐྱེ་མེད་དགོངས་པའི་ཀློང་དུ་སྒྲོལ་ཕྱིར་འབར་བ་ཆེན་པོའི་སྐུར་བསྟན་ནས། །ཞོ་འཐུང་ རྡོ་རྗེའི་མཐུ་ཡིས་བསྒྲུན་མིན་གཞོམ་བྲལ་ཡེ་ཤེས་ཕུར་བུའི་མཚོན་ཆས་བརྟན་གཡོའི་སྟོང་སྲོག་ཐལ་བར་འབྱིན་ཏེ་ཡེ་ཤེས་འཁོར་ལོར་རྒྱས་འདེབས་པའི། །རྣམ་བྱང་ཡོངས་རྫོགས་ཞི་ཁྲོ་རབ་ འབྱམས་མཁའ་འགྲོར་བཅས་པའི་རྩ་གསུམ་ལྷ་དང་བཀའ་ཉན་དམ་ཅན་སྲུང་མའི་ཚོགས་རྣམས་རྣམ་མཁྱེན་ལམ་གྱི་གྲོགས་སུ་སྤྲོན། །གཅམ་བུའི་ངག་གིས་སྒྲོ་བཏགས་མ་ཡིན་འཇམ་པའི་ ཕྱག་ན་འཛིན་པའི་པདྨོ་མངོན་དང་མི་མངོན་དབྱེ་བ་ཙམ་ལས་གྲུ་འཛིན་རི་ལ་དགྱེས་པའི་མགོན། །དུར་སྨྲིག་གོས་བཟང་བཀླུབས་པའི་ཟོལ་གྱིས་ཁ་བ་ཅན་དུ་སླར་ཡང་བྱོན་ནས་ཟུང་འཇུག་ལས་

ཀྱི་འཁོར་ལོའི་བྱ་བས་ས་ཆེན་ཀུན་ལ་ཁྱབ་བྱས་ཤིང་། །འདྲེན་པ་གཞན་གྱིས་གཟིགས་པ་ཡོལ་བ་དབྱར་རྔའི་སྒྲ་ལྡན་སྨན་གྱི་ལྗོངས་ཀུན་ཆོས་ཚིགས་ཡུལ་ གྱི་དབུས་མར་བསྒྱུར་ནས་ལྔ་ཕྲག་མཐའ་མའི་དུས་འདིར་ཡང་། །ཐུབ་བསྟན་ཉིན་བྱེད་ནུབ་རིའི་ཕག་ཏུ་དྲུང་ནས་ཡོངས་སུ་གཟིམ་པ་མེད་མཛད་རྗེ་བཙུན་ངག་དབང་རྣམ་རྒྱལ་ཉིད་དོ་བཀའ་ དྲིན་བསམ་བཞིན་གུས་ཕྱག་བགྱི། །གསང་བ་རྣམ་བཞིའི་རྒྱ་ཡིས་བསྡམས་པའི་གསང་ཆེན་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་མ་རྟོགས་བརླང་པོར་སྤྱོད་པའི་རུ་དྲ་རྣམ་ཐར་གསུམ་གྱི་ཨེ་དབྱིངས་ སུ། །མིང་མཐར་བསྒྲལ་བའི་དུག་གསུམ་ཤ་ཁྲག་འཇིགས་རུང་ཐུགས་རྗེ་རྔམས་པའི་ཞལ་དུ་དྲག་པོའི་རྐན་སྒྲ་རྡེབ་ཅིང་གསོལ་བ་བདུད་ཀྱི་བདུད་ཆེན་བཅོམ་ལྡན་འདས། །དཔལ་ཆེན་ཧེ་རུ་ ཀ་དཔལ་ཆེན་པོས་དབང་དྲག་ཕྲིན་ལས་བསྒྲུབ་པའི་ཚེ་ན་མ་མོ་བརྒྱད་ཀྱི་རྟེན་དུ་བྱུང་བའི་དངོས་གྲུབ་འབྱུང་བའི་མཆོད་རྟེན་བརྒྱད། །སྔོན་བྱོན་རིག་འཛིན་གྲུབ་པ་རྣམས་ཀྱིས་དཔའ་བོ་མཁའ་ འགྲོའི་ཚོགས་དང་ཐབས་ཅིག་བརྟུལ་ཞུགས་སྤྱོད་པ་བསྐྱངས་པའི་གནས་ཕྱིར་འདི་ན་དང་བའི་ཡིད་ཀྱིས་བསྟེན། །མཐའ་ཡས་འགྲོ་མང་ཁམས་ཀྱི་ཞིང་ས་ལ། །ཚོགས་བཟུང་གྲུང་པོའི་ས་

བོན་ལེགས་བཏབ་ཅིང་། །བྱང་ཆུབ་ལྗོན་པའི་མྱུ་གུ་སྨིན་མཛད་པ། །བདེ་གཤེགས་མཆོད་རྟེན་བརྒྱད་ལ་ཕྱག་བཙལ་ནས། །མཚོན་པའི་ཡུལ་མིན་རྒྱལ་བ་ཆོས་སྐུའི་གཟུགས། །འདྲེན་བྱེད་ གསོས་སུ་མངོན་པར་སྣང་བའི་རྟེན། །བརྡ་དང་རྟགས་སུ་ཅིར་ཡང་འཆར་བ་ལས། །འདི་ན་གཡུལ་ལས་རྣམ་རྒྱལ་མཆོད་སྡོང་ཆེའི། །ལོ་རྒྱུས་བཻ་ཌཱུརྱ་ཡི་དོ་ཤལ་ནི། །རྣམ་དཀར་ལྷག་ བསམ་སྲད་བུར་ཡོངས་བརྒྱུས་ཏེ། །དད་གསུམ་ལང་ཚོ་རྫོགས་པའི་མཛའ་ན་མོའི། །མགུལ་པའི་རྒྱན་དུ་སྤ་བའི་སླད་དུ་སྤེལ། །ཞེས་མཆོད་པར་བརྗོད་པའི་ཚིག་གིས་ལམ་ཡངས་པར་ བྱས་ནས་གང་གླེང་བར་བྱ་བ་ནི་འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་ཀྱི་ཞིང་མཆོག་བདུད་འདུལ་གཡུལ་ལས་རྣམ་པར་རྒྱལ་བའི་མཆོད་རྟེན་ཆེན་མོ་རྟེན་དང་བརྟེན་པར་བཅས་པ་ཇི་ལྟར་ བཞེངས་པའི་ལོ་རྒྱུས་བརྗོད་པར་བྱ་བ་ཡིན་ལ། དེ་ལ་གཉིས་ཏེ། རྟེན་དང་བརྟེན་པར་བཅས་པའི་སྤྱིའི་གོ་དོན་ཅུང་ཟད་སྨོས་པ་དང་། སྐབས་སུ་བབ་པའི་མཆོད་རྟེན་ཆེན་མོའི་ལོ་རྒྱུས་བྱེ་ བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། འཇིག་རྟེན་དུ་རྒྱལ་བའི་བསྟན་པ་ཇི་ལྟར་བྱུང་ཚུལ་མདོ་ཙམ་མཐར་ཆགས་སུ་སྨོས་པ་དང་། རྟེན་དང་བརྟེན་པའི་གོ་དོན་དངོས་སོ། །དེ་ལ་དང་

པོ་ནི། ལས་བརྒྱ་པ་ལས། ཨེ་མ་འཇིག་རྟེན་ལས་ལས་སྐྱེས། །ལས་ཀྱིས་བདེ་དང་སྡུག་བསྔལ་བྱེད། །རྐྱེན་རྣམས་ཚོགས་ན་ལས་འབྱུང་ཞིང་། །ལས་ ཀྱིས་བདེ་དང་སྡུག་བསྔལ་བྱེད། །ཅེས་གསུངས་པ་ལྟར་རང་རེ་སེམས་ཅན་རྣམས་ཀྱིས་ཐོག་མ་མེད་པའི་དུས་ནས་ཀུན་གཞི་ལ་གཟུང་འཛིན་འཁྲུལ་སྣང་གི་ལས་ཀྱི་བག་ཆགས་སྣ་ཚོགས་པ་ ཞིག་བཞག་པ་ལས་འདི་ལྟར་མེད་བཞིན་དུ་སྣང་བའི་ངན་འགྲོ་དང་བདེ་འགྲོ་མཐོ་རིས་ལ་སོགས་པའི་བརྟན་གཡོ་སྣོད་བཅུད་ཀྱི་རང་བཞིན་རྟག་བརྟན་ཐེར་ཟུག་གི་རྣམ་པར་མངོན་དུ་གྲུབ་ཅིང་། དེ་བཞིན་དུ་རྩ་རྒྱུད་གསང་སྙིང་ལས། ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་གསུངས་པ་ལྟར་སངས་རྒྱས་སྲས་དང་བཅས་པའི་ཐུགས་རྗེ་དང་ སྨོན་ལམ་གྱི་དབང་ལས་སྐུ་དང་ཞིང་ཁམས་ལ་སོགས་པ་ཞི་བ་མྱ་ངན་ལས་འདས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སོ་ཅོག་ཆོས་ཀྱི་དབྱིངས་སམ་ནམ་མཁའི་མཐའ་ཀླས་པར་ཅིར་ཡང་ སྣང་བ་ལས་རྣམ་སྣང་གངས་ཆེན་མཚོ་ཡི་ཐུགས་ཀ་དཔལ་གྱི་བེའུའི་ཐད་ན་ཆགས་པ་བཅུ་གསུམ་མི་མཇེད་ཞིང་གི་ནང་ཁོངས་ཛམ་བུ་བྲྀཀྵའི་ཤིང་གི་འབྲས་བུ་སྨིན་པ་མ་དྲོས་རླབས་ཕྲེང་ཅན་

གྱི་ཕང་དུ་བབས་པའི་སྒྲ་ལས་མིང་རྟེན་ཅིང་འབྲེལ་འབྱུང་དུ་ཐོགས་པའི་ས་ཡི་ཐིག་ལེ། གང་དུ་དཔལ་གྱི་རྡོ་རྗེ་གདན་གྱིས་བརྗིད་པ་ན་རྣམ་འདྲེན་སྟོང་རྩའི་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་ རྣམས་མངོན་སངས་རྒྱས་ཤིང་། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བས་ལྷ་རྣམས་ཀྱིས་སྒྲོན་མེའི་བསྐལ་པ་བཟང་པོ་ཞེས་ཡོངས་སུ་བསྒྲགས་པ་ལས་ད་ལྟ་ རྣམ་འདྲེན་བཞི་པ་དོན་ཀུན་གྲུབ་པའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ལྔ་བརྒྱ་ཕྲག་བཅུ་གནས་པར་གསུངས་པ་ལས་ལྔ་བརྒྱ་ཕྲག་ལྔ་པ་ཚུལ་ཁྲིམས་ཀྱི་རང་ཆ་ནས་སུམ་བརྒྱ་ང་གསུམ་གྱི་ ཐོག་ཏུ་བབས་པའི་སྐབས་སོ། །འོ་ན་ཇི་ལྟར་ན་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལས། སངས་རྒྱས་ཐོག་མ་མཐའ་མ་མེད། །དང་པོའི་སངས་རྒྱས་རིས་མེད་པ། ། ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་གསུངས་པ་ལྟར་བདག་ཅག་གི་སྟོན་པ་འདི་ཉིད་ངེས་པའི་དོན་དུ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་ཕྱོགས་བཅུ་ དུས་བཞིའི་སངས་རྒྱས་ཐམས་ཅད་དང་དགོངས་པ་རོ་གཅིག་ཏུ་བཞུགས་པ་ལས་མ་གཡོས་བཞིན་དུ་རང་སྣང་ཤིན་ཏུ་རྣམ་པར་དག་པའི་འོག་མིན་ཆེན་པོར་སྟོན་པ་ལོངས་སྤྱོད་རྫོགས་སྐུ་རྡོ་

རྗེ་འཆང་གི་རྣམ་པས་རང་ལས་མི་གཞན་པའི་འཁོར་ཞི་ཁྲོ་རབ་འབྱམས་ཚད་མེད་པའི་ཚོགས་ལ། ཆོས་འོད་གསལ་བའི་དགོངས་པ་བརྗོད་དུ་མེད་པ་རིག་པའི་ ཡེ་ཤེས་ཀྱི་ངོ་བོར་ལྷུན་རྫོགས་སུ་ཤར་བ་ཉིད་ཕྱི་རབས་གསང་བའི་བདག་པོས་འཆད་པའི་དགོས་པ་སྟོན་པའི་སླད་དུ་མ་ཧཱ་ཨ་ནུ་ཨ་ཏི་གསུམ་དུ་སྣང་བར་མཛད་པ། དུས་གཞིར་རྫོགས་འཕོ་ འགྱུར་མེད་པའི་ངང་ལ་གཉིས་སུ་མེད་པའི་ཚུལ་གྱིས་གསུངས་ཏེ་མདོ་ལས། རྒྱལ་བའི་སྲས་པོས་ཅང་མི་གསུངས། །མ་གསུངས་པ་ཉིད་རྒྱ་ཆེར་གསུངས། །ཞེས་པ་ལྟར་རོ། །དེ་ལས་ ངེས་པ་ལྔ་དང་ལྡན་པའི་གཞན་སྣང་ལོངས་སྐུའི་ཞིང་ན་སེམས་དཔའ་རྣམས་ལ་ཀྲི་ཡ་ཨུ་པ་ཡོ་ག་གསུམ་གྱི་དོན་དགོངས་པ་བརྡའི་གསུང་གིས་འཇལ་བར་སྟོན་ཅིང་། དེ་རྣམས་སུ་བགྲོད་ པར་མི་ནུས་པའི་གདུལ་བྱ་རྣམས་ལ་རང་བཞིན་སྤྲུལ་པ་དང་། འགྲོ་འདུལ་སྤྲུལ་པའི་ཞིང་ལ་སོགས་པར་སྣང་བར་ཐེག་པ་ཆེ་ཆུང་གི་ཆོས་ཅི་རིགས་པ་གསུངས་ནས་གདུལ་བྱའི་དོན་མཛད་པ་ ལས་རེ་ཞིག་ཞིང་འདིའི་དབང་པོ་དམན་འབྲིང་མཆོག་གི་གདུལ་བྱ་རྣམས་ཀྱི་དོན་མཛད་པའི་ཕྱིར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོའི་སྤྱན་སྔར་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད།

བྲམ་ཟེའི་ཁྱེའུ་སྤྲིན་དུ་འཁྲུངས་ནས་མར་མེ་མཛད་ཀྱི་ལུང་བསྟན་ནོད་དེ་སངས་རྒྱས་རྣམ་པར་གཟིགས་མཆོད་པའི་བར་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། དགའ་ལྡན་ན་ དམ་པ་ཏོག་དཀར་པོའི་སྐྱེ་བ་བཟུང་སྟེ་ཆོས་ཀྱིས་མངོན་པར་མཐོ་བའི་ཁང་བཟང་གི་ཁྲི་ལས་ལྷ་རྣམས་ལ་ཆོས་སྟོན་ཅིང་བཞུགས་པའི་ཚེ་ལྷའི་རོལ་མོའི་སྒྲ་ལས་སྔོན་གྱི་ལུང་བྱུང་བ་ན་ལྷའི་བུ་ རྣམས་ལ་འདི་སྐད་དུ། གང་གི་ཚེ་ན་དགའ་ལྡན་གནས་མཆོག་ནས། །འདྲེན་པ་སེང་གེའི་སྐྱེས་བུ་འཆི་འཕོ་སྟེ། །ལྷ་རྣམས་དག་ལ་ཚིག་ཏུ་སྨྲ་བ་ནི། །བག་མེད་མཐའ་དག་རྣམ་པར་སྤོང་ ཞེས་སྨྲ། །ལྷ་ཡི་དགའ་བ་རྣམ་མང་ཇི་སྙེད་པ། །ཡིད་ཀྱིས་བསམ་པ་ལས་བྱུང་དཔལ་ལྡན་ཀུན། །ཐམས་ཅད་ལས་དགེའི་རྒྱུ་ལས་འབྱུང་བ་སྟེ། །དེ་ནི་དགེ་བའི་ལས་ཀྱི་འབྲས་བུ་ཡིན། ། དེ་ལྟ་བས་ན་བྱས་པ་གཟོ་བར་གྱིས། །ཞེས་གདམས་ཤིང་། རང་གི་རྒྱལ་ཚབ་ཏུ་མ་ཕམ་མགོན་པོ་མངའ་གསོལ་ནས་གཟིགས་པ་རྣམ་པ་ལྔ་ལ་གཟིགས་ཏེ་ཛམ་བུའི་གླིང་འདི་ཉིད་དུ་ གཤེགས་ནས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་མཐའ་མ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན། དེ་ཡང་ཝཱ་རཱ་ཎ་སཱི་དང་། བྱ་རྒོད་ཕུང་པོའི་རི། ལྷ་དང་ཀླུ་ལ་སོགས་པའི་

གནས་རྣམས་སུ་ལྔ་སྡེ་བཟང་པོས་གཙོས་པའི་ཐུན་མོང་གི་འཁོར་རྣམ་པ་བཞི་དང་ཐུན་མོང་མ་ཡིན་པའི་འཁོར་བྱང་ཆུབ་སེམས་དཔའི་ཚོགས་ལ་ཆོ་འཕྲུལ་རྣམ་པ་ གསུམ་གྱི་སྒོ་ནས་གཙོ་བོར་འདུལ་བ་མདོ་སྡེ་མངོན་པ་སྟེ་སྡེ་སྣོད་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། དབང་པོ་རྣོན་པོ་རྣམས་ཀྱི་ངོར་བྱ་སྤྱོད་ཀྱི་རྒྱུད་སྡེ་ཕལ་མོ་ཆེ་ཞིག་ཀྱང་ཆགས་བྲལ་ གྱི་རྣམ་པ་དེ་ཁོ་ནས་གསུངས་པ་ལས་སྔགས་བླ་མེད་ནི་ཇི་སྐད་དུ། གསང་བའི་སྒྲོལ་མ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས། གསང་བ་ཆེན་པོའི་རྒྱུད་སུས་ཤེས་པ་དང་། འཆད་པར་ བྱེད། བཀའ་སྩལ་པ། ཨོ་རྒྱན་གྱི་ཡུལ། དཔལ་རྡོ་རྗེ་ཆེན་པོའི་གནས་སུ་རྒྱལ་པོ་ཨིནྡྲ་བྷོ་དྷི་ཞེས་བྱ་བ་དེས་བཤད་པ་དང་། སེམས་ཅན་ལ་གསལ་བར་བྱེད་དོ། །ཞེས་གསུངས་པ་བཞིན་ གང་གི་ཚེ་ཨིནྡྲ་བྷོ་དྷིས་སྟོན་པའི་འཁོར་ཉན་ཐོས་རྣམས་རང་གི་ཕོ་བྲང་སྟེང་གི་ནམ་མཁའ་ལས་ཤར་ནུབ་ཏུ་འགྲོ་བཞུད་བྱེད་པ་མཐོང་བ་ན་བློན་པོ་ཟླ་བ་བཟང་པོ་ལ་ཚུལ་དེའི་རྒྱུ་མཚན་དྲིས་ པས། དེས་སངས་རྒྱས་ཀྱི་ཡོན་ཏན་གསོལ་བ་ལས་རྒྱལ་པོས། དེའི་འཁོར་ཡང་རྫུ་འཕྲུལ་དང་ལྡན་པ་འདི་འདྲ་ན་སྟོན་པ་དེ་ནི་ཐུགས་རྗེ་ཆེན་པོའི་བདག་ཉིད་དུ་གོར་མ་ཆག་གོ་སྙམ་སྟེ་

བཅོམ་ལྡན་འདས་གང་དུ་བཞུགས་པའི་ཕྱོགས་སུ་ཞལ་ཕྱོགས་ནས་སང་གི་གདུགས་ཚོད་བདག་ཉིད་ཀྱི་བསོད་ནམས་བསྐྲུན་པའི་སྐལ་བར་ཐོབ་པའི་གསོལ་བ་བཏབ། དེར་སང་གི་ཉིན་སྟོན་པ་ འཁོར་དང་བཅས་པ་བྱོན། རྒྱལ་པོས་མཆོད་དེ་སྲིད་པའི་སྡུག་བསྔལ་ལས་ཐར་བའི་ཆོས་སྟོན་པར་གསོལ་བ་བཏབ་པས་སངས་རྒྱས་ཀྱིས་མཁྱེན་བཞིན་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ ཞིག་གསུངས་པ་ན་རྒྱལ་པོས། འདམ་བུའི་ཚལ་ནི་ཉམས་དགའ་བར། །ཝ་སྐྱེས་ཉིད་དུ་གྱུར་ཀྱང་སླའི། །འདོད་ཡོན་སྤངས་པའི་ཐར་པ་ནི། །ནམ་ཡང་མི་འདོད་གོ་ཏ་མ། །ཞེས་གསོལ་ བས་སྟོན་པས་དབང་པོ་ཤིན་ཏུ་ཡང་རབ་ལ་དགོངས་ནས་སྐད་ཅིག་ལ་རང་གི་འཁོར་ཉན་ཐོས་ཚོགས་རྣམས་མི་སྣང་བར་མཛད་དེ། འདི་ན་གང་ཟག་བརྒྱད་མེད་ཅིང་། །ཉན་ཐོས་རང་རྒྱལ་ འགའ་ཡང་མེད། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །དེ་དག་དེ་ཡི་གཟུགས་སུ་སྤྲུལ། །ཞེས་ནམ་མཁའ་ལས་སྒྲ་བྱུང་བ་དང་གསང་བ་འདུས་པའི་དཀྱིལ་འཁོར་ལྷ་སུམ་ཅུ་རྩ་གཉིས་ ཀྱི་བདག་ཉིད་ཅན་དུ་སྤྲུལ་ཏེ་རྒྱལ་པོ་ལ་དབང་བསྐུར་རྒྱུད་བཤད་དེ་སྨིན་པར་མཛད། དེ་བཞིན་རྡོ་རྗེ་སྙིང་པོ་དང་། ཟླ་བ་བཟང་པོ་སོགས་ལ་ཀྱེ་རྡོར་དང་དུས་འཁོར་ལ་སོགས་པ་རྒྱུད་སྡེ་སོ་

སོའི་དཀྱིལ་འཁོར་གྱི་གཙོ་བོའི་སྐུར་བཞེངས་ནས་གསུངས་པ་མ་ཟད། སོ་སོའི་སྐྱེ་བོ་འདུ་ཤེས་ཆུང་ངུས་བསམ་པའི་ཡུལ་ལས་འདས་པའི་དེ་བཞིན་གཤེགས་ པའི་ཕྲིན་ལས་ནི་ཁམས་དབང་ཐ་དད་པའི་སེམས་ཅན་རྣམས་ཀྱི་མོས་པའི་རྗེས་སུ་ཆགས་ཐོགས་བྲལ་བའི་མཁྱེན་པའི་ཡེ་ཤེས་ཀྱི་ཆོས་ཉིད་ཀུན་ཏུ་འགྲོ་བའི་ཕྱིར་དགོངས་པ་ལུང་བསྟན་པའི་ མདོ་ལས། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་སུ་འབྱུང་བར་འགྱུར། །ཞེས་མཆོག་ཏུ་ཟབ་པའི་འབྲས་བུའི་ ཐེག་པ་གཞན་འབྱུང་བའང་ལུང་བསྟན། སྐྱེ་རྒུ་མཐའ་དག་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ལ་བཀོད་ནས་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་ཤེས་རབ་ཅན་གྱི་ མཆོག་ཤཱ་རིའི་བུ་དང་། རྫུ་འཕྲུལ་ཅན་གྱི་མཆོག་མོའུ་གལ་གྱི་བུ། སུ་སྐྱེ་རྒུའི་བདག་མོ་ལ་སོགས་པ་དགྲ་བཅོམ་པ་ཁྲི་ཕྲག་མང་པོ་བུད་ཤིང་ཟད་པའི་མེ་ལྟར་མྱ་ངན་ལས་འདས་པའི་རྗེས་སུ་ གྲོང་ཁྱེར་རྩྭ་ཅན་དུ་ཤིང་སཱ་ལ་ཟུང་གཅིག་གི་སར་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ལས་ཇི་སྐད་དུ། དུས་དང་འདུས་པ་གནས་དང་ནི། །གསོལ་འདེབས་དངོས་པོ་སྦྱིན་

བདག་དང་། །དགོས་པ་བསལ་བྱ་སྡུད་གཙོ་སྟེ། །རྣམ་པ་དགུར་ནི་མཁས་རྣམས་བཞེད། །ཅེས་གསུངས་པ་ལྟར་སྟོན་པ་མྱ་ངན་ལས་འདས་ནས་ལྷ་རྣམས་ཀྱིས་འཕྱ་བ་བསལ་བ་དང་། ཡངས་པ་ཅན་པའི་དགེ་སློང་རྣམས་ཀྱི་རུང་བ་མ་ཡིན་པའི་གཞི་བཅུ་བསལ་བ། དགེ་སློང་ལྷ་ཆེན་པོའི་གཞི་ལྔ་སུན་ཕྱུང་ཞིང་གྱེས་པ་བཅོ་བརྒྱད་པོ་བཀའ་རུ་བསྒྲུབ་པ་སོགས་ཀྱི་སླད་དུ་ཉེ་བར་ འཁོར་དང་། ཀུན་དགའ་བོ། འོད་སྲུང་ཆེན་པོ། དགྲ་བཅོམ་པ་གྲགས་པ། བ་སུ་མི་ཏྲ་ལ་སོགས་པ་སྟོན་པའི་གསུང་ལས་སྐྱེས་པའི་སྲས་ཀྱི་མཆོག་རབ་མང་པོས་བཀའ་བསྡུ་རིམ་པ་ གསུམ་དུ་བྱས། དེ་དག་ལས་ཆེན་པོ་བདུན་ལྡན་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ཀྱང་ལྷ་དང་ཀླུ་ལ་སོགས་པའི་གནས་ཐ་དད་པ་རྣམས་ནས་བྱང་སེམས་མཆེད་གཉིས་ཀྱིས་གཙོས་པའི་རྒྱལ་ སྲས་སེམས་དཔའ་རྣམས་ཀྱིས་བསྡུས་ཤིང་། དེ་བཞིན་དུ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྣམས་ཀྱང་དཔལ་ཕྱག་ན་རྡོ་རྗེ་དང་། དེ་ཡི་རྣམ་པར་འཕྲུལ་པ་རྒྱུད་སྡེ་ཞུ་བ་པོ་སོ་སོས་ཡུལ་ དུས་ཐ་དད་པ་རྣམས་སུ་བསྡུས་པར་གྲགས་སོ། །དེ་ལས་ཐེག་དམན་གྱི་བསྟན་པ་ནི་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ་རྣམས་ཀྱི་མཆོག་འོད་སྲུང་ཆེན་པོས་གཙོས་པའི་ཀུན་དགའ་

བོ་དང་། ཤ་ནའི་གོས་ཅན། ཉེར་སྦས། འཕགས་པ་དྷི་དྷི་ཀ ནག་པོ། ལེགས་མཐོང་སྟེ་བསྟན་པའི་གཏད་རབས་བདུན་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་ པ་རྣམས་ཟབ་མོ་ལྟ་བའི་རྒྱན་དུ་གྱུར་པ་ཀླུ་སྒྲུབ་དང་ཨཱརྱ་དེ་ཝ། རྒྱ་ཆེན་སྤྱོད་པའི་རྒྱན་དུ་གྱུར་པ་ཐོགས་མེད་དང་དབྱིག་གཉེན། འདུལ་བའི་རྒྱན་དུ་གྱུར་པ་ཡོན་ཏན་འོད་དང་ཤཱཀྱ་འོད། ཚད་མའི་རྒྱན་དུ་གྱུར་པ་ཕྱོགས་གླང་དང་ཆོས་གྲགས་ཏེ་ཀླུ་ཐོགས་གཉིས་ལ་མཆོག་གཉིས་སུ་བརྩི་བའི་ཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་། གཞན་ཡང་ཆེན་པོ་བཞི་དང་། རྨད་བྱུང་གི་སློབ་དཔོན་རྣམ་གཉིས་སོགས་རྒྱལ་བའི་གསུང་རབ་སྡེ་སྣོད་གསུམ་གྱི་དོན་ལ་མངའ་དབང་འབྱོར་པའི་སློབ་དཔོན་མང་དུ་བྱོན་ནས་གསལ་བར་མཛད། རྒྱལ་པོ་བ་སུ་ཀལྤ་དང་། ཀུ་ཀུ་རི་པ། ལ་ལི་ཏ་བཛྲ། གྲུབ་ཆེན་ཏེ་ལོ་པ་སོགས་མཆོག་གཟིགས་རྣམས་ཀྱིས་ཨོ་རྒྱན་མཁའ་འགྲོའི་གླིང་གི་ཧེ་རུ་ཀའི་རང་བྱུང་ལྷ་ཁང་གི་དཀོར་མཛོད་ནས་རྒྱུད་ཀྱི་གླེགས་བམ་རྣམས་ སྤྱན་དྲངས་ཤིང་། པཎ་ཆེན་ན་རོ་པ་སོགས་རྡོ་རྗེ་གདན་པ་ཆེན་པོའི་ཚོགས་ཀྱི་འཁོར་ལོའི་འདུ་བར་བྱོན་པའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིས་གཙོས་པའི་གྲུབ་པའི་དབང་ཕྱུག་བསམ་གྱིས་མི་ཁྱབ་

པ་སྔ་ཕྱིར་བྱོན་པ་རྣམས་ཀྱིས་འབྲས་བུ་སྔགས་ཀྱི་ཐེག་པའི་བསྟན་པ་གསལ་བར་མཛད་པ་ཡིན་ལ། དེ་ལས་སྟོན་པའི་རྣམ་འཕྲུལ་རིགས་གསུམ་སེམས་དཔས་ལྷ་ཀླུ་གནོད་སྦྱིན་གསུམ་གྱི་ གདུལ་བྱ་ལ་ལྟ་བ་དང་། སྒྲུབ་པ་དང་། སྤྱོད་པའི་ཕྱོགས་ཀྱི་གསང་སྔགས་ཀྱི་ཆོས་ཟབ་ཅིང་རྒྱ་ཆེ་བ་མཐའ་དག་བསྟན་ནས་སྨིན་པར་མཛད་པ་ལས་ཇི་སྐད་དུ་མདོ་ལས། ང་ནི་འདི་ནས་མི་ སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །ཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ ཅན་ཏེ། །རྒྱལ་པོ་ཛཿ ཞེས་བྱ་བ་ལ། །སྔོན་དུ་ལྟས་སྣང་སྣང་གྱུར་པ། །དྲག་ཤུལ་ཅན་ཞེས་བྱ་བའི་རྩེར། །གྲོགས་ཀྱི་སེམས་དཔའ་དམན་པའི་ལུས། །ལང་ཀའི་བདག་པོ་ལ་སོགས་པར། ། ལག་ན་རྡོ་རྗེས་སྣང་བར་འགྱུར། །ཞེས་ལུང་བསྟན་པ་བཞིན་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་དམ་པའི་རིགས་ཅན་དྲྭ་མ་ལྔ་པོས་ནང་དུ་ཡང་དག་འཇོག་ལས་ལང་སྟེ་རི་བོ་ མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར་རང་རང་གི་རྫུ་འཕྲུལ་གྱིས་འདུས་ནས་གདུང་ཚིག་ཉི་ཤུ་རྩ་གསུམ་སྟོན་པས་གསང་བའི་བདག་པོས་ཞལ་དངོས་སུ་བསྟན་ནས། སྔོན་ལྷ་གནས་གསུམ་

དུ་གྲགས་པའི་སྤྱི་མདོ་དགོངས་པ་འདུས་པ་སོགས་བསྟན། སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་ཞུ་མས་བྲིས་ནས་དགོངས་པའི་ རྩལ་བདུན་གྱིས་ནམ་མཁའ་ལ་སྦས། དེའི་བྱིན་རླབས་ལས་ས་ཧོ་རའི་རྒྱལ་པོ་ཛཿ ལ་ངོ་མཚར་བའི་རྨི་ལྟས་རྣམ་པ་བདུན་རྨིས་པ་དང་མཐུན་པར་ཕོ་བྲང་གི་ཡང་སྟེང་དུ་གསང་སྔགས་ཀྱི་ པུསྟ་ཀའི་ཆར་བབས་ཤིང་། གསང་བའི་བདག་པོའི་སྐུ་ཁྲུ་གང་བ་ཞིག་ཀྱང་རྙེད་དེ། སྔོན་ཚེ་གོང་ནས་བསྒྲུབ་པ་ཡི། །ལས་ཀྱིས་མཇལ་བའི་ལྷ་མཆོག་ནི། །བསྐལ་པ་གཞར་ཡང་མི་ གཏོང་ངོ་། །ཞེས་ཐུགས་དམ་གྱི་རྟེན་དུ་བཟུང་ནས་བསྒྲུབས་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་རྟོགས། བཛྲ་སཏྭའི་ཞལ་གཟིགས་ཤིང་བྱིན་རླབས་ཡེ་ཤེས་ཀྱི་དབང་ཆེན་ཆིག་ རྫོགས་སུ་བསྐུར། ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་ཕྱེས་ནས་ཀུ་ཀུ་རཱ་ཛ་ལ་བསྟན་ཏེ་སྲས་མོ་གོ་མ་དེ་ཝིའི་བར་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་འཁོར་ཚོམ་བུ་འབུམ་དང་བཅས་པ་ཟུང་ འཇུག་གི་ས་ལ་གཤེགས། དེ་ལས་རིམ་བཞིན་སློབ་དཔོན་སྒེག་པའི་རྡོ་རྗེ། སངས་རྒྱས་གསང་བ། བི་མ་ལ་མི་ཏྲ་སོགས་ལས་དར་བ་ཡིན་ལ། དེ་དག་ཐམས་ཅད་ལས་ཇི་སྐད་དུ།

ཉོན་མོངས་རྒྱུད་དྲག་ནུས་མཐུ་ཞན། །ལས་ཀྱིས་ཚེ་ཐུང་བཀའ་དོན་སྟོར། །བསྟན་རྙིང་གྲུབ་མཐའ་ངན་པས་བསྒྱུར། །གཉེན་པོས་མི་ནོན་བསྒྲུབ་ཚུལ་ཞན། །དེ་ཚེ་རིག་པའི་རྣམ་རྟོག་ཤར། ། ཅེས་ཐུན་མོང་མ་ཡིན་པའི་གསང་ཆེན་གྱི་བསྟན་པ་འབྱུང་བའི་དུས་དྲུག་ལ་བབས་པ་གང་གི་ཚེ་ན་རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་གྱི་རྒྱལ་པོ་དྷརྨ་ཨ་ཤོ་ཀའི་སྲས་མོ་པྲ་ཧ་རི་ཎིའི་སྲས་ཀྱི་སྐལ་པར་ མི་ལས་འདས་པའི་སྐྱེས་མཆོག་དགའ་རབ་རྡོ་རྗེ་བྱོན། རྡོ་རྗེ་སེམས་དཔའི་ཞལ་བསྟན་ནས་རྫོགས་པ་ཆེན་པོ་ཤློ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་གདོད་ནས་ཐུགས་ལ་མཆིས་པ་རྣམས་ཀྱི་བསྟན་ པའི་བདག་པོར་མངའ་གསོལ། སློབ་དཔོན་གྱིས་ཚིག་རྒྱུད་རྣམས་ཡི་གེར་བྱིན་གྱིས་བརླབས། འཇམ་དཔལ་བཤེས་གཉེན་རྗེས་སུ་བཟུང་། དེ་ལས་རིམ་བཞིན་ཤྲཱི་སིདྷ། ཛྙཱ་ན་སུ་ཏྲ། བི་མ་ལ་སོགས་འདས་རྗེས་ཐོབ་པའི་རིག་འཛིན་རྣམ་བཞི་སོ་སོར་རིམ་བཞིན་ཆིག་བརྒྱུད་དུ་བཀའ་བབས་པའོ། །དེ་ཡང་སྤྱིར་མ་ཧཱ་ཡོ་ག་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས། སྒྲུབ་སྡེ་ལ་བཀའ་ གཏེར་གཉིས། ཨ་ནུ་ཡོ་ག་ལ་མདོ་དང་ལུང་གཉིས། ཨ་ཏི་ཡོ་ག་ལ་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཕྱེ་བ་སོགས་རྩ་བ་དང་ཡན་ལག་གི་ཆོས་སྡེ་བསམ་གྱིས་མི་ཁྱབ་པ་བཞུགས་པ་

རྣམས་ཀྱི་རྒྱུན་མཉྫུ་ཤྲཱི། ནཱ་གརྫུ་ན། ཧཱུཾ་ཀ་ར། བི་མ་ལ། པྲ་བྷ་ཧསྟི། དྷ་ན་སཾསྐྲྀ་ཏ། རོམྦུ་གུཧྱ། ཤཱིནྟཾ་གརྦྷ་ལ་སོགས་དངོས་གྲུབ་རྣམ་པ་གཉིས་ལ་དབང་ འབྱོར་བའི་རིག་པ་འཛིན་པ་རྣམས་ཀྱིས་བལྟར་མངོན་པ་དང་། མི་མངོན་པའི་སྒོ་སྣ་ཚོགས་ནས་གསལ་བར་མཛད་པ་ཡིན་ལ། དེ་ལྟར་བསྟན་པ་རིན་པོ་ཆེ་དེ་ཉིད་འཕགས་པའི་ཡུལ་ལས་ བརྩམས་ཏེ་རྒྱ་ནག་ལི་ཡུལ་ལ་སོགས་ཡུལ་འཁོར་ཆེན་པོ་དྲུག་གིས་གཙོས་པའི་ཛམ་བུའི་གླིང་གི་ས་གནས་ཁོལ་བུ་ཁོལ་བུར་དར་བ་ལས་དཔལ་གྱི་མགུར་ནས་བསྟན་པ་བྱང་ནས་བྱང་དུ་དར་ བའི་ལུང་ཇི་སྐད་བསྟན་པ་བཞིན་དང་། ཇོ་བོས་བོད་དུ་བསྟན་པ་དར་བ་འདྲ་སྔར་རྒྱ་གར་དུའང་མ་བྱུང་བ་འདྲ་ཞེས་བོད་ཀྱི་རྒྱལ་པོ་ལ་རྗེས་སུ་ཡི་རང་གིས་བསྔགས་པའི་མེ་ཏོག་འཐོར་བ་ བཞིན་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་བོད་ཀྱི་ཡུལ་དུ་དར་བ་སྟེ། དེ་ཡང་གཉའ་ཁྲི་བཙན་པོས་ཐོག་དྲངས་པའི་བོད་ཀྱི་རྒྱལ་པོ་ལ་གནམ་གྱི་ཁྲི་བདུན། སྟོད་ཀྱི་སྟེང་གཉིས། བར་གྱི་ལེགས་དྲུག ས་ལ་ལྡེ་བརྒྱད། འོག་གི་བཙན་ལྔ་སོགས་རྒྱལ་རབས་མང་ཞིག་བྱོན་པ་ལས། ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་ཕོ་བྲང་ཡུམ་བུ་བླ་སྒང་གི་སྟེང་དུ་ཟ་མ་ཏོག་བཀོད་

པའི་མདོ་དང་། སྤང་ཀོང་ཕྱག་རྒྱ་པ། གསེར་གྱི་མཆོད་རྟེན། ཙིཏྟ་མ་ཎིའི་གཟུངས་དང་བཅས་པའི་རིན་པོ་ཆེའི་སྒྲོམ་བུ་བབས། རྒྱལ་པོའི་རྨི་ལམ་ན་དེ་དག་གི་དོན་མི་རབས་ལྔ་ན་ཤེས་ པའི་ལུང་བསྟན་ཐོབ། མཚན་གསང་བ་གཉན་པོར་བཏགས་ནས་མཆོད་པ་སོགས་བྱས་ཏེ་དམ་པ་ཆོས་ཀྱི་དབུ་བརྙེས། དེ་ནས་རྒྱལ་རབས་ལྔ་ན་འཕགས་པ་འཇིག་རྟེན་དབང་ཕྱུག་མིའི་རྗེ་ བོའི་ཚུལ་བཟུང་བ་སྲོང་བཙན་སྒམ་པོ་བྱོན། དགུང་ལོ་བཅུ་གསུམ་ན་རྒྱལ་ས་བཟུང་། མཐའ་ཡི་རྒྱལ་ཕྲན་ཐམས་ཅད་དབང་དུ་བསྡུས། ཆོས་བློན་མགར་ལ་བཀའ་བསྒོས་ཏེ་བལ་པོའི་རྒྱལ་ པོ་འོད་ཟེར་གོ་ཆའི་སྲས་མོ་ཁྲི་བཙུན་དང་། རྒྱ་ནག་གོང་མ་ཐང་ཐེ་ཙུང་གི་སྲས་མོ་ཀོང་ཇོའམ་མཚོ་ནང་པདམ་གཉིས་ཁབ་ཏུ་བསུས། སྟོན་པའི་ཞལ་སྐྱིན་ཛོ་ཤྭ་ཀ་རྣམ་གཉིས་སོགས་སྐུ་རྟེན་ བྱིན་རླབས་ཅན་མང་པོ་སྤྱན་དྲངས། ཐོན་མི་ཨ་ནུའི་བུ་སམྦྷོ་ཊ་རྒྱ་གར་ལ་ཡི་གེ་སློབ་ཏུ་བརྫངས་ནས་བོད་ཀྱི་སྐད་དང་བསྟུན་པའི་དབྱངས་གསལ་ལ་འཕྲི་བསྣན་བྱས་ཏེ་ཡི་གེའི་སྲོལ་ཕྱེས། ར་ས་འཕྲུལ་སྣང་གིས་གཙོས་པའི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་མང་དུ་བཞེངས། རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་། རྒྱ་ནག་གི་སློབ་དཔོན་མཧཱ་དེ་བ་ཚོ་སོགས་སྤྱན་

དྲངས་ནས་མདོ་སྡེ་ཟ་མ་ཏོག་བཀོད་པ་སོགས་བསྒྱུར། ཤེས་རབ་བརྒྱ་པ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། ། ལྷ་དང་མི་ཡི་ཐེམ་སྐས་ལ། །འཇོག་ན་ཐར་པ་གམ་ན་ཡོད། །ཅེས་གསུངས་པ་ལྟར་ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅས་པ་སོགས་བྱས་ཏེ་བསྟན་པའི་ སྲོལ་གཏོད་པ་སྟེ། མདོར་ན་མཁས་མཆོག་དགེ་འདུན་ཆོས་འཕེལ་གྱིས། ཚེ་གཅིག་ཡུན་ལ་ཕན་པའི་མི་ཆོས་དང་། །དོན་གཉིས་འབྲས་བུ་སྩོལ་བའི་ལྷ་ཆོས་ཏེ། །དུས་གསུམ་ཀུན་ཏུ་བདེ་ དགེའི་དཔལ་སྦྱིན་པའི། །སྡེ་བཞིའི་ནོར་གྱིས་བོད་ཁམས་ཕྱུག་པར་མཛད། །ཅེས་བསྔགས་པ་བཞིན་མཛད་དོ། །དེ་ལས་རྒྱལ་རབས་ལྔ་ན་རྗེ་བཙུན་བརྟན་པའི་འཁོར་ལོ་ཆོས་ཀྱི་རྒྱལ་པོའི་ ཟོལ་དུ་བྱོན་པ་ཁྲི་སྲོང་ལྡེའུ་བཙན་འཁྲུངས། འདིས་ཀྱང་སྲོང་བཙན་བཞིན་དགུང་ལོ་བཅུ་གསུམ་ཐོག་རྒྱལ་སྲིད་བཟུང་། དགུང་ལོ་ཉི་ཤུར་ཕེབས་པ་ན་རང་གི་ཡབ་མེས་གོང་མའི་ཡིག་ཚང་ གཟིགས་པས་དམ་པའི་ཆོས་ཀྱི་བསྟན་པ་དར་རྒྱས་སུ་མཛད་པའི་ཐུགས་བསམ་བསྐྱེད་དེ་ཟ་ཧོར་ནས་སྡོམ་བརྩོན་ངུར་སྨྲིག་འཛིན་པའི་རྒྱལ་པོ་མཁན་ཆེན་བྷོ་དྷི་སཏྭ་སྤྱན་དྲངས། དགེ་བ་བཅུ་

དང་། ཁམས་བཅོ་བརྒྱད་ཀྱི་ཆོས་བསྟན་དུ་གཞུག་པས་ནག་པོའི་ཕྱོགས་ལ་དགའ་བའི་བོད་ཀྱི་ལྷ་འདྲེ་རྣམས་ཁྲོས་ཏེ་ཐོ་བཙམས་པའི་ཆོ་འཕྲུལ་དུ་མ་བསྟན་པ་ན་ཇི་སྐད་དུ་དབུས་འགྱུར་ཚལ་ གྱི་མདོ་ལས། ང་འདས་ལོ་ནི་བཞི་གཉིས་ན། །དྷ་ན་ཀོ་ཤའི་མཚོ་གླིང་དུ། །པདྨ་འབྱུང་གནས་ཞེས་བྱ་བ། །གསང་སྔགས་བསྟན་པའི་བདག་པོ་འབྱུང་། །ཞེས་རྒྱལ་བས་ལུང་གིས་ བསྔགས་པའི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་གདན་འདྲེན་དགོས་ཚུལ་མཁན་པོས་ལུང་གིས་བསྐུལ་བ་བཞིན་སྣ་སྣམ་རྡོ་རྗེ་བདུད་འཇོམས་ལ་སོགས་གསེར་གྱི་ཕྱག་རྟེན་དང་བཅས་པའི་ཕོ་ཉ་སྔ་ ཕྱིར་བརྫངས་ནས་སྤྱན་དྲངས། སློབ་དཔོན་ཆེན་པོས་བོད་ཀྱི་ཡུལ་ལྗོངས་མ་ལུས་པ་རྫུ་འཕྲུལ་གྱི་བཀོད་པས་ཞབས་ཀྱིས་བཅགས་ནས་ལྷ་འདྲེ་ཐམས་ཅད་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་ བཅུག་སྟེ་བཀའ་འབངས་བགྱིད་པར་རྩིས་ལ་ཕབས། མཆོད་ཡོན་བཀའ་བགྲོས་ཏེ་རྒྱལ་པོའི་ཐུགས་དམ་གྱི་རྟེན་དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཕྱི་ནང་ རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་འབྱོངས་པར་མཛད་དེ་བཀྲ་ཤིས་པའི་རྟགས་མཚན་བཅུ་གསུམ་བོད་ཀྱི་སྐྱེ་རྒུའི་མངོན་སུམ་མིག་གི་བདུད་རྩིར་མངོན་པ་དང་བཅས་པའི་རབ་ཏུ་གནས་

པའི་མེ་ཏོག་འཐོར། བཻ་རོས་གཙོས་པའི་བོད་ཕྲུག་ཤེས་རབ་ཅན་མང་དུ་བསགས་ནས་ལོ་ཙཱ་བསླབས། ཡོད་སྨྲའི་དགེ་སློང་བཅུ་གཉིས་སོགས་གདན་དྲངས། དེ་ཡང་སློབ་དཔོན་ཆེན་པོ་ནི་རྣམ་དག་ཕུང་པོ་ལྔ་ཡི་ཚུལ་ཁྲིམས་ཀྱི་དྲི་བསུང་འཐུལ་བ་རྫོགས་པའི་སངས་རྒྱས་དང་ཞལ་མི་གཉིས་པས་རབ་ཏུ་བྱུང་བའི་མཁན་པོར་རྔོ་མ་ཐོགས་པ་མིན་ཡང་། ཕྱིས་འབྱུང་གདུལ་བྱ་སོ་སོའི་སྐྱེ་བོ་རྣམས་ཀྱིས་འཕགས་པའི་གང་ཟག་ལ་ཁུངས་བཅོལ་ནས་གནང་བཀག་འབྱོལ་ཉོག་ཏུ་མི་སྤྱོད་པ་སོགས་བསྟན་པའི་མིག་ལྟོས་ལ་ཕན་པའི་སླད་དུ་མཁན་ཆེན་ ཞི་བ་འཚོ་ལ་མཁན་པོའི་བདག་རྐྱེན་མཛད་དུ་གསོལ་ནས་རྦ་གསལ་སྣང་ལ་སོགས་སད་མི་མི་བདུན་གྱིས་གཙོས་པའི་ངེས་པ་ལྔ་དང་བྲལ་ཞིང་འགལ་རྐྱེན་བར་ཆད་ཀྱི་ཆོས་བཞི་དང་མི་ལྡན་ པའི་གསར་བུ་བ་མང་པོ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། བི་མ་ལ་མི་ཏྲས་གཙོས་པའི་རྒྱ་གར་གྱི་པཎ་ཆེན་གཞན་ཡང་སྤྱན་དྲངས། ཁྱད་པར་བཻ་རོས་དཀའ་ཆེན་ལྔ་བཅུ་རྩ་བདུན་དང་། དཀའ་ཕྲན་གྲངས་ཀྱིས་མི་ལང་བས་ཤྲཱི་སིངྷ་ལ་སོགས་འཕགས་ཡུལ་གྱི་པཎ་གྲུབ་རྣམས་ཀྱི་ཞབས་ལ་བཏུད་ནས་རྫོགས་ཆེན་གཙོ་བོར་གྱུར་པའི་ཐུན་མོང་ཐུན་མིན་གྱི་ཟབ་དང་རྒྱ་ཆེའི་ཆོས་

ཚུལ་མཐའ་དག་གསན་ཏེ་བོད་དུ་ཕྱིར་ཕེབས་ཤིང་། སློབ་དཔོན་ཆེན་པོ་དང་། མཁན་པོ། བི་མ་མི་ཏྲ། བཻ་རོ་སྐ་ཅོག་ལ་སོགས་སྤྲུལ་པའི་ལོ་པཎ་མང་པོ་ཞལ་འཛོམ་སྟེ་སྡེ་སྣོད་གསུམ་དང་། སྔགས་ཕྱི་ནང་། དགོངས་འགྲེལ་བསྟན་བཅོས་སོགས་མདོར་ན་ཐེག་པ་རིམ་པ་དགུ་ཡི་ཆོས་ཚུལ་མཐའ་དག་ཆེ་བ་རྣམ་པ་དྲུག་གི་དངོས་པོ་ཕུན་སུམ་ཚོགས་པའི་སྒོ་ནས་བསྒྱུར་ཞིང་གཏན་ལ་ཕབ། རྒྱུ་མཚན་ཉིད་ཐེག་པའི་བཤད་གྲྭ་དང་། འབྲས་བུ་སྔགས་ཀྱི་ཐེག་པའི་སྒོམ་གྲྭ། དབུ་ཟླུམ་མདོ་དང་། གོས་དཀར་ལྕང་ལོའི་སྡེ་སྟེ་བླ་མཆོད་དགེ་འདུན་སྡེ་གཉིས་དང་བཅས་པ་བཙུགས། ཁྱད་པར་རིག་འཛིན་ཆེན་པོ་པདྨ་སམྦྷ་ཝ་དང་། བི་མ་ལ། སངས་རྒྱས་གསང་བ། བཻ་རོ་ལ་སོགས་པའི་བཀའ་དྲིན་ལས་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་དེ་བསྟན་པའི་བབ་སོ་ཆེན་པོ་གསུམ་གྱི་བྱིན་རླབས་ལས་བྱུང་བའི་མདོ་སྒྱུ་སེམས་གསུམ་གྱི་དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊིཀ་སྟོང་ཐུན་དང་བཅས་པ། སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནད་ཡིག་དམར་ཁྲིད་དང་བཅས་པ། བྱིན་རླབས་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་

བཅས་པ་སྟེ་བཀའ་བབ་ཆུ་བོ་རྣམ་བཞིའི་རྒྱུན་གཉགས་ཆེན་ཡེ་ཤེས་གཞོན་ནུ་དང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་སོགས་ལས་ཟུར་པ་མེས་དབོན་རྣམ་ གསུམ་སོགས་ལ་བརྒྱུད་པའི་རྒྱུན་ཕྱི་མའི་མཐར་ཡང་མི་ནུབ་པའི་བསྟན་པའི་རྒྱལ་མཚན་བཙུགས། སློབ་དཔོན་ཆེན་པོས་ཉིད་ཀྱི་ཐུགས་ཀྱི་གཟུངས་མ་མཆོག་ལྔའི་ཡ་གྱལ་མཚོ་བྱུང་ལྷ་མོ་མི་ མོའི་གཟུགས་སུ་བྱོན་པ་མཁར་ཆེན་བཟའ་ཡེ་ཤེས་མཚོ་རྒྱལ་ལ་བཀའ་ཡི་བསྡུ་བ་པོར་དགོངས་ཏེ་རྒྱུད་ལུང་མན་ངག་ཅི་རིགས་པའི་གདམས་པ་དམིགས་སུ་བསྩལ། ལས་ཅན་སྙིང་གི་བུ་ དགུ་དང་། རྗེ་འབངས་ཉེར་ལྔ། ལྷ་སྲས་མུ་ཁྲི་བཙན་པོ་ལ་སོགས་པར་འཕགས་ཡུལ་རིག་འཛིན་བརྒྱད་ཀྱི་ཐུགས་བཅུད་སྒྲུབ་པ་བཀའ་བརྒྱད་དང་། བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལ་ སོགས་པའི་དཀྱིལ་འཁོར་གཉན་པོ་ཞལ་ཕྱེས་ནས་སྨིན་པར་མཛད། འབྱུང་འགྱུར་གནས་ཀྱིས་གང་ཟག་བྱིན་གྱིས་བརློབ་པའི་སླད་དུ་ལུང་ལྔ། ལྗོངས་གསུམ། གླིང་གཅིག གངས་བྲག་ ཉི་ཤུ། སྒྲུབ་གནས་ཉེར་གཅིག གནས་ཆེན་ཉེར་ལྔ་ལ་སོགས་པར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། ས་མཚོ་བྲག་ཤིང་ལ་སོགས་ཐུན་མོང་དུ་ཟབ་པའི་གཏེར་གནས་ལྔ་དང་།

ཕྱོགས་བཞི་དབུས་ལྔ་ལ་སོགས་ཁྱད་པར་ཅན་གྱི་གཏེར་གནས་རྣམས་སུ་བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་ཁྱད་པར་གྱི་བརྒྱུད་པ་གསུམ་གྱིས་ འཕགས་པའི་བཀའ་དགོངས་ཕུར་གསུམ་གཙོ་བོར་གྱུར་པའི་ཆོས་ནོར་དམ་རྫས་ཀྱི་གཏེར་ཁ་བསམ་གྱིས་མི་ཁྱབ་པ་སྦས། དེ་དག་འདོན་པ་པོའི་གང་ཟག གཏེར་སློབ་ཆོས་བདག་འདོན་པའི་དུས་ལ་སོགས་པ་ལུང་བསྟན་ནས་བསྟན་ཞབས་གཏེར་གྱིས་སྐྱོང་བའི་བཀའ་རྟགས་ཀྱི་ཕྱག་རྒྱས་བཏབ་པ་སོགས་མདོར་ན་ཕྱིས་མཐའི་མཐར་ཡང་རྒྱལ་བའི་བསྟན་པ་ལ་སྤྱོད་དུ་ཡོད་པ་མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་ཉག་གཅིག་ཏུ་འཁུམ་པས་དེའི་ཕྱིར་ངེས་པ་དོན་གྱི་མཁས་གྲུབ་ཀྱི་དབང་པོ་མཁྱེན་བརྩེའི་ལྷས། འདུལ་འཛིན་བསྟན་པའི་ཆུ་མགོ་ཞི་བ་འཚོ། །སངས་རྒྱས་གཉིས་པར་རྩོད་མེད་ཨོ་རྒྱན་རྗེ། །རྒྱལ་བསྟན་མགྲོན་པོར་འབོད་པ་ལྷའི་མེ་ཏོག །བསྟན་པ་རྒྱ་མཚོའི་རྩ་ལག་གསུམ་ལ་འདུད། །ཅེས་བསྔགས་སོ། །དེ་ལས་ཆོས་རྒྱལ་ཁྲི་སྲོང་ལ་མུ་ནེ་བཙད་པོ་དང་། མུ་རུབ་བཙད་པོ། མུ་ཏིག་བཙན་པོ་སྟེ་རིགས་དང་ཆོས་ཀྱི་ཡོན་ཏན་གྱིས་མ་སྨད་པའི་སྲས་འཁྲུངས་པ་རྣམས་ཀྱིས་ཆབ་སྲིད་བསྐྱངས་པའི་རིང་ལའང་ཡབ་མེས་ཀྱི་

བསྟན་པ་ལ་བཀུར་བསྟི་ཁམ་ཆེ་བ་མཛད། མུ་ཏིག་བཙན་པོ་ལ་སྲས་ལྔ་ཙམ་བྱོན་པའི་ནང་ནས་གསང་འཛིན་ལག་ན་རྡོ་རྗེའི་རྣམ་པར་འཕྲུལ་པ་ཁྲི་རལ་གྱིས་འོན་ ཅང་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་གིས་གཙོས་པའི་ལྷ་ཁང་སྟོང་རྩ་བཞེངས། རབ་ཏུ་བྱུང་བ་རེ་རེར་མཐུན་པའི་ཆ་རྐྱེན་དུ་མི་ཁྱིམ་བདུན་རེ་སྦྱར་བ་དང་། ཡབ་མེས་ཀྱི་དུས་སུ་ བསྒྱུར་བའི་གསུང་རབ་རྣམས་གོ་སླ་བའི་ཆེད་དུ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་སོགས་མཛད་ནས་བསྟན་པ་བླ་ལྷག་ཏུ་བསྐྱངས་པས་སྲོང་བཙན་དང་། ཁྲི་སྲོང་། ཁྲི་རལ་གསུམ་ལ་ ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་ངོ་མཚར་དང་བཀའ་དྲིན་གྱི་མཆོག་ཏུ་བརྩི་ཞིང་། དེ་གསུམ་གྱིས་གངས་ཅན་གྱི་འཛིན་མའི་ཁྱོན་ཀུན་རྒྱལ་བའི་བསྟན་པ་དཀར་འབྱམས་ཡུག་གཅིག་ གིས་ཁྱབ་པར་མཛད་དོ། །དེ་ལ་ཇི་སྐད་དུ། སྐྱེས་རབས་ལས། གང་ཚེ་ཐར་པའི་ལམ་མཆོག་གསལ་གྱུར་པ། །དེ་ཚེ་བདུད་རྣམས་ཟུག་རྔུ་ལྡང་གྱུར་ཏེ། །རིན་ཆེན་རིན་ཐང་མེད་པ་རྙེད་ གྱུར་པ། །དེ་ལ་དགྲ་བྱེད་མང་སྟེ་ཆོས་ཉིད་ཡིན། །ཞེས་གསུངས་པ་ལྟར། རེ་ཞིག་ནས་སྡིག་ལ་དགའ་བའི་བློན་པོ་རྣམས་མ་དགའ་ནས་ཆོས་ཁྲིམས་བཤིག་པའི་གྲོས་ངན་བཤམས།

མངའ་བདག་ཁྲི་རལ་བཀྲོངས་ཏེ་གླང་དར་འུ་དུམ་བཙན་པོ་ལ་རྒྱལ་སྲིད་གཏད། ལྷ་སྲས་གཙང་མ་མཐའ་ལ་སྤྱུགས། རབ་བྱུང་རྣམས་ཕབ་ནས་མདའ་གཞུ་བསྐྱར་ཏེ་རྔོན་ལ་བསྒོས། རྨ་རིན་ཆེན་མཆོག་ལ་སོགས་པ་ལོ་ཙཱ་མང་པོ་གྲིར་བཀུམ་སྟེ་ཆོས་བསྒྱུར་འཕྲོ་བཅད་པ་ལ་སོགས་མི་འཚམས་པ་དུ་མ་བྱས་ནས་ཆབ་སྲིད་ལོ་ངོ་བཞི་ཙམ་བསྐྱངས། དེའི་རིང་རང་གི་ཁྱིམ་ དང་དབེན་པའི་རི་སུལ་རྣམས་སུ་སྦས་པའི་ངང་ཚུལ་གྱིས་རིམ་གཉིས་བཤད་སྒྲུབ་ཟབ་མོའི་བཞེད་རྒྱུན་བསྐྱངས་ཤིང་གནས་པའི་སྔགས་པ་ཁྱིམ་པའི་རྟེན་ཅན་རྣམས་ལ་མཐོང་ཆུང་རྟོག་མེད་དུ་ ལུས་པའི་སྟེས་དབང་བཟང་པོས་སྔ་འགྱུར་བཀའ་བབ་ཀྱི་བཤད་རྒྱུན་རྣམས་མ་ནུབ། ལྷ་ལུང་དཔལ་གྱི་རྡོ་རྗེས་ལྷ་མོའི་ལུང་བཞིན་གླང་དར་བསྒྲལ། སྨྲར་གཡོ་གཙང་གསུམ་ཆུ་བོ་རིར་ བསྒོམ་ཞིང་བཞུགས་པ་ནས་བཙུན་པ་ཁྱི་ར་བྱེད་པ་མཐོང་བ་ལ་རྒྱུ་མཚན་དྲིས་པ་ན་དེ་དག་ནས་ཚུལ་ཇི་ལྟར་གྱུར་པའི་ལོ་རྒྱུས་གསོང་པོར་སྨྲས་པས་དེ་གསུམ་འཇིགས་ནས་འདུལ་བ་དྲེའུ་ལ་ བཀལ་ཏེ་མངའ་རིས་ནས་གར་ལོག་བརྒྱུད་མདོ་སྨད་དུ་བྱོལ་བ་ལས་ཕྱིས་བླ་ཆེན་དགོངས་པ་རབ་གསལ་ལས་ཀླུ་མེས་སོགས་དབུས་གཙང་གི་མི་བཅུ་བརྒྱུད་དམ་ཆོས་འདུལ་བའི་བསྟན་པ་

རྒྱས་པར་མཛད་པའི་མཚོན་སླར་ཡང་བསྟན་པའི་མེ་རོ་སྨད་ནས་ལང་། གླང་དར་གྱི་སྲས་འོད་སྲུང་ལ་བཀྲ་ཤིས་བརྩེགས་པ་དཔལ་དང་། སྐྱིད་དེ་ཉི་མ་མགོན་ གཉིས་བྱུང་བའི་ཕྱི་མ་མངའ་རིས་སུ་སྤྱུགས་པ་ལས་སྲས་དཔལ་གྱི་མགོན། ལྡེ་གཙུག་མགོན། བཀྲ་ཤིས་མགོན་གསུམ་བྱུང་ནས་སྟོད་དུ་རྒྱལ་སྲིད་ཞྭ་ཙམ་ཆགས། སྨད་དུ་བཀྲ་ཤིས་ བརྩེགས་པས་བཞུགས་པ་ལ་དཔལ་ལྡེ། འོད་ལྡེ། སྐྱིད་ལྡེ་སྟེ་སྲས་ལྡེ་ཡི་མཚན་ཅན་གསུམ་བྱུང་ནས་དབུས་གཙང་གི་ཆབ་སྲིད་བསྐྱངས་པས་སྨད་དུ་རྒྱལ་སྲིད་ལྷྭམ་ཙམ་ཆགས། བཀྲ་ ཤིས་མགོན་ལ་སྲས་འོད་ཀྱི་རྒྱལ་མཚན་འཁྲུངས། དེ་ལ་སྲོང་ངེ་དང་། ཁོ་རེ་གཉིས་བྱུང་། སྲོང་ངེས་གུ་གེར་མཐོ་ལྡིང་གི་གཙུག་ལག་ཁང་བཞེངས། བོད་ཕྲུག་བློ་རབ་འབྲིང་ཐ་གསུམ་ དུ་ཕྱེ་བའི་ཉི་ཤུ་རྩ་གཅིག་ཁ་ཆེར་ཆོས་སློབ་ཏུ་བརྫངས། ཁོང་རང་ཡང་བསྙེན་པར་རྫོགས་ཏེ་མཚན་ཡེ་ཤེས་འོད་དུ་བཏགས། གཅུང་གི་སྲས་ལྷ་ལྡེ་ལ་སྲས་གསུམ་བྱུང་བའི་ནང་གི་ལྷ་བཙུན་ བྱང་ཆུབ་འོད་ལ་གཙིགས་སུ་མཛད། རྒྱ་གར་དུ་ཆོས་སློབ་པར་བརྫངས་པ་རྣམས་ལས་རིན་ཆེན་བཟང་པོ་དང་། ལེགས་པའི་ཤེས་རབ་གཉིས་མ་གཏོགས་གཞན་བཅུ་དགུ་པོ་རྣམས་ཁ་ཆེ་གྲིབ་

བསྟན་དུ་གྲོངས། རིན་ཆེན་བཟང་པོས་བི་ཀྲ་མ་ཤཱི་ལར་མར་མེ་མཛད་བཟང་པོས་གཙོས་པའི་པཎྜི་ཏ་མང་པོར་གཏུགས་ནས་རྒྱུད་སྡེ་བཞིའི་སྒྲོ་འདོགས་བཅད་དེ་བོད་དུ་ལོག་ནས་ཆོས་བསྒྱུར། ཕྱིས་པཎྜི་ཏ་དྷརྨ་པཱ་ལ་མངའ་རིས་སུ་ཕེབས་ནས་འདུལ་བའི་བཤད་རྒྱུན་སྤེལ་ཞིང་། གཞན་ཡང་པཱ་ལ་རྣམ་གསུམ་དུ་གྲགས་པ་ལས་ཞང་ཞུང་རྒྱལ་བའི་འབྱུང་གནས་སོགས་ལས་བརྒྱུད་པ་དང་། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་ལས་ས་པཎ་ལ་སོགས་དཔལ་གྱི་མཐའ་ཅན་གསུམ་སོགས་ལས་བརྒྱུད་པ་སྟོད་འདུལ་དུ་གྲགས་པའི་སྡོམ་རྒྱུན་ཤིན་ཏུ་མང་བར་འཕེལ། མདོར་ན་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད། ལོ་ཆེན་རིན་ཆེན་བཟང་པོ་སོགས་ཀྱིས་ངལ་བ་བརྒྱ་ཕྲག་གི་སྒོ་ནས་ཤར་ཕྱོགས་བངྒ་ལའི་པཎྜི་ཏ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་སྤྱན་དྲངས་ཏེ་མདོ་རྒྱུད་གསུང་རབ་མང་དུ་བསྒྱུར་ཞིང་འཆད་ཉན་གྱི་སྲོལ་བཙུག་པ་སོགས་བྱས་ཏེ་བསྟན་པའི་མེ་རོ་སྟོད་ནས་གསོས། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་ཇོ་བོ་དབུས་སུ་གདན་དྲངས་པ་ལས་འཁོར་ལོ་གསུམ་གྱི་མཛད་རྗེས་རྨད་དུ་བྱུང་བ་བསྐྱངས་པས་བསྟན་པའི་མེ་རོ་དབུས་ནས་འབར་ཞེས་གྲགས་སོ། །དེས་ན་བོད་དུ་བསྟན་པ་སྔ་དར་གྱི་དུས་སུ་བཻ་རོ་སྐ་ཅོག་རྨ་གཉགས་ལ་སོགས་པས་

མདོ་རྒྱུད་བཀའ་བསྟན་མང་པོ་བསྒྱུར་ནས་བཤད་སྒྲུབ་ཀྱི་བསྟན་པ་འཛིན་ཅིང་། དེའི་བཞེད་གཞུང་འཛིན་པ་རྣམས་ལ་སྔ་འགྱུར་རྙིང་མ་བ་དང་། ལོ་ཆེན་རིན་ ཆེན་བཟང་པོས་ཐོག་དྲངས་འབྲོག་འགོས་མར་པ་ལ་སོགས་པས་གསུང་རབ་རྒྱུད་སྡེ་རྣམས་བསྒྱུར་ཞིང་འཆད་ཉན་གྱི་བསྟན་པ་བསྐྱངས་པའི་བཞེད་གཞུང་འཛིན་པ་རྣམས་ལ་གསང་སྔགས་ གསར་མ་བ་ཞེས་གྲགས་ལ། དེ་ཡང་སྤྱིར་ཡུལ་དུས་གདུལ་བྱའི་ཁམས་དབང་དང་འཚམས་པའི་ཆོས་ཀྱི་ཆུ་མགོའི་བརྒྱུད་ཚུལ་དང་། དགོན་གནས་གདན་ས་ལ་སོགས་པའི་མཚན་ལ་བརྟེན་ ནས་ཆོས་ལུགས་གྲུབ་མཐའ་སོ་སོར་འཛིན་པ་འགའ་ཞིག་བྱུང་བ་སྟེ། དེ་ཡང་ཇི་ལྟར་ན། རྒྱ་གར་ཤར་ཕྱོགས་བངྒ་ལའི་ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་དུ་རྒྱལ་པོ་དགེ་བའི་དཔལ་གྱི་སྲས་སུ་ འཁྲུངས་པ་དཔལ་ལྡན་ཨ་ཏི་ཤས་ལྟ་བ་ལུང་སྟོན་པ་པཎ་ཆེན་ན་རོ་པ་དང་། རྒྱུད་བྱིན་གྱིས་བརླབས་པ་གྲུབ་ཆེན་ཌོམྦི་པ། བློ་སྦྱོང་གི་རིམ་པ་སྟེར་བར་བྱེད་པ་ཇོ་བོ་གསེར་གླིང་པ་དང་། གཞན་ཡང་ལས་ཚོགས་མན་ངག་སྟོན་པ། རྫུ་འཕྲུལ་དངོས་སུ་སྟོན་པ། ཕག་མོའི་བྱིན་རླབས་མཛད་པ། ཀླུ་སྒྲུབ་ཀྱི་གདམས་པ་སྟེར་བ། བྱང་སེམས་བརྟན་པར་བྱེད་པ། ཚིག་དོན་རྒྱས་

པར་བྱེད་པ་ལ་སོགས་པའི་བླ་མ་མང་དུ་བསྟེན་ནས་མཁས་གྲུབ་ཀྱི་གོ་འཕང་མཐོན་པོའི་ཁྲི་ལ་བཞུགས་ཤིང་། བི་ཀྲ་མ་ཤཱི་ལའི་དགེ་བསྐོས་མཛད། པཎ་ཆེན་ལྔ་བཅུ་རྩ་གཅིག་གིས་ལྷ་ཁང་ བརྒྱ་རྩ་བརྒྱད་ཀྱི་ལྡེའུ་མིག་གཏད་ནས་བསྟན་པའི་བདག་པོར་མངའ་གསོལ་བ་བཞིན་བསྟན་པ་རྨ་མེད་པར་བསྐྱངས། བོད་དུ་ཕེབས་ནས་རྒྱལ་བའི་བཀའ་སྡེ་སྣོད་གསུམ་གྱི་བརྗོད་བྱ་མཐའ་ དག་གདུལ་བྱ་དབང་པོ་ཆེ་འབྲིང་ཆུང་གསུམ་གྱི་ལམ་གྱི་རིམ་པར་བསྡུས་པའི་གདམས་པ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དང་། དགེ་བཤེས་སྐུ་མཆེད་གསུམ་སོགས་ལ་བསྟེན་ནས་དར་ ཞིང་རྒྱས་པར་མཛད་པ་ལས་ལྷ་ཆོས་བདུན་ལྡན་གྱི་བཞེད་སྲོལ་འཛིན་པ་བཀའ་གདམས་པ་དང་། གདུལ་བྱ་དམན་པ་དང་བསྟུན་ཏེ་བཀའ་བབས་བཞི་ཡི་བླ་མ་བསྟེན་པ། བར་མ་དང་བསྟུན་ ནས་རྣལ་འབྱོར་མ་ཙིནྟོའི་སྲས་སུ་སྤྲུལ་པའི་བཀོད་པ་བཞེས་ནས་ཕྱག་ན་རྡོ་རྗེ་ལས་རྒྱུད་གསན་ཏེ་གྲུབ་པ་བརྙེས་པ། མཆོག་དང་མཐུན་པ་སྲིང་མོ་བདེ་སྟེར་མ་ཡི་མིང་པོ་པཉྩ་པ་ནིའི་མཚན་ བཟུང་སྟེ་ཨོ་རྒྱན་དྷརྨ་གཉྫོར་བརྟོལ་ནས་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་མཇལ་ཞིང་། དེས་ཕྱག་རྒྱ་རྣམ་གསུམ་གྱི་བརྡ་རྟགས་བསྟན་པ་ན། ཙཀླི་སྐུ་ཡི་དཀོར་མཛོད་ནས། །བརྒྱུད་

པ་ཡིད་བཞིན་ནོར་བུ་ཞུ། །ཡིག་འབྲུ་གསུང་གི་དཀོར་མཛོད་ནས། །རྨི་ལམ་ཡིད་བཞིན་ནོར་བུ་ཞུ། །ཕྱག་མཚན་ཐུགས་ཀྱི་དཀོར་མཛོད་ནས། །གྲོལ་ལམ་ ཡིད་བཞིན་ནོར་བུ་ཞུ། །ཞེས་གསོལ་བར། བཅོམ་ལྡན་འདས་མས། བདག་གི་ཡབ་གྱུར་བཅོམ་ལྡན་འདས། །བདེ་མཆོག་འཁོར་ལོ་བདེ་བའི་མཆོག །ཏེ་ལོ་སངས་རྒྱས་འགྲོ་བའི་ མགོན། །ཡིད་བཞིན་ནོར་བུ་རྣམ་གསུམ་འབུལ། །ཞེས་བདེ་བ་ཆེན་པོའི་རྗེས་ཆགས་ཀྱི་མཆོད་པ་དང་བཅས་ཏེ་སྙན་བརྒྱུད་ཀྱི་གདམས་ངག་མ་ལུས་པ་ཕུལ་ཞིང་། རྒྱ་གར་གྱི་པཎ་ཆེན་ན་རོ་ པ་དང་། བོད་ཀྱི་མར་མི་དྭགས་གསུམ་གྱིས་གཙོས་པའི་སྐལ་ལྡན་རྣམས་རྗེས་སུ་འཛིན་པ་གྲུབ་ཆེན་ཏེ་ལོའི་སྙན་བརྒྱུད་ཀྱི་གདམས་ངག་ལ་རྩལ་དུ་བཏོན་ནས་བཀའ་བབས་ཀྱི་བརྒྱུད་པ་འཛིན་ པ་བཀའ་བརྒྱུད་པ་དང་། སློབ་དཔོན་པདྨའི་སློབ་མ་འཁོན་ཀླུའི་དབང་པོའི་གདུང་བརྒྱུད་ལས་བྱོན་པ་དཀོན་མཆོག་རྒྱལ་པོས་བདག་མེད་མ་ལྷ་མོ་བཅོ་ལྔའི་དབང་ཡེ་ཤེས་ཀྱི་ལྷ་ལས་དངོས་སུ་ གསན་པའི་གྲུབ་ཆེན་བིརྦ་པའི་གདམས་ངག་རྫོགས་པར་ཐོབ་པ་འབྲོག་མི་ལས་རྒྱུད་གསུམ་གྱི་བཤད་པ་གསན་པས་གཙོས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན། དབེན་པོ་རིའི་འགྲམ་ན་ས་

དཀར་ལ་སྣུམ་པ་དང་། ཆུ་བོ་གཡས་སུ་འབབ་པ་ལ་སོགས་ས་དཔྱད་ཀྱི་མཚན་ཉིད་ལེགས་པར་གཟིགས་ནས་ཆོས་གྲྭ་བཏབ། རྗེ་བཙུན་གོང་མ་རྣམ་ལྔས་གཙོས་པའི་མཁས་ཤིང་གྲུབ་པ་ བརྙེས་པའི་སྐྱེས་ཆེན་མང་དུ་བྱོན། མདོ་སྔགས་སྤྱི་དང་། ཁྱད་པར་རིག་གཞུང་པུསྟི་གྲགས་ཆེན་བཅོ་བརྒྱད་ལ་འཆད་ཉན་རྩལ་དུ་བཏོན་ཅིང་། སྙན་བརྒྱུད་ཚད་མ་བཞི་ལྡན་ལམ་འབྲས་བུ་ དང་བཅས་པའི་བསྟན་པ་དར་ཞིང་རྒྱས་པར་མཛད། ཁྱད་པར་སེ་ཆེན་གྱིས་བོད་འབངས་སུ་བཅུག་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་ཕུལ་བ་སོགས་བྱས་པས་གངས་ལྗོངས་ཀྱི་སའི་ ཁྱོན་ཧྲིལ་པོར་དབང་བསྒྱུར་བའི་མངའ་ཐང་དར་ཡང་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་སྔོན་བྱོན་གོང་མའི་རྣམ་པར་ཐར་པའི་རྗེས་སུ་བཅོས་མ་མིན་པར་སོང་བས་ཆོས་ལུགས་ ཐམས་ཅད་རང་རང་གི་ལུགས་སུ་སྤྱད་ཆོག་པའི་གནང་བ་སྦྱིན་ནས་རྒྱལ་བསྟན་སྤྱི་ལའང་སྲི་ཞུ་བསྒྲུབ་པར་མཛད་པའི་ཕྱག་རྗེས་བླ་ལྷག་ཏུ་ཆེ་བ་དཔལ་ལྡན་ས་སྐྱ་བ་དང་། རྒྱ་གར་ལྷོ་ཕྱོགས་ བཻ་ཏའི་ཡུལ་གྱི་བྱེ་བྲག་ཙ་ར་སིངྷ་གྲགས་པར་དེད་དཔོན་བརྩོན་འགྲུས་གོ་ཆའི་སྲས་སུ་འཁྲུངས་པ་ཕ་དམ་པ་སངས་རྒྱས་ཀྱིས་སྐུ་གཞོན་ནུའི་དུས་ནས་བི་ཀྲ་མ་ཤཱི་ལར་ཞུགས་ནས་ཐོས་བསམ་

མཛད། མཁའ་སྤྱོད་ཀྱི་བླ་མ་བཅུ་གསུམ་ལྷག་གིས་རྗེས་སུ་བཟུང་བས་གཙོས་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞིའི་གདམས་ངག་ཐམས་ཅད་རྫོགས་པར་མཛད་དེ་ དགུང་ལོ་བདུན་ཅུ་ལྷག་ཅིག་སྒྲུབ་པ་མཛད་ནས་དངོས་གྲུབ་རྣམ་པ་གཉིས་ལ་དབང་འབྱོར། ཞི་བྱེད་སྒྲོན་མ་སྐོར་གསུམ་གྱིས་གཙོས་པའི་ཕྱག་རྒྱ་ཆེན་པོ་དང་། རིག་པ་གཅེར་མཐོང་གི་མན་ ངག རྟོགས་པ་ལམ་ཁྱེར་གྱི་གདམས་ངག་ལ་སོགས་པས་བོད་ཀྱི་རྨ་སོ་ཀམ་གསུམ་དང་། སྒོ་བཞིའི་རྣལ་འབྱོར་རྣམ་བཞི། མ་ཇོ་ཉི་ཤུ་རྩ་བཞི་སོགས་རྗེས་སུ་བཟུང་ནས་སྡུག་བསྔལ་ ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་ལ་བརྟེན་པའི་སྐྱེ་འགྲོ་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་ཞི་བར་བྱེད་པ་ཞི་བྱེད་དང་། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ མ་མི་མོའི་གཟུགས་ཀྱིས་འགྲོ་བའི་དོན་དུ་བྱོན་པ་མ་ཅིག་ལབ་སྒྲོན་གྱིས་ཕ་དམ་པ་སངས་རྒྱས་དང་མཇལ། སྐྱོ་སྟོན་བསོད་ནམས་བླ་མ་ལས་དམ་ཆོས་བདུད་ཀྱི་གཅོད་ཡུལ་གྱི་གདམས་པ་ བཞེས་ཤིང་། གནས་རི་སྒྲུབ་ཕུག་ངེས་མེད་རྣམས་དང་། ཁྱད་པར་ཟངས་རི་མཁར་དམར་གྱི་ཕུག་པར་ཡུན་རིང་བཞུགས་ནས་སྒྲུབ་པ་མཛད། གསུང་ལས། ངའི་ཆོས་ལུགས་ཕྱག་རྒྱ་

ཆེན་པོ་གཅོད་ཅེས་བྱ་བ་འདི་ཡང་ཕྱི་ཕ་རོལ་ཏུ་ཕྱིན་པ་མདོ་དང་། ནང་གསང་སྔགས་བླ་ན་མེད་པ་གཉིས་ཀྱི་དོན་ཕྱོགས་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པ་ལ་ཕྱག་རྒྱ་ཆེན་པོ་གཅོད་ཟེར་བ་ ཡིན་ཅེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའི་ཕྱིན་དྲུག་གི་སྤྱོད་པ་ཐམས་ཅད་གཅིག་ཏུ་བསྡུས་པ་སྟོན་པའི་སྤྱོད་ཡུལ་ལམ། བདུད་བཞིའི་སྙེམས་ཐག་ཐམས་ཅད་ཐད་ཀར་གཅོད་པའི་ གདམས་པའི་སྲོལ་གཏོད་ཅིང་། སྙིང་པོ་གྲུབ་པས་གཙོས་པའི་སྲས་བརྒྱུད་དང་། ཁུ་སྒོམ་ཆོས་སེང་གིས་གཙོས་པའི་སློབ་བརྒྱུད་མང་དུ་བྱོན་ནས་ཕུང་པོ་ཟན་བསྐྱུར་གྱི་ཐབས་ལ་བརྟེན་ནས་ ནད་གདོན་དབུལ་ཕོངས་ཀྱི་ཉེན་པས་གཙོས་པའི་མི་དང་མི་མིན་གྱི་འགྲོ་བ་མཐའ་ཡས་པའི་དོན་མཛད་པ་གཅོད་པ་བ་དང་། རུ་མཚམས་ཀྱི་ཡུལ་སྙེ་མོ་ར་མང་དུ་འཁྲུངས་པ་མཁས་གྲུབ་ཁྱུང་ པོ་རྣལ་འབྱོར་གྱིས་རྒྱ་གར་དུ་ལན་བདུན་བྱོན། མཻ་ཏྲི་པས་གཙོས་པའི་རྩ་བའི་བླ་མ་བཞི་དང་། བཀའ་དྲིན་ཅན་གྱི་བླ་མ་བཅུ་གསུམ། མཁས་གྲུབ་ཀྱི་བླ་མ་བརྒྱ་དང་ལྔ་བཅུ་ལ་སོགས་བསྟེན་ ནས་ཆོས་ཐམས་ཅད་རྫོགས་པར་ཞུས། ཁྱད་པར་རྡོ་རྗེ་འཆང་ལས་དངོས་སུ་ཆོས་གསན་པའི་མཁའ་འགྲོ་ནི་གུ་མ་ལས་ཆོས་དྲུག་གསན་ཅིང་། མཁའ་འགྲོ་མ་སུ་ཁ་སིདྡྷིས་ཉིད་དང་ཉིད་ཀྱི་

བརྒྱུད་པ་རྣམས་ལ་སྐུ་དངོས་ཀྱིས་བྱིན་གྱིས་རློབ་པར་ཞལ་གྱིས་བཞེས་ནས་རྗེས་སུ་བཟུང་། བོད་དུ་ཕེབས་ནས་ཤང་ཞོང་ཞོང་གི་གཙུག་ལག་ཁང་སོགས་བསྟན་ རྩའི་དགོན་གནས་བརྒྱ་དང་རྩ་བརྒྱད་ལོ་གསུམ་ཁོངས་སུ་བཞེངས། སྤྲུལ་པའི་དམག་གིས་གཡུལ་ངོ་བཟློག་པ་སོགས་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་མཛད། ལ་སྟོད་པ་དཀོན་མཆོག་ ཁར་གྱིས་གཙོས་པའི་མཐར་ཐུག་གི་སློབ་མ་བཞི་དང་ཕྱི་བུ་གཅིག བརྒྱུད་པ་རིན་ཆེན་བདུན་བརྒྱུད་སོགས་མང་དུ་བྱོན་ནས་ཆོས་བརྒྱུད་འཛིན་པ་ལས་མཁས་གྲུབ་ཤངས་སྟོན་གྱིས་འཇག་པ་ དང་། མཁས་བཙུན་གཞོན་ནུ་གྲུབ་ཀྱིས་དཔའ་རྣམ་བསམ་ལྡིངས་བཏབ་པས་འཇག་བསམ་གཉིས་སུ་གྱེས་པའི་ཤངས་པ་བཀའ་བརྒྱུད་དུ་གྲགས་པ་དང་། གཞན་ཡང་ཇོ་ནང་ཀུན་སྤངས་ ཐུགས་རྗེ་བརྩོན་འགྲུས་དང་། ཀུན་མཁྱེན་དོལ་པོ་ཤེས་རབ་རྒྱལ་མཚན། བོ་དོང་ཕྱོགས་ལས་རྣམ་རྒྱལ་སོགས་བྱོན་ནས་རང་རང་གི་བཞེད་པའི་ཁྱད་ཆོས་དང་བཅས་ཏེ་རྒྱལ་བསྟན་མདོ་ སྔགས་ཀྱི་བསྟན་པ་གསལ་བར་མཛད་པ་ཡིན་ལ། དེ་ཡང་གོང་དུ་བརྗོད་མ་ཐག་པ་བཞིན་བརྒྱུད་པའི་བབ་ལུགས་དང་། གདན་ས་སོགས་ལས་ནང་གསེས་དབྱེ་བ་མང་དུ་བཞུགས་པ་ནི་

དཔེར་ན་རྙིང་མ་ལ་བཀའ་གཏེར་གཉིས། བཀའ་གདམས་ལ་གསར་རྙིང་གཉིས། བཀའ་བརྒྱུད་ལ་ཆེ་བཞི་ཆུང་བརྒྱད། ས་སྐྱ་ལ་ས་ངོ་ཚར་གསུམ། གཅོད་ལ་ཕོ་གཅོད་མོ་གཅོད་སོགས་ ཁྱད་གཞི་གཅིག་ལས་ཁྱད་ཆོས་སོ་སོར་གྱེས་པའི་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་མང་ཞིང་བཞུགས་པ་དེ་དག་ཀུན་ཀྱང་ས་དགེ་བཀའ་རྙིང་སྟེ་བསྟན་པའི་བཀའ་བབས་རྣམ་བཞིར་འདུ་བ་ ལས་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པ་ལ་གནད་དོན་གཅིག་པ་སྟེ་ཞིབ་པར་རང་རང་གི་ཆོས་འབྱུང་ལོ་རྒྱུས་སོགས་ལ་གཟིགས་པས་ཁྱབ་བོ། །དེ་ལས་འདིར་ མཆོད་རྟེན་ཆེན་མོའི་ནང་རྟེན་གྱི་གཙོ་བོ་བཀའ་དགོངས་ཕུར་གསུམ་གྱི་ལྷ་ཚོགས་བཞུགས་པའི་ཕྱིར་གོང་དུ་སྔ་འགྱུར་བཀའ་མའི་བབ་ཚུལ་ཆེ་ལོང་ཙམ་སྤྲོས་པའི་ཡན་ལག་ཏུ་ཟབ་མོ་གཏེར་གྱི་ བྱུང་ཚུལ་ཅུང་ཟད་ཙམ་སྨོས་པའི་སྐབས་སུ་བབས་པ་སྟེ། དེ་ཡང་ཇི་སྐད་དུ་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས། དཀོན་མཆོག་གསུམ་གྱི་གདུང་མི་ཆད་པའི་གཏེར་ཆེན་པོ་མི་ཟད་པ་དང་། ཆོས་རྟོགས་པ་ཆེན་པོ་ཚད་མེད་པའི་གཏེར་ཆེན་པོ་མི་ཟད་པ་དང་། སེམས་ཅན་མགུ་བར་བྱ་བའི་གཏེར་ཆེན་པོ་མི་ཟད་པ་དང་། ནམ་མཁའ་དང་མཉམ་པའི་གཏེར་ཆེན་པོ་མི་ཟད་པ་སྟེ་བཞི་

པོ་དེ་དག་ནི་གཏེར་ཆེན་པོ་མི་ཟད་པ་ཡིན་ནོ་ཞེས་གཏེར་གྱི་ངོ་བོའམ་རང་བཞིན་གང་ཡིན་པ་བསྟན་ཅིང་། དེ་བཞིན་དུ་ཟབ་མོའི་མདོ་རྒྱུད་གཞན་རྣམས་ལས་ཀྱང་ གཏེར་གྱི་གནས་དང་། གཏེར་དུ་སྦས་པའི་དགོས་པ། འདོན་པ་པོ་གང་ཟག་བཅས་མང་དུ་གསུངས་ན་གཏེར་གྱི་ཕྱོགས་འདི་བོད་ཙམ་མ་ཡིན་པའི་འཕགས་ཡུལ་གྱི་གྲུབ་བརྙེས་ཆེན་པོ་ རྣམས་ལའང་དར་བ་རང་རང་གི་རྣམ་ཐར་ལོ་རྒྱུས་སོགས་ལས་གསལ་ཞིང་། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དུ་བྱུང་དང་འབྱུང་བའང་གོར་མ་ཆག་པ་ནི་ལུང་དང་རིགས་ པས་བསྒྲུབ་པར་ནུས་པ་ཡིན་ལ། མདོར་ན་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་ཕུང་ལྔ་བསྟན་པའི་མདོ་དང་། གསང་བ་རིང་བསྲེལ་སོགས་གཏེར་དུ་བཞུགས་ཚུལ་རྒྱུ་མཚན་ དང་བཅས་པ་གསུངས་ཏེ་ཞུ་བ་པོའི་ངོར་དེ་དང་དེ་དག་གི་ཕན་ཡོན་དང་བཅས་པ་གསུངས་པས་ཀྱང་མཚོན་ནུས་སོ། །དེ་ཡང་བོད་དུ་གཏེར་སྟོན་ལ་སྔ་བར་གྲགས་པ་སངས་རྒྱས་བླ་མས་ཐོག་ དྲངས་གཏེར་ཆེན་དང་གཏེར་ཕྲན་མང་དུ་བྱོན་ཞིང་། ཁྱད་པར་ཉང་རལ་ཉི་མ་འོད་ཟེར། གུ་རུ་ཆོས་ཀྱི་དབང་ཕྱུག རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ཏེ་མཆོག་གི་སྤྲུལ་སྐུ་རྣམ་གསུམ་དང་།

སྔ་མ་གཉིས་ཀྱི་སྟེང་། རྡོ་རྗེ་གླིང་པ་དང་། པདྨ་གླིང་པ། བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པ་སྟེ་གཏེར་སྟོན་གྱི་རྒྱལ་པོ་ལྔ། དྲི་མེད་རྣམ་གསུམ། ནུས་ལྡན་ཉེར་ གཅིག འཁྲུལ་མེད་གླིང་པ་བཅུ་གཅིག་སོགས་གཏེར་ཆེན་བརྒྱ་རྩ་དང་། གཏེར་ཕྲན་སྟོང་རྩ་ལ་སོགས་པ་བྱོན་ནས་རང་རང་ལ་བཀའ་ཇི་ལྟར་བབས་པ་བཞིན་གྱི་ཆོས་ནོར་དམ་རྫས་སྦས་ གནས་ལ་སོགས་པའི་གཏེར་ཁ་བསམ་གྱིས་མི་ཁྱབ་པ་ཕྱེས་ཏེ་གྲོལ་བ་དྲུག་ལྡན་གྱི་སྒོ་ནས་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་མཛད། དེ་ལས་ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་འགྲོ་བའི་ དོན་དུ་སྲིད་པ་བཟུང་བ་ཉང་རལ་ཉི་མ་འོད་ཟེར་ལྷོ་བྲག་གཏམ་ཤུལ་འཛད་ས་སེར་དགོན་ཅེས་པར་ཡབ་ཉང་སྟོན་ཆོས་ཀྱི་འཁོར་ལོ་དང་། ཡུམ་པདྨ་བདེ་བ་ཅན་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་ལྷ་དང་བླ་མའི་ཞལ་མཇལ་བ་སོགས་དག་པའི་སྣང་བ་འབའ་ཞིག་ཤར། ཞིག་པོ་ཉི་མ་སེང་གེ་སོགས་བླ་མ་མང་དུ་བསྟེན་ནས་གསན་བསམ་རྒྱ་ཆེར་མཛད། ཁྱད་པར་ཨོ་རྒྱན་ཆེན་པོས་དབང་བཞི་ཆིག་རྫོགས་བསྐུར་བ་ལ་བརྟེན་ནས་ཉམས་གསུམ་ཤར་ཏེ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱུང་རྒྱལ་དུ་བསྐྱངས། ཡབ་ལས་རྟ་མགྲིན་གྱི་དབང་གསན་ནས་

བསྒྲུབས་པས་གྲུབ་རྟགས་ཐོན། སྔ་ཕྱིར་གུ་རུ་ཡབ་ཡུམ་གྱི་སྤྲུལ་པས་རྗེས་སུ་བཟུང་ཞིང་ཞལ་གདམས་བསླབ་བྱ་དང་། གཏེར་གྱི་ཁ་བྱང་ཡང་བྱང་རྣམས་ཕྱག་ ཏུ་ཕུལ་བ་བཞིན་བླ་མ་ཞི་དྲག་གིས་གཙོས་པའི་གཏེར་ཁ་མང་དུ་བཞེས། ཁྱད་པར་མཁོ་མཐིང་རྣམ་སྣང་སྐུ་རྒྱབ་ལས་གཏེར་སྒྲོམ་སྨུག་པོའི་ནང་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་ ཆོས་ཚན་བརྒྱ་དང་སུམ་ཅུ། སྒྲོམ་སྐྱའི་ནང་ནས་རྟ་མགྲིན་གྱི་སྐུ་གསུང་ཐུགས་ཀྱི་རྟེན་དང་དམ་རྫས་སོགས་མང་དུ་བཞེས་པས་མཚོན་གཏེར་གནས་གཞན་དང་གཞན་ནས་ཀྱང་གཏེར་ཁ་མང་ དུ་བཞེས། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་ལ་སོགས་གསར་རྙིང་གི་མཁས་གྲུབ་མཚན་ལྡན་རྣམས་ཀྱིས་ཐོག་དྲངས་པའི་སྐྱེ་རྒུ་མཆོག་དམན་ཀུན་གྱིས་གུ་རུའི་རྒྱལ་ཚབ་ཏུ་བསྟོད་བསྔགས་ཀྱི་གླིང་ བུ་མགྲིན་གཅིག་ཏུ་བསྒྱུར་བར་གྲགས་སོ། །དེ་ལས་ཇི་སྐད་དུ་ཨོ་རྒྱན་དུས་གསུམ་མཁྱེན་པས། སྤུ་རི་ཕུག་མོ་ཆེར་སྦས་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཨོ་རྒྱན་སངས་རྒྱས་གླིང་པ་ཞེས་བྱ་འབྱུང་༔ ཞེས་གསུངས་པ་ལྟར་ཀོང་ཡུལ་གྱི་བྱེ་བྲག་ཉང་པོའི་སའི་ཆ་སྒྲུབ་གནས་གྱིང་ཕུ་གཡུ་ལུང་གི་མདའ་ཡབ་སྟེང་དུ་ཡབ་སྟག་ལུང་སྨྱོན་པ་དང་།

ཡུམ་ཨ་ཧཱུཾ་རྒྱན་གཉིས་ལ་ལྷ་སྲས་དམ་འཛིན་གྱི་རྣམ་པར་འཕྲུལ་པ་གཏེར་ཆེན་སངས་རྒྱས་གླིང་པ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་ཡབ་ལས་འབྲི་ཀློག་གསན་པས་མཁས་པར་མཁྱེན། མི་རིང་བ་ན་ཡབ་འདས་ནས་ཀརྨ་པ་རོལ་པའི་རྡོ་རྗེ་དང་། བྱང་གླིང་མཁན་པོ་བྱང་ཆུབ་རྡོ་རྗེ། སློབ་དཔོན་ཤཱཀྱ་ཡེ་ཤེས་སོགས་བསྟེན། རྒྱལ་དབང་རོལ་པའི་རྡོ་རྗེས་འགྲོ་བ་མང་པོའི་མགོན་དང་དཔུང་གཉེན་དུ་འགྱུར་བར་ལུང་བསྟན། འཕགས་མཆོག་སྙིང་རྗེའི་དབང་ཕྱུག་དང་སློབ་དཔོན་ཆེན་པོ་སོགས་ཞལ་མཇལ་ཞིང་གསུང་གི་དབུགས་དབྱུང་བསྩལ། རྩ་རི་ལྷུན་གྲུབ་སྟེང་དུ་བཅད་རྒྱར་བཞུགས་སྐབས་གཏེར་སྲུང་བཙན་རྒོད་ཆེན་པོས་གཏེར་གྱི་ཁ་བྱང་རྣམས་ཕུལ་བ་བཞིན་ཉིད་ཀྱི་བླ་མ་ཆོས་ཀྱི་བློ་གྲོས་ཀྱིས་མཐུན་འགྱུར་གཏེར་སྒྲུབ་གནང་སྟེ་ཤིང་ཕོ་འབྲུག་ལོའི་སྟོན་ཟླ་ར་བའི་ཉི་ཤུ་ལྔ་ལ་སྤུ་རི་ཕུག་མོ་ཆེ་ནས་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་བླ་མ་དགོངས་པ་འདུས་པའི་གཞུང་དང་མན་ངག་ཐུགས་རྗེ་ཆེན་པོའི་ཆོས་སྐོར་བཅས་གདན་དྲངས། གཞན་ཡང་རྩེ་ཆེན་བྲག་ལ་སོགས་པ་གཏེར་གནས་ཐ་དད་པ་རྣམས་ནས་ཀྱང་ངོ་མཚར་བའི་ལྟས་དང་བཅས་ཏེ་ཆོས་ནོར་དམ་རྫས་ཀྱི་གཏེར་ཁ་མང་དུ་བཞེས་ནས། འགྲོ་བའི་དོན་བསམ་གྱིས་

མི་ཁྱབ་པ་མཛད་པ་སྟེ་མདོར་ན་སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་ལས། སྐུའི་སྲས་ཡེ་ཤེས་རྡོ་རྗེ་དང་ ཆོས་བདག་སློབ་མའི་གཙོ་བོ་བྱ་ཁྱུང་བ་དཔལ་ལྡན་སེང་གེ་གཉིས་ལས་སྲས་བརྒྱུད་དང་སློབ་བརྒྱུད་མཁས་གྲུབ་རིམ་པར་བྱོན་པ་རྣམས་དང་། རྩེ་ལེ་གོང་འོག་ཏ་བླ་སྔ་ཕྱི་སོགས་ལས་ བརྒྱུད་དེ་དགོངས་འདུས་གཙོར་གྱུར་ཟབ་གཏེར་རྣམས་བོད་ལྗོངས་སྤྱི་དང་ཁྱད་པར་མདོ་ཁམས་ཕྱོགས་ཁྱབ་པ་ཙམ་གྱིས་དར་སྲོལ་ཤིན་ཏུ་ཆེ་ཞིང་། ཕྱིས་གདུང་རབས་བདུན་པ་ཀོང་རིག་ འཛིན་སྙིང་པོ་ལས་ལྷོ་འབྲུག་ཞབས་དྲུང་མཐུ་ཆེན་ངག་དབང་རྣམ་རྒྱལ་གྱིས་བླ་མ་དགོངས་པ་འདུས་པའི་སྨིན་གྲོལ་ཡོངས་རྫོགས་ཆོས་ཀྱི་བདག་པོའི་ཚུལ་གྱིས་བཞེས་ཏེ། ཉིད་ཀྱི་གདན་ས་ སྤུངས་ཐང་བདེ་བ་ཆེན་པོས་གཙོས་དགོན་རྫོང་འདུས་སྡེ་རྣམས་སུ་དགོངས་འདུས་གྲུབ་ཆེན་དང་འབྲེལ་བའི་ཚེས་བཅུའི་མཆོད་པ་སྤྲོས་བཅས་ཀྱི་ཕྱག་བཞེས་ཅན་བཙུགས་པར་མཛད་པའི་རྒྱུན་ ད་ལྟའང་མ་ཉམས་པར་ཡོད་ཅིང་། སྐོང་ཆོག་སོགས་ཀྱི་ཕྲིན་ལས་ནི་ལྷོ་ལྗོངས་ཀུན་ཏུ་ཁྱབ་པར་བརྡལ་བཞིན་པའོ་ཞེས་གསུངས་པ་ལྟར་རོ། །དེ་ལས་གཏེར་སྟོན་སངས་རྒྱས་བླ་མ་དང་།

ཨོ་རྒྱན་གླིང་པ་སོགས་སྔོན་གྱི་གཏེར་སྟོན་བཅུ་ཕྲག་ཙམ་གྱིས་ལུང་དུ་ཤིན་ཏུ་གསལ་བར་བསྟན་པ་ཁྲག་འཐུང་བདུད་འཇོམས་གླིང་པ་ཤར་མེ་ཉག་ར་བ་སྒང་གི་སའི་ལྟེ་བ་ཝ་ཞབས་སེང་གེ་ བྲག་དཀར་རམ་འདྲ་ལྕགས་ཁུང་ཞེས་པའི་གནས་སུ་ཡབ་གནུབས་བརྒྱུད་ཨ་བརྟན་དང་། ཡུམ་དམུ་ཚ་བོ་རྫོགས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཤིང་མོ་ལུག་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་ བཅུ་ཉིན་བཞུགས་གནས་སྦྲ་ཁང་ལ་འཇའ་ཟུག་པ་དང་ཁ་བ་མེ་ཏོག་གི་དབྱིབས་ཅན་འབབ་པ་སོགས་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས། སྐུ་ན་ཅུང་ཟད་སོན་པ་ན་བླ་མ་མཉྫུའི་མཚན་ ཅན་གྱི་ཞབས་ལ་བཏུད་དེ་ཆོས་སྒོར་ཞུགས། དུས་སྐབས་ཅི་རིགས་པར་དངོས་ཉམས་རྨི་ལམ་གང་རུང་དུ་ཨོ་རྒྱན་ཆེན་པོ་སོགས་ཞལ་མཇལ་ཞིང་ལུང་བསྟན་པ་སོགས་དག་པའི་སྣང་བ་ འབའ་ཞིག་ཤར། སྐྱེས་སྦྱང་གི་ཤེས་རབ་ཀླུངས་སུ་ཕེབས་པས་ཚེ་འདིའི་སྦྱང་བརྩོན་ལ་མ་ལྟོས་པར་མདོ་སྔགས་ཆོས་ཀྱི་དོན་གནད་ཐམས་ཅད་ཚིག་ལ་མི་རྟོན་དོན་ལ་རྟོན་པའི་རྗེས་སུ་སོང་ བའི་མཁྱེན་རབ་ཀྱི་རྩལ་ཁ་ཕྱོགས་མེད་དུ་འབར། ཆོས་སྐུ་ཀ་དག་གི་དགོངས་པ་ཁྲེགས་ཆོད་ཀྱི་ལྟ་བས་གཏན་ལ་ཕབ་སྟེ་སྒོམ་མེད་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་བརྩོན་པས་ཆོས་ཉིད་དེ་བཞིན་

ཉིད་ཀྱི་བདེན་པ་མངོན་དུ་གཟིགས། སྐུ་གསུམ་ལམ་སྣང་དུ་སྣང་བའི་ལྷུན་གྲུབ་འོད་གསལ་གྱི་དགོངས་པ་ཚད་ལ་ཕེབས་ནས་སྣང་སྲིད་དག་པ་རབ་འབྱམས་སུ་ འབྱམས་ཀླས། དགུང་ལོ་ཉེར་ལྔ་ལ་བབས་པའི་ཚེ་ཆུ་སྟོད་ཟླ་བའི་ཚེས་བཅུ་ཉིན་སྨར་གྱི་རྦ་གཏེར་བྲག་ནས་བྱེ་མ་ཨ་ཀྲོང་ལས་གྲུབ་པའི་སྒྲོལ་མའི་སྐུ་དང་། ས་ར་ཧའི་ཕྱག་ཕྲེང་། གཏེར་ གྱི་ཁ་བྱང་རྣམས་དང་། སླར་ཡང་དངུལ་རྒོད་ཅེས་པའི་བྲག་ནས་གཏེར་གྱི་ཁ་བྱང་ཡང་བྱང་རྣམས་བཏོན་པར་མཛད། དེར་གསལ་བ་ལྟར་མགོ་ཟླའི་ཤེར་ཕྱོགས་ཀྱི་ཚེས་བཅུའི་སྔ་དྲོར་ གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་ནས་གཏེར་སྲུང་མཁའ་འགྲོས་གཏེར་གྲོགས་གཞན་གྱིས་དངོས་སུ་ཐོས་པའི་གླུ་བླངས་པ་དང་བཅས་བྲག་དབྱིབས་ཟླ་གམ་ཅན་གྱི་ ནང་ནས་ཐུགས་སྒྲུབ་གསང་བ་རྒྱ་ཅན་གྱིས་གཙོས་པའི་ཕུར་པ་གནམ་ལྕགས་སྤུ་གྲི་རྩ་གསུམ་ཆོས་སྐྱོང་དང་བཅས་པའི་གདམས་སྐོར་གཏེར་སྒྲོམ་བདུན་ཕྲག་ཙམ་བཞེས་ཤིང་། ཁ་བྱང་ལས། འཇའ་འོད་འབར་བ་བརྒྱུད་འཛིན་གྲོལ་བའི་ལྟས༔ མེ་ཏོག་འབབ་པ་བསོད་ནམས་རྒྱས་པའི་མཚན༔ དྲི་བཟང་འཐུལ་བ་བྱིན་རླབས་མ་ཡལ་ལྟས༔ ཉི་འོད་འབར་བ་འཛམ་གླིང་ཁྱབ་པའི་

རྟགས༔ སྲོག་སྐྱོབ་ཐུབ་ན་འགྲོ་བའི་སྡུག་བསྔལ་སེལ༔ དགོས་ལྔ་འཛོམ་ན་ལེགས་པའི་ཡོན་ཏན་ལྡན༔ རྟེན་འབྲེལ་ཀུན་འཛོམ་ཕྱོགས་ལས་རྣམ་པར་རྒྱལ༔ ཞེས་གསུངས་པ་རྣམས་ ཀུན་གྱི་མཐུན་སྣང་དུ་གྲུབ་པ་བྱུང་། གཞན་ཡང་མདོ་ལས། དོན་ལ་ངེས་པའི་གདིང་རྙེད་ན། །སེམས་ལས་ཆོས་གཏེར་འབུམ་ཕྲག་བརྡོལ། །ཞེས་གསུངས་པ་ལྟར་ཆོས་ཉིད་ནམ་ མཁའི་ཀློང་མཛོད་ཀྱི་སྒོ་བརྒྱ་ཡངས་པོར་འབྱེད་པ་དང་། བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་ པོ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ནི་འཇིག་རྟེན་གྱི་ཁམས་གཞན་དུ་འདུག་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞལ་སྟོན་ཅིང་ཆོས་ཀྱང་ཐོས་པར་མཛད་དོ་ཞེས་ གསུངས་པ་ལྟར་དག་པའི་སྣང་བ་ལ་ལྷ་དང་བླ་མ་སོགས་མཇལ་ཞིང་རྗེས་སུ་བཟུང་བ་ལས་དག་སྣང་གི་སྐོར་སོགས་མདོར་ན་ཟབ་ཆོས་གསང་བ་སྐོར་གསུམ་གྱི་ཆོས་ཀྱི་མཛོད་ཁང་ལ་དབང་ བསྒྱུར་བ་སྟེ་ཞིབ་ཆ་གཏེར་ཆེན་ཉིད་ཀྱི་རྣམ་ཐར་ཞལ་གསུང་མ་དང་། གནམ་ལྕགས་སྤུ་གྲིའི་ལོ་རྒྱུས་ཆོས་ཀྱི་བྱུང་ཚུལ་སོགས་ནང་གསལ་བ་ལྟར་རོ། །རྣམ་མང་ཐོས་པའི་ན་ཚོད་ཡོངས་

སྨིན་ཅིང་། །རྣམ་མེད་ཏིང་འཛིན་ཞི་བའི་རོ་མྱོང་བའི། །རྣམ་དག་ཆོས་ལྡན་རྒན་པོ་རྣམས་ཀྱི་ཐུགས། །རྣམ་ཕྲའི་ཚིག་གི་ཟས་འདིས་གསོ་མིན་ཡང་། །ལོ་ རྒྱུས་གཉེར་མའི་རླབས་ཕྲེང་མ་འཁྲིགས་ཤིང་། །དག་སྣང་འཛུམ་དཀར་དམུལ་བའི་སྐྱེས་རྒྱལ་ལ། །བློ་གྲོས་རིགས་གཟུགས་དམན་པའི་གཞོན་ནུ་མས། །མཛའ་བའི་སེམས་ཀྱིས་སྤྱི་ བརྟོལ་གཏམ་འདི་བྱས། །ལུང་རིགས་ལང་ཚོའི་མཚར་སྡུག་རྫོགས་ན་ཡང་། །ཕྲག་དོག་སྨིན་མ་ཡོན་པོའི་བལྟ་སྟངས་ཀྱིས། །གཞན་ལ་སྡང་བའི་རྟོག་གེ་གཡེམ་མ་རྣམས། །བཤུང་བའི་ ལས་སུ་སོང་ན་སྙིང་ནས་འཆགས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་རྟེན་དང་བརྟེན་པའི་གོ་དོན་ཅུང་ཟད་སྨོས་པ་ལ་གཉིས་ཏེ། ཐུན་མོང་དང་ཐུན་མིན་ནོ། ། དེ་ཡང་དང་པོ་ལ་གསུམ་ལས། ཆོས་ཀྱི་སྐུ་ནི་ཟག་མེད་ཆོས་ཀྱི་སྡེ་ཚན་ཉི་ཤུ་རྩ་གཅིག་གིས་ཁྱད་པར་དུ་བྱས་པའི་བྲལ་འབྲས་སམ་གནས་ལུགས་ཀྱི་ཡོན་ཏན་མངོན་དུ་གྱུར་པ་ཁ་དོག་དང་ དངོས་པོར་གྲུབ་པ་མ་ཡིན་པ་ལ་གཟུགས་སྐུ་རྣམས་ཀྱི་སྤྱི་གཞིར་བཞུགས་པའི་ཆ་ནས་བརྗོད་དེ་དཀོན་མཆོག་སྒྲོན་མེའི་མདོ་ལས། ཆོས་ཀྱི་སྐུ་ནི་རྒྱལ་བ་རྣམས་ཀྱི་ལུས། །ལྟ་ན་རྣམ་སྦྱོང་དེ་

ཡི་ཤེས་པར་འགྱུར། །ཞེས་གསུངས་སོ། །གཉིས་པ་ལོངས་སྐུ་ནི་སྣང་ཆའི་ཡོན་ཏན་ངེས་པ་ལྔ་དང་ལྡན་པའི་ཆོས་ལ་ལོངས་སྤྱོད་པའི་ཆ་ནས་བརྗོད་དེ། དེ་ཡང་གནས་ངེས་པ་འོག་མིན་ སྟུག་པོ་བཀོད་པར། སྟོན་པ་ངེས་པ་རིགས་ལྔའི་སངས་རྒྱས་རྣམས་ཀྱིས། འཁོར་ངེས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ། ཆོས་ངེས་པ་ཐེག་པ་ཆེན་པོ་འབའ་ཞིག དུས་ ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོར་གསུངས་པ་སྟེ། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། ། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་སོ། །དེ་ལས་མཚན་བཟང་སོ་གཉིས་ནི་མཁས་འཇུག་སྡོམ་བྱང་ལས། ཕྱག་ཞབས་འཁོར་ལོས་མཚན་དང་ཞབས་མཐིལ་མཉམ། ། རྟིང་པ་འཕགས་པའི་ཞབས་ཡངས་འབུར་མི་མངོན། །བྱིན་པ་ཨེ་ན་ཡ་འདྲ་ཕྱག་རིང་མཛེས། །ཕྱག་ཞབས་སོར་མོ་རིང་ཞིང་དྲྭ་བས་འབྲེལ། །བ་སྤུ་རེ་རེར་གཡས་ཕྱོགས་གྱེན་དུ་སྐྱེས། ། པགས་པ་གསེར་མདོག་སྲབ་ལ་འཇམ་པ་དང་། །དཔུང་པའི་མགོ་ཟླུམ་རོ་སྟོད་སེང་གེ་འདྲ། །ཕྱག་ཞབས་གཞོན་འཇམ་སྐུ་ཡི་གནས་བདུན་མཐོ། །འགྲམ་པ་ཟླུམ་རྒྱས་ལྗགས་རིང་རོ་

མཆོག་སྣང་། །ཚེམས་དཀར་ཚད་མཉམ་ཐགས་བཟང་བཞི་བཅུར་ལྡན། །མཐོན་མཐིང་སྤྱན་མཛེས་ཁྱུ་མཆོག་རྫི་འདྲ་བ། །ཐལ་གོང་རྒྱས་བཅས་སྐུ་ནི་ཆེ་ཞིང་ དྲང་། །ཆུ་ཞེང་གབ་སྐུ་གསང་བ་སྦུབས་སུ་ནུབ། །མཛོད་སྤུས་མཛེས་ཤིང་གཙུག་ཏོར་བལྟར་མི་མངོན། །ཚངས་པའི་དབྱངས་ལྡན་སུམ་ཅུ་རྩ་གཉིས་མཚན། །གང་མཐོང་དགའ་སྐྱེད་ སྐྱེས་བུ་ཆེན་པོར་མཚོན། །ཞེས་དང་། དཔེ་བྱད་བརྒྱད་ཅུ་ནི་ཡང་དེ་ལས། སེན་མོ་ཟངས་མདོག་མདོག་སྣུམ་མཐོ་བ་དང་། །སོར་མོ་ཟླུམ་ལ་རྒྱས་ཤིང་བྱིན་གྱིས་ཕྲ། །རྩ་རྣམས་མི་མངོན་ རྩ་ཡི་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་གོམ་པ་སྙོམས། །སེང་གེ་གླང་ཆེན་ཁྱུ་མཆོག་ངང་པའི་འགྲོས། །དྲང་དང་གཡས་ཕྱོགས་མཛེས་པར་གཤེགས་པ་དང་། །དབུ་ཟླུམ་ སྐྲ་མཚམས་ལེགས་འབྱེས་དཔྲལ་དབྱེས་རྒྱས། །དབུ་སྐྲ་གནག་ཅིང་སྟུག་ལ་འཇམ་པ་དང་། །མ་འཛིང་མི་གཤོར་མཆོག་ཏུ་དྲི་ཞིམ་ལྡན། །ཨུཏྤལ་འདབ་འདྲ་དཀར་ནག་འབྱེས་པའི་སྤྱན། ། ར་རི་མེད་ཅིང་གཟིགས་པ་རྣམ་པར་དག །རྫི་མ་སྟུག་ཅིང་སྨིན་ཚུགས་རིང་བ་དང་། །སྤུ་འཇམ་མདོག་སྣུམ་སྤུ་རྣམས་རིང་ཐུང་མཉམ། །སྙན་གཉིས་ཚད་མཉམ་ཉམས་པ་རྣམ་པར་

སྤངས། །ཤངས་ཀྱི་གཟེང་མཐོ་ཡོངས་སུ་དག་པ་ཉིད། །ཞལ་དཀྱིལ་མཚམས་མཛེས་བིམ་པ་ལྟ་བུའི་མཆུ། །པདྨ་ལྟར་མཉེན་སྲབ་ལ་དམར་བའི་ལྗགས། །མཆེ་བ་བཞི་ཟླུམ་རྩེ་རྣོན་མདོག་ དཀར་ཞིང་། །རིང་ཐུང་ཚད་མཉམ་བྱིན་གྱིས་ཕྲ་ཞིང་མཛེས། །འབྲུག་སྒྲ་ལྟར་བརྗིད་མཉེན་འཇམ་ལྡན་པའི་གསུང་། །ཕྱག་རིང་རྒྱས་ཤིང་ཤིང་བལ་འདབ་ལྟར་འཇམ། །ཕྱག་རིས་ མདངས་ཡོད་ཟབ་ཅིང་རིང་དུ་དོད། །འཁྲིལ་བག་ཆགས་པ་རིམ་པར་འཚམས་པའི་སྐུ། །ཆ་ཤས་ཀུན་རྫོགས་ཁོ་ལག་ཡངས་ཤིང་བཟང་། །འཇམ་ཞིང་གཞོན་ཤ་ཅན་གྱུར་ཞུམ་མེད་རྒྱས། ། ཤིན་ཏུ་གྲིམས་ལྡན་ཡན་ལག་རྣམ་པར་འབྱེས། །སྨེ་བ་གནག་བག་མེད་ཅིང་སྐྱོན་གྱིས་དག །དྲི་མས་གཙང་ཞིང་བྱི་དོར་བྱས་པ་འདྲ། །དཀུ་ཟླུམ་སྐབས་ཕྱིན་མ་རྙོང་ཕྱུང་ངེ་བ། །ལྟེ་བ་ གཏིང་ཟབ་རི་མོ་གཡས་སུ་འཁྱིལ། །ཀུན་སྤྱོད་གཙང་ཞིང་ཀུན་ནས་ལྟ་ན་སྡུག །བཀྲ་ཤིས་རི་མོས་མཚན་ཞིང་ཀུན་ཡིད་འཕྲོག །དེ་དག་ཐུབ་ཆེན་དཔེ་བྱད་བརྒྱད་ཅུ་སྟེ། །ལྟར་བཅས་ འཇིག་རྟེན་ཀུན་གྱིས་བསྔགས་འོས་ཉིད། །ཅེས་སོ། །དེ་འབྲེལ་ཞར་ལ་སྤྲུལ་སྐུའི་གསུང་དབྱངས་ཡན་ལག་དྲུག་ཅུ་ནི་སྔ་མ་ལས། མཉེན་འཇམ་ཡིད་འོང་ཡིད་འཐད་དག་དྲི་མེད། །

གསལ་ལ་སྙན་འཇེབས་མཉན་འོས་མི་ཚུགས་པ། །སྙན་ཞིང་དུལ་བ་མི་རྩུབ་མི་བརླང་ཞིང་། །རབ་དུལ་རྣར་སྙན་ལུས་དང་སེམས་ཚིམ་བྱེད། །སྙིང་དགའ་ བདེ་སྐྱེད་གདུང་མེད་ཀུན་ཤེས་པ། །རྣམ་པར་རིག་བྱ་རྣམ་གསལ་དགའ་བར་བྱེད། །མངོན་དགའ་ཀུན་ཤེས་རྣམ་པར་རིག་བྱར་བྱེད། །རིག་པ་དང་ནི་འབྲེལ་དང་མ་ཟློས་པ། །དཔེ་གཅིག་ཏུ་ཚིག་རྐང་གསུམ་ལྷག་མ་མཆན། སེང་གེ་གླང་ ཆེན་འབྲུག་དང་ཀླུའི་དབང་པོ། །དྲི་ཟ་ཀ་ལ་པིངྐ་ཚངས་པའི་དབྱངས། །ཤང་ཤང་ཏེའུ་ལྷ་དབང་རྔ་སྒྲའི་དབྱངས། །མ་ཁེངས་མི་དམའ་སྒྲ་ཀུན་རྗེས་སུ་ཞུགས། །སྒྲ་ཟུར་མ་ཆག་མ་ཚང་ མེད་པ་དང་། །མི་ཞུམ་མི་ཞན་རབ་དགའ་ཁྱབ་པ་དང་། །ཐ་བ་མེད་དང་རྒྱུན་ཆགས་འབེལ་བ་དང་། །སྒྲ་ཀུན་རྫོགས་བྱེད་དབང་པོ་ཚིམ་པར་བྱེད། །མ་སྨད་མི་འགྱུར་མ་རྟབས་འཁོར་ཀུན་ གྲགས། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ནི། །ཐུབ་མཆོག་གསུང་དབྱངས་ཡན་ལག་དྲུག་ཅུ་སྟེ། །ཆགས་སྡང་རྨོངས་དང་བདུད་རྣམས་འཇོམས་བྱེད་པའོ། །ཞེས་གསུངས་པ་ལྟར་ རོ། །དེ་ཡང་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པའི་མཚན་རྟགས་བཟང་པོ་ཡིན་པས་ན་མཚན་དང་། ནང་གི་ཐུགས་རྒྱུད་ཀྱི་ཡོན་ཏན་ཕྱི་རོལ་གཞན་ལ་གོ་བར་བྱེད་པའི་དཔེ་ལྟ་བུའི་ཆ་བྱད་

ཡིན་པས་ན་དཔེ་བྱད་དོ། །མཚན་དཔེའི་སྐབས་སུ་ཚིག་འདྲ་བ་རྣམས་མཚན་གྱི་སྐབས་སུ་ངོ་བོ་དང་། དཔེ་བྱད་དུ་དེའི་ཁྱད་པར་ཕྲ་མོ་རྫོགས་པའི་ཆ་ནས་གོ་བར་བྱ་དགོས་པར་གསུངས་ལ། སྤྱིར་འཁོར་ལོས་སྒྱུར་བ་རྣམས་ལ་མཚན་བཟང་ཆ་འདྲ་ཙམ་ཡོད་ཀྱང་སངས་རྒྱས་རྣམས་བཞིན་གསལ་ལ་རྫོགས་པ་མེད་ཅིང་། ཁྱད་པར་བལྟར་མི་མངོན་པའི་དབུའི་གཙུག་ཏོར་དང་མཛོད་ སྤུ་དེ་དག་ལས་ཁྱད་པར་འཕགས་པར་གསུངས་སོ། །དེ་བཞིན་མཆོག་གི་སྤྲུལ་སྐུ་ལ་མཚན་དཔེ་འདི་དག་ཡོད་ཀྱང་སྤྲུལ་སྐུ་ནི་མ་ངེས་པ་ལྔ་དང་ལྡན་པའི་རང་བཞིན་ཅན་དུའང་གསུངས་པས་ གང་འདུལ་གདུལ་བྱའི་དོན་ལ་སྐུ་ཅིར་ཡང་སྣང་བ་ཡིན་གཤིས་མཚན་དཔེའི་ཡོན་ཏན་དངོས་ནི་ལོངས་སྐུ་ལ་བཞག་པར་གསུངས་སོ། །གསུམ་པ་སྤྲུལ་སྐུ་ལ་གསུམ་གྱི་དང་པོ་ནི་རྒྱུད་བླ་མ་ ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་ དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་

རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་ པར་སྟོན། །ཅེས་པ་ལྟར་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་འགྲོ་བའི་དོན་མཛད་པ་མཆོག་གི་སྤྲུལ་སྐུ་དང་། གཉིས་པ་དྲི་ཟ་རབ་དགའ་འདུལ་ཕྱིར་དྲི་ཟའི་པི་ཝང་ལེན་པར་སྤྲུལ་པ་ལྟ་བུ་སོགས་ བཟོ་ཡི་སྤྲུལ་སྐུ་དང་། གསུམ་པ་བླ་མ་དགེ་བའི་བཤེས་གཉེན་ནམ་བརྒྱ་བྱིན་དང་རི་དྭགས་རུ་རུ་སོགས་སྐྱེ་གནས་སྣ་ཚོགས་པར་སྐྱེ་བ་བཟུང་ནས་འགྲོ་བའི་དོན་མཛད་པ་སྐྱེ་བ་སྤྲུལ་སྐུ་སྟེ་ གསུམ་མོ། །དེས་ན་རྒྱལ་བའི་ཕྲིན་ལས་ནི་དུས་རྒྱུན་ཆད་མེད་པས་རྟག་པ། ཕྱོགས་དང་རིས་སུ་ཆད་པ་མེད་པས་ཐམས་ཅད་དུ་ཁྱབ་པ། འབད་མེད་ལྷུན་གྱིས་གྲུབ་པ་སྟེ་རྣམ་པ་གསུམ་གྱི་ སྒོ་ནས་གདུལ་བྱ་རྣམས་ལམ་གྱི་རྟེན་ལ་འགོད་པ། ལམ་ལ་འགོད་པ། འབྲས་བུ་ལ་འགོད་པའི་ཕྲིན་ལས་མཛད་པའོ། །དེ་ཡང་སངས་རྒྱས་ལ་མཛད་པ་བསྒྲུབ་པའི་རྟོག་པ་རང་མཚན་པ་ མེད་པས་སེམས་ཅན་གྱི་ཁམས་ལ་ཕྲིན་ལས་ཇི་ལྟར་འཇུག་སྙམ་ན། རྟོག་པ་མེད་ཀྱང་གཞན་སྣང་ལ་འབྱུང་བའི་སངས་རྒྱས་ཀྱི་ཐུགས་རྗེ་དང་། གདུལ་བྱའི་སྨོན་ལམ་གྱི་དབང་ལས་སྐུའི་

སྣང་བ་འབད་མེད་དུ་སྟོན་པ་བརྒྱ་བྱིན་ལྟ་བུ། གསུང་ལེགས་པར་འདོམས་པ་ལྷའི་རྔ་བོ་ཆེ་ལྟ་བུ། ཐུགས་མཁྱེན་བརྩེས་ཁྱབ་པ་སྤྲིན་ལྟ་བུ། སྤྲུལ་པ་སྟོན་པ་ཚངས་པ་ལྟ་བུ། ཡེ་ཤེས་སྤྲོ་བ་ ཉི་མ་ལྟ་བུ། སྐུའི་གསང་བ་ནམ་མཁའ་ལྟ་བུ། གསུང་གི་གསང་བ་སྒྲ་བརྙན་ལྟ་བུ། ཐུགས་ཀྱི་གསང་བ་ནོར་བུ་ལྟ་བུ། གཞན་དོན་མཛད་པ་ས་གཞི་ལྟ་བུ་སྟེ་ཁྱད་པར་གྱི་དཔེ་དགུའི་ཚུལ་ གྱིས་མཛད་པར་གསུངས་ལ། དེའི་ཕྱིར་སྐུ་གསུམ་བསྟན་པའི་མདོ་ལས། ཆོས་ཀྱི་སྐུ་ནི་ངོ་བོས་རྟག་པའོ། །ལོངས་སྐུ་ནི་རྒྱུན་གྱིས་རྟག་པའོ། །སྤྲུལ་སྐུ་ནི་རྒྱུན་མི་ཆད་པའི་རྟག་པའོ་ཞེས་ གསུངས་པ་ལྟར་འཁོར་བ་མ་སྟོང་བར་འགྲོ་བའི་དོན་མཛད་པ་ཡིན་ལ། འོ་ན་འཁོར་བ་ལ་ཐོག་མཐའ་མེད་པར་གསུངས་ན་མཐའ་མ་སྟོང་པའི་མཛད་པ་ཇི་ལྟར་བསྒྲུབ་སྙམ་ན་སེམས་ཅན་སྤྱི་ མཐུན་གྱི་ངོས་ནས་གཞལ་ན་ཐོག་མཐའ་མེད་ཀྱང་གང་ཟག་སྒོས་བཙན་གྱི་ངོས་ནས་གཞལ་ན་ལམ་ཉམས་སུ་བླངས་པ་ལས་འབྲས་བུ་བྱང་ཆུབ་ཐོབ་སྟེ་རང་སྣང་འཁྲུལ་པའི་འཁོར་བ་སྟོང་པ་ མངོན་དུ་འགྲུབ་པ་ཡིན་པས་མཐའ་ཡོད་པར་གྲུབ་བོ། །བརྟེན་པ་ཡེ་ཤེས་དང་མཛད་པ་ཕྲིན་ལས་སོགས་ནི་ཞར་ལ་འབྱུང་བས་འདིར་ཡིག་རྫོབ་ཆེ་བའི་རྒྱུ་ལ་འཇིགས་ནས་དམིགས་སུ་མ་སྤྲོས་

ཤིང་། སྤྱིར་བཏང་ནི་ཡེ་ཤེས་ལ་ཡེ་ཤེས་ལྔའམ་ཡང་ན་ཆོས་ཉིད་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཆོས་ཅན་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་སུ་འདུ་ཞིང་། ཕྲིན་ལས་ལ། ཆོས་སྐུའི་ཕྲིན་ལས་སྤང་རྟོགས་ཀྱི་ཡོན་ཏན་ཇི་སྙེད་པ། ལོངས་སྐུའི་ཕྲིན་ལས་ངེས་པ་ལྔ། མཆོག་གི་སྤྲུལ་སྐུའི་ཕྲིན་ལས་མཛད་པ་བཅུ་གཉིས་ཀྱིས་གཙོས་པའི་གོང་དུ་ཇི་ སྐད་སྨོས་པ་ལྟར་དང་འོག་ནས་ཀྱང་ཞར་ལ་འབྱུང་བ་བཞིན་སེམས་ཅན་ལ་ཕན་པའི་མཛད་པ་ཅིར་ཡང་བསྒྲུབ་པར་འདུའོ། །གཉིས་པ་ཐུན་མོང་མ་ཡིན་པ་ནི་ཇི་སྐད་དུ་རིན་ཆེན་སྒྲོན་མ་ལས། མི་གནས་ཆོས་དབྱིངས་དཀྱིལ་འཁོར་ན། །ཀུན་བཟང་ཡབ་ཡུམ་ཞེས་བྱའོ། །དེ་ལས་ལོངས་སྐུར་བཞེངས་པ་ན། །རིགས་ལྔའི་སངས་རྒྱས་ཡིན་པར་གྲགས། །སྤྲུལ་པས་འགྲོ་དོན་མཛད་ པ་ན། །རྡོ་རྗེ་སེམས་དཔའ་རྡོ་རྗེ་འཛིན། །གྲངས་མེད་དཔག་གིས་མི་ལང་ངོ་། །ཞེས་གསུངས་པ་ལྟར་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལས་ཆོས་སྐུ་ནི་མཐའ་དབུས་ཕྱོགས་ཆ་ལ་སོགས་ པ་སྤྲོས་པའི་མཚན་མ་ཐམས་ཅད་ཉེ་བར་ཞི་བ་དག་པ་གཉིས་ལྡན་ཡང་དག་དོན་གྱི་འོག་མིན་ཆེན་པོར་དབྱིངས་རིག་ཟུང་འཇུག་གནས་ལུགས་དོན་དམ་པའི་སྟངས་དཔྱལ་སྐུ་དང་ཡེ་ཤེས་རྣམས་

ཀྱི་འཕྲོ་གཞི་ནང་གསལ་སྐུ་གསུམ་ལྷུན་གྲུབ་རིན་པོ་ཆེའི་ངོ་བོར་དམིགས་བསམ་སྤྲོས་པ་དང་བྲལ་བར་བཞུགས་པའོ། །དེ་ལས་རང་བཞིན་ལྷུན་གྱིས་གྲུབ་པའི་སྣང་ཆ་ལོངས་སྐུའི་ཡོན་ཏན་ རང་ཤར་བ་ལ་གཉིས་ལས། དང་པོ་ལོངས་སྐུ་ཞི་བ་ནི་གནས་ཕུན་སུམ་ཚོགས་པ་སྟེང་འོག་ཕྱོགས་བཅུ་མཐའ་དབུས་ལ་སོགས་པའི་རིས་སུ་ཆད་པ་མེད་ཅིང་ས་གཞི་ཐམས་ཅད་ཡེ་ཤེས་ཀྱི་ རང་རྩལ་ལས་གྲུབ་པའི་མཐིང་དཀར་སེར་དམར་ལྗང་གུ་ལ་སོགས་པར་སྣང་བར་ཡེ་ཤེས་ལྔ་མཚོན་པའི་རྟགས་སུ་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པའི་སྟེང་ལ་སངས་རྒྱས་ཀྱི་ཡོན་ཏན་ དཔག་ཏུ་མེད་པ་རྫོགས་པའི་བརྡར་དབུས་ཀྱི་གཞལ་ཡས་ཁང་གྲུ་བཞིས་གཙོས་པའི་དབྱིབས་དང་ཁ་དོག་སྣ་ཚོགས་པར་སྣང་བ་སྟེ་གསང་སྙིང་ལས། ཡེ་ཤེས་རིན་པོ་ཆེ་དབྱིབས་དང་ཁ་དོག་ ལ་སོགས་པ་རྣམ་པ་ཐ་དད་པའི་བྱེ་བྲག་དང་ཁྱད་པར་དུ་གྱུར་པས་འཕགས་པ། ཚད་དཔག་ཏུ་མེད་པ་ཞེས་སོ། །དེ་ཡང་གཞལ་ཡས་ཁང་དེར་ཚད་མེད་བཞི་མཚོན་པའི་རྟགས་སུ་སྒོ་བཞི་ དང་། རྣམ་པར་ཐར་པ་བརྒྱད་མཚོན་པའི་རྟགས་སུ་རྟ་རྐང་ལ་སོགས་རྟ་བབས་བརྒྱད་དང་ལྡན་པ་ལ་ཐུགས་རྗེས་འགྲོ་བ་སྐྱོབ་པའི་བརྡར་རིན་པོ་ཆེའི་གདུགས་དང་། སྲིད་པའི་རྩ་བ་གཅོད་

པའི་ཆོས་ཀྱི་འཁོར་ལོ་ལ་རི་དྭགས་གཉིས་ཀྱིས་བསྐྱོད་པས་འཁོར་བ། ཡེ་ཤེས་རེ་རེར་ཡང་མེ་ལོང་ཡེ་ཤེས་ལ་སོགས་ཡེ་ཤེས་བཞི་བཞི་མཚོན་ཕྱིར་རིགས་ བཞིའི་ཁ་དོག་དང་མཐུན་པའི་གློ་འབུར་ཕྱིར་འཕྱར་བ། ཕྲིན་ལས་རྒྱུན་མི་ཆད་པའི་རྟགས་སུ་ཕ་གུ་སེར་པོ་དང་། དྲྭ་བ་དྲྭ་ཕྱེད། མདའ་ཡབ་པུ་ཤུ་ལ་སོགས་པ་དང་། འདོད་ཡོན་མ་སྤངས་ རྒྱན་དུ་རོལ་པའི་རྟགས་སུ་ཕྱི་ནང་རྩིག་འགྲམ་གྱི་སྣམ་བུར་སྒེག་མོ་ལ་སོགས་བདེ་སྟོང་ཡེ་ཤེས་ཀྱི་མཆོད་སྤྲིན་སྤྲོ་བའི་མཆོད་པའི་ལྷ་མོའི་ཚོགས་ཀྱིས་གང་བ། གཞན་ཡང་ཐུགས་ཡེ་ཤེས་ཀྱི་ རིག་པའི་རང་རྩལ་ལས་ཅིར་ཡང་འཕྲུལ་པའི་རྔ་ཡབ་དང་། འཕན་དང་། རྒྱལ་མཚན་དང་། ལྷའི་གོས་དང་། དར་གྱི་ལྡ་ལྡི་ལ་སོགས་པ་རྒྱན་གྱི་བཀོད་པ་དཔག་ཏུ་མེད་པས་མཛེས་པ། རྒྱལ་བ་རྣམས་ཀྱི་མི་ཟད་རྒྱན་འཁོར་ལྔ་ཡི་ཡོན་ཏན་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཟླུམ་པའི་བརྡར་བུམ་པ་ཟླུམ་པོའི་རྣམ་པར་འཁྱིལ་བའི་སྟེང་དུ་ཆོས་འཁོར་ཟ་ར་ཚགས་དང་བཅས་པའི་ གཙང་ཁང་ཕྱུར་བུར་མཛེས་པའི་སྟེང་ན་ཡོན་ཏན་ཐམས་ཅད་ཀྱི་རྩེ་མོར་གྱུར་པའི་རྟགས་སུ་འོད་ཟེར་ཀུན་ནས་འཕྲོ་བའི་རིན་པོ་ཆེའི་ཏོག་ཀུན་ནས་བལྟར་མི་མངོན་པས་མཛེས་ཤིང་། གཞལ་

ཡས་ཁང་དེའི་ནང་དུ་དབུས་ནས་བརྩིས་པའི་བརྟེན་པ་ལྷ་སངས་རྒྱས་རིགས་ལྔ་སོ་སོའི་གདན་ཁྲི་བརྡ་རྟགས་དང་བཅས་པ་ནི་རིན་པོ་ཆེ་དབང་གི་རྒྱུད་ལས། སྐུ་ནི་མི་འཇིགས་བདུད་བཞི་རབ་ ཏུ་འཇོམས། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །ཐུགས་ནི་སྟོབས་བཅུས་མི་དགེ་བཅུ་རྣམས་འདུལ། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་ བཞི་ཆགས་མེད་བགྲོད། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་བཅུ་མཐར་ཕྱིར་རྒྱལ་བའི་ཚུལ། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་ཕྲིན་ལས་ རྣམ་བཞིས་སྐྱེ་ཤི་སྒྲོལ། །དེ་གྲུབ་རྟགས་སུ་མཁའ་ལྡིང་ཁྲི་ལ་བཞུགས། །ཞེས་གསུངས་པ་ལྟར་དང་། གཞན་ཡང་གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་བའི་རྟགས་སུ་རིན་པོ་ཆེའི་ཁྲི་དང་། འཁོར་བའི་སྐྱོན་གྱིས་མ་གོས་པའི་རྟགས་སུ་པདམའི་གདན་དང་། ཐབས་ཤེས་ཟུང་དུ་འཇུག་པའི་རྟགས་སུ་ཉི་ཟླའི་གདན་ལ། སྟོན་པ་ཕུན་སུམ་ཚོགས་པ་དབུས་སུ་ཆོས་དབྱིངས་ཡེ་ཤེས་ཀྱི་ རང་རྩལ་སྐུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་སྐུ་མདོག་མཐིང་ག ཤར་དུ་མེ་ལོང་ཡེ་ཤེས་ཀྱི་རང་རྩལ་མི་བསྐྱོད་པ་ཐུགས་རྡོ་རྗེའི་རིགས་སྐུ་མདོག་དཀར་པོ། ལྷོ་རུ་

མཉམ་ཉིད་ཡེ་ཤེས་ཀྱི་རང་རྩལ་རིན་ཆེན་འབྱུང་ལྡན་ཡོན་ཏན་རིན་ཆེན་གྱི་རིགས་སྐུ་མདོག་སེར་པོ། ནུབ་ཏུ་སོར་རྟོག་ཡེ་ཤེས་ཀྱི་རང་རྩལ་སྣང་བ་མཐའ་ཡས་ གསུང་པདམའི་རིགས་སྐུ་མདོག་དམར་པོ། བྱང་དུ་བྱ་གྲུབ་ཡེ་ཤེས་ཀྱི་རང་རྩལ་ཕྲིན་ལས་ལས་ཀྱི་རིགས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་སྟེ་དེ་དག་ཀྱང་ཇི་སྐད་དུ་རྡོ་རྗེ་མེ་ལོང་ལས། རྡོ་རྗེ་འཁོར་ལོར་རལ་གྲི་འབར། །དྲིལ་བུ་པདམ་རིན་པོ་ཆེ། །གཞན་གང་གནས་སུ་རྡོ་རྗེ་ཤེས། །དང་པོ་ཐུགས་དང་གཡོན་འཁྱུད་པའོ། །ཞེས་རང་རང་གི་རིགས་ཀྱི་ཕྱག་མཚན་འཛིན་ཅིང་། སྣང་བའི་དབྱིངས་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་དང་། མཉན་པའི་དབྱིང་མཱ་མ་ཀཱི །སྲ་བའི་དབྱིངས་སངས་རྒྱས་སྤྱན་མ། དྲོ་བའི་དབྱིངས་གོས་དཀར་མོ། བསྐྱོད་པའི་དབྱིངས་ དམ་ཚིག་སྒྲོལ་མ་སྟེ་ཡེ་ཤེས་རང་རྩལ་དབྱིངས་ཀྱི་ཡུམ་ལྔ་གཡས་རང་རྟགས་དང་གཡོན་དྲིལ་བུ་འཛིན་པ་རྣམས་དང་ཐབས་གཅིག་ཏུ་སྐུ་ཞི་བའི་ཚུལ་དགུ་ལ་ལོངས་སྐུའི་རྒྱན་ཆས་བཅུ་ གསུམ་གྱིས་མཛེས་པར་བཀླུབས་ཤིང་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ངོ་བོར་གཉིས་སུ་མེད་པར་བཞུགས་པའོ། །དེ་ལ་ཞི་བའི་ཚུལ་དགུ་ནི། ང་རྒྱལ་དག་པའི་རྟགས་སུ་སྐུ་མཉེན་པ།

ཞེ་སྡང་དག་པའི་རྟགས་སུ་སྐུ་དང་ཡན་ལག་སོ་སོའི་སྐབས་ཕྱེད་པས་ལྷུག་པ། འདོད་ཆགས་དག་པའི་རྟགས་སུ་སྐུ་ཤ་ལྷོད་པོར་མ་གྱུར་པས་འཁྲིལ་བག་ཆགས་པ། གཏི་མུག་དག་པའི་ རྟགས་སུ་སྐུ་གྱོང་མཁྲེགས་ཀྱི་རྣམ་པ་ལྟ་བུ་མིན་པས་ལྡེམ་པ། ཕྲག་དོག་དག་པའི་རྟགས་སུ་ལང་ཚོ་ཤིན་ཏུ་རྒྱས་པས་གཞོན་ཚུལ་ཆགས་པ། སྐྱོན་གྱི་དྲི་མས་མ་གོས་པའི་རྟགས་སུ་གསལ་ བ༑ ཆེ་བའི་ཡོན་ཏན་རྫོགས་པའི་རྟགས་སུ་འཚེར་བ། མཚན་དཔེའི་ཡོན་ཏན་རྫོགས་པའི་རྟགས་སུ་ལྷུན་སྡུག་པ། ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས་སུ་གཟི་བྱིན་དང་ལྡན་པ་དང་། རྒྱན་ཆས་བཅུ་གསུམ་ནི། དར་མཐིང་ཁྲའི་གཟི་ལྡིར། ཁ་དོག་སྣ་ལྔའི་ཅོད་པན། གར་གྱི་ཕུ་དུང་། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས། ཚིགས་དགུའི་སྨད་དཀྲིས་ ཏེ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། དོ་ཤལ། སེ་མོ་དོ། ཕྱག་གདུབ། ཞབས་གདུབ་སྟེ་རིན་པོ་ཆེའི་རྒྱན་བརྒྱད་དང་ བསྡོམས་པས་བཅུ་གསུམ་མོ། །ཡང་དབུ་རྒྱན། སྙན་ཆ། གདུ་བུ། དོ་ཤལ། དཔུང་རྒྱན། སེ་མོ་དོ། མེ་ཏོག་གི་ཕྲེང་བ་སྟེ་བྱང་ཆུབ་ཀྱི་ཡན་ལག་བདུན་མཚོན་བྱེད་རིན་པོ་ཆེའི་རྒྱན་

བདུན་ཞེས་ཀྱང་གསུངས་ལ། དེ་ལྟ་བུའི་ལྷ་ཚོགས་རྣམས་ཀྱང་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་གང་བ་དང་། དེའི་ཕྲིན་ལས་ཀྱི་འཇུག་པ་སེམས་ཅན་གྱི་ ཁམས་ལ་རྒྱུན་མི་འཆད་པ་དང་། དེ་ཡང་གང་འདུལ་གདུལ་བྱའི་དོན་རྟག་ཏུ་འབད་རྩོལ་མེད་པར་མཛད་པས་འགོག་པ་མེད་པ་སྟེ་སྤྲུལ་སྐུའི་ཡན་ལག་གསུམ། ཡེ་ཤེས་རང་འོད་ཀྱི་ལྷ་མོ་ རྣམས་དང་གཉིས་སུ་མེད་པར་སྦྱོར་བའི་ཁ་སྦྱོར་དང་། དེ་ལས་ཟག་པ་མེད་པའི་བདེ་བ་ཆེན་པོས་ཡོངས་སུ་གང་བས་བདེ་ཆེན་དང་། ངེས་པ་ལྔ་ལྡན་གྱི་ངོ་བོར་དགོངས་བརྒྱུད་ཀྱི་ཆོས་ལ་ རྟག་པར་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པ་སྟེ་ལོངས་སྐུའི་ཡན་ལག་གསུམ། རྣམ་པའི་ཡོན་ཏན་གྱི་ཆོས་དེ་ལྟ་བུ་དང་ལྡན་ཡང་ངོ་བོ་གདོས་བཅས་སམ་ཟག་བཅས་མ་ཡིན་པས་རང་ བཞིན་མེད་པ་ཆོས་སྐུའི་ཡན་ལག་སྟེ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་བདག་ཉིད་དུ་བཞུགས་པ་ནི་ཇི་སྐད་དུ། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་ གང་རྒྱུན་མི་འཆད་དང་འགོག་པ་མེད། །ཅེས་གསུངས་པ་ལྟར་རོ། །དེ་ཡང་ཐུན་མོང་གི་མཚན་དཔེའི་ཞི་བའི་ཚུལ་དགུའི་ནང་གི་ལྷུན་སྟུག་པའི་ནང་རྫོགས་པའི་སྟེང་འདིར་ཐུན་མོང་མ་ཡིན་

པའི་མཚན་དཔེ་ནི་རྒྱུད་ཀྱི་དོན་བཞིན་ཀུན་མཁྱེན་ཆེན་པོས། ཡེ་ཤེས་བཅུ་དྲུག་གི་རྩལ་སེམས་དཔའ་བཅུ་དྲུག་དང་། དེའི་ཡུལ་ཆོས་དབྱིངས་བཅུ་དྲུག་གི་རྩལ་སེམས་མ་བཅུ་དྲུག་སྟེ་མཚན་ བཟང་སུམ་ཅུ་རྩ་གཉིས་དང་། སེམས་དཔའ་བཅུ་དྲུག་རེ་རེ་ལའང་ཡེ་ཤེས་ལྔ་ལྔའི་རྟགས་རིགས་ལྔ་ལྔས་དབུ་རྒྱན་གྱི་རིགས་ལྔ་བརྒྱད་ཅུ་སྟེ་དཔེ་བྱད་བརྒྱད་ཅུའོ། །ཡུམ་བཅུ་དྲུག་ལ་དབུ་ རྒྱན་མེད་དེ་ཆོས་དབྱིངས་མཚོན་པའི་ཕྱིར་རོ། །དེ་དག་མཚན་དཔེར་འཇོག་པ་ནི་འཁོར་ཕུན་སུམ་ཚོགས་པས་གཙོ་བོའི་རང་བཞིན་ཡང་བཀོད་པས་མཛེས་ཤིང་ཕུན་སུམ་ཚོགས་པ་སྟེ་མེ་ཏོག་ གི་ཟེའུ་འབྲུ་དང་འདབ་མས་མེ་ཏོག་གི་བཀོད་པ་མཛེས་པར་བྱེད་པ་ལྟ་བུའོ་ཞེས་གསུངས་པ་བཞིན་ནོ། །དེ་ལས་འཁོར་ཕུན་སུམ་ཚོགས་པ་ནི་ས་ལ་གནས་པའི་སེམས་དཔའ་ལྟ་བུ་མ་ཡིན་ པར་སྟོན་པའི་ཐུགས་རིག་པའི་ཡེ་ཤེས་ཀྱི་རྩལ་ལས་མི་གཞན་པ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། སྤྱན་རས་གཟིགས་ཏེ་བཞི་ལ་ ཡུམ་སྒེག་མོ་མ་དང་། གླུ་མ་དང་། ཕྲེང་བ་མ་དང་། གར་མ་སྟེ་ནང་གི་སེམས་དཔའ་ཡབ་ཡུམ་བརྒྱད། བྱམས་པ་དང་། སྒྲིབ་པ་རྣམ་སེལ་དང་། ཀུན་ཏུ་བཟང་པོ་དང་། འཇམ་

དཔལ་དབྱངས་ཏེ་བཞི་ལ་བདུག་སྤོས་མ་དང་། མེ་ཏོག་མ་དང་། སྣང་གསལ་མ་དང་། དྲི་ཆབ་མ་སྟེ་ཕྱི་སེམས་ཡབ་ཡུམ་བརྒྱད་དང་། རང་སྣང་ཡེ་ཤེས་ཀྱི་ དཀྱིལ་འཁོར་ལ་མཚན་མའི་བདུད་དང་ལོག་འདྲེན་གང་གིས་ཀྱང་གླགས་མི་རྙེད་པ་དང་། བསྡུ་བའི་དངོས་པོ་བཞི་ཡིས་འགྲོ་བའི་དོན་མཛད་པའི་རྟགས་སུ་གཤིན་རྗེ་གཤེད་དང་། སྟོབས་པོ་ ཆེ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་བ་སྟེ་ཡབ་བཞི་དང་། ཡུམ་ལྕགས་ཀྱུ་མ་དང་། ཞགས་པ་མ་དང་། ལྕགས་སྒྲོག་མ་དང་། དྲིལ་བུ་མ་སྟེ་འཇོམས་བྱེད་ཁྲོ་བོའི་འཁོར་སྒོ་ བ་ཡབ་ཡུམ་བརྒྱད་དུ་སྣང་བ་རྣམས་ནས་རང་རང་གི་རིགས་དང་ལས་ཀྱི་ཁྱད་པར་དང་མཐུན་པའི་སྐུ་མདོག་ཕྱག་མཚན་དང་བཅས་པ་སྟེ་ནང་གི་དགོངས་པ་གཙོ་བོ་དང་ཐ་མི་དད་ཅིང་། ཕྱི་འཁོར་གྱི་རྣམ་པའི་ཚུལ་དུ་བཞུགས་པ་ལ། ཆོས་ཕུན་སུམ་ཚོགས་པ་ཀུན་བྱེད་ལས། ཆོས་ནི་རང་བཞིན་རྫོགས་པ་ཆེན་པོ་སྟེ། །སྙིང་པོ་ལྷུན་འབྱམས་སྨྲ་བསམ་བརྗོད་ལས་འདས། ། ཞེས་གསུངས་པ་ལྟར་སྒྲ་ཚིག་རང་མཚན་ལས་འདས་པའི་ཆོས་ཀྱི་འཁོར་ལོ་གསུངས་པ་མེད་བཞིན་དུ་འཁོར་རྣམས་ཀྱི་རང་ངོའི་ཤེས་རབ་ཀྱི་ཆ་ལ་སྣང་བའི་ཚུལ་དུ། དུས་ཕུན་སུམ་ཚོགས་

པ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་ངེས་པ་ལས་འདས་པའི་གཞིར་རྫོགས་འཕོ་འགྱུར་མེད་པའི་དུས་སུ་བསྐོར་བ་སྟེ་རྣམ་སྣང་མངོན་བྱང་ལས། ཡེ་ཤེས་ཀྱི་སྣང་བ་ཆེན་པོར་རང་གསལ་ བའི་མི་གཡོ་བའི་དུས་ཏེ་ཞེས་གསུངས་པ་ལྟར་རོ། །དེ་ཡང་རྒྱལ་བའི་ཐུགས་རྗེའི་ཕྲིན་ལས་གདུལ་ཡུལ་ལ་ཐོགས་མེད་དུ་འཇུག་པའི་བརྡར་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སྤྲུལ་སྐུ་ ཐུབ་དྲུག་བརྩི་བས་ཞི་བ་བཞི་བཅུ་ཞེ་གཉིས་སུ་བགྲངས་པ་ལས་རང་སྣང་དོན་གྱི་ལོངས་སྤྱོད་རྫོགས་པའི་འོག་མིན་དུ་གཟུགས་སྐུའི་རྣམ་པར་དངོས་སུ་སྣང་བ་ནི་རྒྱལ་བ་སུམ་ཅུ་རྩ་བཞིར་ གསུངས་སོ། །སྐུ་མདོག་གི་བརྡ་དོན་ནི་དགོངས་འདུས་རྣམ་བཤད་ལས། སྐུ་མདོག་དཀར་པོ་ནི་ཉེས་པའི་སྐྱོན་གྱིས་མ་གོས་པའི་བརྡ། སྐུ་མདོག་སེར་པོ་ནི་ཆེ་བའི་ཡོན་ཏན་རྒྱས་པར་ མཚོན་པ། སྐུ་མདོག་དམར་པོ་རྣམས་འགྲོ་ལ་རྗེས་སུ་ཆགས་པ་དང་། སྐུ་མདོག་ལྗང་གུ་རྣམས་ཕྲིན་ལས་སྣ་ཚོགས་སུ་མཛད་པའི་བརྡ། སྐུ་མདོག་ནག་པོ་རྣམས་ཆོས་ཉིད་མི་འགྱུར་བ་ མཚོན་བྱེད། སྐུ་མདོག་སྣ་ཚོགས་པ་ནི་རིགས་འདྲེས་པའི་བརྡ་སྟེ་དེ་དག་གི་ཡོན་ཏན་ཆ་ཤས་ནས་མགོ་མཚུངས་པར་ཤེས་པར་བྱའོ་ཞེས་གསུངས་སོ། །གཉིས་པ་ལོངས་སྐུ་ཁྲོ་བོ་ནི།

གཞི་ལྷུན་གྱིས་གྲུབ་པའི་ཁྲོ་བོ་ཆོས་ཉིད་ཞི་བ་མཉམ་པ་ཉིད་ཀྱི་དབྱིངས་སུ་དངོས་པོ་མཚན་མའི་ཆོས་སུ་འཛིན་པའི་གཟུང་འཛིན་གྱི་བདུད་ཚོགས་ནམ་ཡང་མི་ དམིགས་པས་ན་ཆོས་ཉིད་ངང་གིས་ཁྲོས་པའི་ཁྲོ་བོ་དང་། དེའི་རང་གདངས་རང་བཞིན་ལྷུན་གྱིས་གྲུབ་པའི་ཧེ་རུ་ཀའི་དཀྱིལ་འཁོར་དུ་རང་ཤར་བ་ལོངས་སྤྱོད་རྫོགས་པའི་ཁྲོ་བོ་དང་། དེ་ལས་གདུལ་བྱ་ལས་ཀྱི་ཁྲོ་བོ་གདུག་པ་ཅན་གྱི་ངོར་འདུལ་བྱེད་སྤྲུལ་པའི་ཁྲོ་བོར་སྣང་བ་སྟེ་ཐབས་ཞགས་ལས། མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་ལོ། །ཁྲོ་བས་ལོངས་སྤྱོད་མཛད་ལ་ ཕྱག་འཚལ་ལོ། །རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེས་ན་ལོངས་སྐུའི་ཁྲོ་བོའི་རྟེན་དང་བརྟེན་པའི་མཚན་ཉིད་ཕྱོགས་ཙམ་ཞིག་སྨོས་ན་གསང་སྙིང་ལས། རྡོ་རྗེའི་བྲག་ཆེན་སྲ་བ་པོ། །རྡོ་རྗེའི་ཆུ་སྟེ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེའོ། །ཞེས་གསུངས་པ་ལྟར་དུག་ལྔ་མ་སྤངས་གནས་སུ་དག་པའི་རྟགས་སུ་ རཀྟའི་རྒྱ་མཚོ། ཤ་ཆེན་གྱི་ས་གཞི། ཀེང་རུས་ཀྱི་རི་རབ། ཡེ་ཤེས་ཀྱི་མེ་དཔུང་། རྡོ་རྗེའི་བྲག་རི་ལ་སོགས་པ་རབ་ཏུ་འཇིགས་པའི་དྲག་པོའི་གནས་ཀྱི་བཀོད་པ་ཡོངས་སུ་རྫོགས་པའི་

དབུས་སུ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ཁྲག་གི་ཁྱམས་དང་བཅས་པ་སྟེ། དེ་ཡང་ཐོད་པ་སྐམ་རློན་རྙིད་གསུམ་གྱི་རྩིག་པ་ལ་གནམ་ལྕགས་ཀྱི་གཟེར་ བུས་གདབ་ཅིང་། གླང་ཆེན་གྱིས་ཞལ་བ་དང་ལྡན་པ་ལ་ཐོད་པ་སྣ་ཚོགས་ཀྱི་ཕ་གུ་ཕྱིར་འཕྱར་བ། སྦྲུལ་དང་ཐོད་ཕྲེང་སོགས་ཀྱི་དྲྭ་བ་དྭ་ཕྱེད་ཙིཏྟའི་ཕོ་ལོང་དང་བཅས་པ་ཐུར་བསྟན་དུ་དཔྱང་ བ༑ རྐང་ལག་གི་ཤར་བུ་དང་། སྒལ་ཚིགས་ཀྱི་མདའ་ཡབ། རུས་སྦལ་དང་ཆུ་སྲིན་གྱི་ཡ་ཐེམ་མ་ཐེམ། སྦྲུལ་ནག་གི་རུ་ཤིང་དང་། ཞིང་གི་སྒོ་གླེགས། རྟ་བབ་སྟེང་མའི་ཆོས་འཁོར་ གཡས་གཡོན་ནས་ཆུ་སྲིན་གྱི་ཕྲུག་གུས་ལྟ་བ། སྟེང་ན་ཞིང་གི་གདུགས་དང་། ཞིང་ལྤགས་ཀྱི་ཐོག་ཕུབ། ཉི་ཟླའི་མཐོང་སྐར་དང་བཅས་པའི་དབུས་ཕྱུར་བུ་ལྷ་ཆེན་པོའི་ཐོད་པ་སྦུབ་པའི་ སྟེང་དུ་ཙིཏྟའི་ཏོག་གིས་བརྒྱན་པ་སོགས་མདོར་ན་རབ་ཏུ་འཇིགས་ཤིང་རྔམས་པའི་ཆོས་མ་ཚང་བ་མེད་པའི་དྲག་པོའི་གཞལ་ཡས་ཁང་གི་བཀོད་པ་ཡོངས་སུ་རྫོགས་པའི་ནང་དཔའ་གཏུམ་ སྟག་དང་། འཇིགས་བྱེད་སེང་གེ་དང་། གདུག་པ་གཟིག་དང་། གཏུམ་པ་དོམ་དང་། སྟོབས་ཆེན་གླང་པོ་དང་། བརྗིད་པའི་མ་ཧེ་དང་། འཛིན་པའི་ཆུ་སྲིན་དང་། ཞེ་སྡང་ལྟོ་འགྲོ་སྟེ་

བྱོལ་སོང་གཙོ་བརྒྱད་དང་། ཕྱིན་ཅི་ལོག་བཞི་དང་། བདུད་བཞི་གནོན་པའི་བརྡར་རུ་དྲ་ཕོ་མོ་ལ་སོགས་པའི་གདན་གྱི་སྟེང་དུ་སངས་རྒྱས་ཐམས་ཅད་ཀྱི་ཆེ་བའི་ ཡོན་ཏན་གསང་བ་གསུམ་ལ་རྫོགས་པས་ཆེ་བའི་མཆོག་ཏུ་གྱུར་པའམ། ལྷ་ཆེན་ཕོ་མོ་ལ་སོགས་པ་འཇིག་རྟེན་ན་ཆེ་བའི་དབང་ཕྱུག་རྣམས་ལས་མཆོག་ཏུ་གྱུར་པ་འཁོར་འདས་ཀུན་གྱི་སྤྱི་ དཔལ་ཆེ་མཆོག་ཧེ་རུ་ཀ་གཏི་མུག་མ་སྤངས་གནས་སུ་དག་ཅིང་ཆོས་དབྱིངས་ཡེ་ཤེས་མཚོན་པའི་རྟགས་སུ་སྐུ་མདོག་སྨུག་ནག སྙོམས་འཇུག་དགུ་བརྙེས་པའི་རྟགས་སུ་དབུ་དགུ་དང་། སྟོང་ཉིད་བཅོ་བརྒྱད་ཀྱི་བརྡར་ཕྱག་བཅོ་བརྒྱད། རྣམ་ཐར་བརྒྱད་ལ་མངའ་བརྙེས་པའི་རྟགས་སུ་ཞབས་བརྒྱད། གདུག་པ་ཅན་རྣམས་བསྐྲད་པའི་རྟགས་སུ་གྱད་ཆེན་པོའི་འདོར་སྟབས་སུ་ བཞུགས་ཤིང་། ཞེ་སྡང་མ་སྤངས་གནས་སུ་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་རྩལ་བཛྲ་ཧེ་རུ་ཀ་སྐུ་མདོག་དཀར་པོ། ང་རྒྱལ་མ་སྤངས་གནས་སུ་དག་པ་མཉམ་ཉིད་ཡེ་ཤེས་ཀྱི་རང་ རྩལ་རཏྣ་ཧེ་རུ་ཀ་སྐུ་མདོག་སེར་པོ། འདོད་ཆགས་མ་སྤངས་གནས་སུ་དག་པ་སོར་རྟོག་ཡེ་ཤེས་ཀྱི་རང་རྩལ་པདྨ་ཧེ་རུ་ཀ་སྐུ་མདོག་དམར་པོ། ཕྲག་དོག་མ་སྤངས་གནས་སུ་དག་པ་བྱ་གྲུབ་

ཡེ་ཤེས་ཀྱི་རང་རྩལ་ཀརྨ་ཧེ་རུ་ཀ་སྐུ་མདོག་ལྗང་གུ་སྟེ་དེ་དག་རྣམས་ཀྱང་སྐུ་གསུམ་མཚོན་ཕྱིར་དབུ་གསུམ་དང་། རྒྱུད་དྲུག་སྒྲོལ་ཕྱིར་ཕྱག་དྲུག སྐྱེ་གནས་བཞི་སྒྲོལ་ཕྱིར་ཞབས་བཞི། བདུད་བཞི་གནོན་ཕྱིར་དྲི་ཟ་གནོད་སྦྱིན་སྲིན་པོ་གཤིན་རྗེ་ལ་སོགས་པའི་སྟེང་དུ་གཙོ་བོ་བཞིན་གྱད་ཆེན་པོའི་སྟབས་ཀྱིས་གར་གྱི་ཉམས་དགུ་དང་། དུར་ཁྲོད་ཆས་བརྒྱད་དང་དཔལ་གྱི་ཆས་བཅུ་ ལ་སོགས་པ་རིག་པ་རང་སྣང་གི་རྒྱན་གྱིས་སྤྲས་ཤིང་། གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་རིགས་ལྔ་རང་རང་གི་བཙུན་མོ་སྐུ་མདོག་ཕྱག་མཚན་རང་འདྲའི་ཚོགས་དང་བཅས་ པ་བདེ་སྟོང་འདུ་འབྲལ་མེད་པའི་རྟགས་སུ་གཉིས་སུ་མེད་པར་འཁྲིལ་ཞིང་། ཕྲིན་ལས་རབ་འབྱམས་ལ་མངའ་དབང་བསྒྱུར་བའི་རྟགས་སུ་ཐུགས་ཡེ་ཤེས་ཆེན་པོའི་རང་རྩལ་ལས་འཕྲོས་པའི་ གནས་ཀྱི་མ་མོ་བརྒྱད་དང་། ཡུལ་གྱི་ཕྲ་མེན་བརྒྱད། གདོང་མོ་བཞི། དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ་སོགས་པར་ཅིར་ཡང་འཕྲུལ་ཏེ་བཞུགས་པའོ། །དེ་ཡང་འཁོར་རྣམས་ཐུན་མོང་དུ་ འཇིག་རྟེན་པར་བྱེད་པ་ཡོད་ཀྱང་། འདིར་ཐུན་མོང་མ་ཡིན་པ་ལྟར་ན་འཇིག་རྟེན་ལས་འདས་པ་སྟེ་དཔེར་ན་ཉི་ཟླ་གཟའ་སྐར་ལ་སོགས་ཐུན་མོང་གི་སྣང་ངོར་བེམ་པོའི་གཟུགས་སུ་སྣང་བ་དང་།

མདོ་ལས་ལྷ་གནས་སོགས་སུ་གསུངས་ཤིང་། ཟབ་མོའི་རྒྱུད་སྡེ་དག་ལས་དག་པ་རྒྱལ་བའི་དཀྱིལ་འཁོར་དུ་གསུངས་པ་ལྟ་བུ་རྣམ་པར་བཞག་པ་ཐ་དད་དོ། ། དེ་ཡང་དྲག་པོའི་ཞིང་དང་སྐུ་ཡི་བཀོད་པ་རྣམ་འགྱུར་ཕྱག་མཚན་ལ་སོགས་འདིར་སྤྲོས་པ་ཙམ་དུ་མ་ཟད་པར་ཡེ་ཤེས་སྒྱུ་མའི་འཕྲུལ་གྱི་རང་རྩལ་ཅིར་ཡང་སྣང་བ་སྟེ་བཅོམ་ལྡན་འདས་དགྱེས་ པ་ཆེན་པོ་ཉིད་འཇིགས་བྱེད་ཆེན་པོ་ཤིན་ཏུ་རྔམས་པ་སྐྱི་བུང་ཞེས་བྱེད་པའི་འབར་བ་ཆེན་པོའི་ཁྲག་འཐུང་སྨུག་ནག་ཅིར་ཡང་འགྱུར་བ་དབུ་དང་ཕྱག་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་མཚོན་ཆ་སྣ་ ཚོགས་འཛིན་པ་དེ་ཞེས་གསང་སྙིང་ལས་གསུངས་པའི་ཕྱིར་རོ། །ཕྱག་མཚན་སྤྱི་ཙམ་གྱི་བརྡ་དོན་ནི། ཕྱག་ཞབས་རྡོ་རྗེ་འདུས་མ་བྱས། །འཁོར་ལོ་འཁོར་བའི་ཉོན་མོངས་གཅོད། ། པདམ་སྐྱོན་གྱིས་མ་གོས་པ། །སྣ་ཚོགས་རྡོ་རྗེ་ཕྲིན་ལས་འགྲུབ། །མཚོན་ཆ་རྣམས་ནི་ལོག་རྟོག་འཇོམས། །ཞེས་སོ། །གར་གྱི་ཉམས་དགུ་ནི། གདུལ་བྱ་འདོད་ཆགས་ཅན་རྗེས་སུ་འཛིན་ པའི་རྟགས་སུ་ཆགས་པའི་ཉམས་ཀྱིས་སྒེག་པ། གདུལ་བྱ་ཞེ་སྡང་ཅན་རྗེས་སུ་འཛིན་པའི་རྟགས་སུ་ཁྲོ་བའི་ཉམས་ཀྱིས་དཔའ་བ། གདུལ་བྱ་གཏི་མུག་ཅན་རྗེས་སུ་འཛིན་པའི་རྟགས་སུ་

རྨོངས་པའི་ཉམས་ཀྱིས་འཇིགས་སུ་རུང་བ་སྟེ་སྐུ་ཡི་གར་གསུམ། གདུལ་བྱ་འདོད་ཆགས་ཅན་རྗེས་སུ་འཛིན་པའི་རྟགས་སུ་ཧ་ཧ་ཧི་ཧི་ལ་སོགས་བཞད་སྒྲ་སྒྲོག་པས་དགོད་པ། གདུལ་བྱ་ ཞེ་སྡང་ཅན་རྗེས་སུ་འཛིན་པའི་རྟགས་སུ་ཧཱུཾ་ཧཱུཾ་ཕཊ་ཕཊ་ལ་སོགས་བསྡིགས་པའི་ང་རོ་སྒྲོག་པས་གཤེ་བ། གདུལ་བྱ་གཏི་མུག་ཅན་རྗེས་སུ་འཛིན་པའི་བརྡར་གསུང་གི་སྒྲ་གདངས་འཇིགས་ པར་སྟོན་པས་དྲག་ཤུལ་གསུང་གི་གར་གསུམ། གདུལ་བྱ་ཆགས་པ་ཅན་རྣམས་རྗེས་སུ་འཛིན་པའི་སྙིང་རྗེ། གདུལ་བྱ་ཞེ་སྡང་ཅན་རྣམས་ཁྲོ་བས་འདུལ་བའི་རྔམས་པ། གདུལ་བྱ་གཏི་ མུག་ཅན་རྣམས་ཆོས་ཉིད་ཀྱི་དབྱིངས་སུ་རོ་མཉམ་པར་རྗེས་སུ་འཛིན་པའི་ཞི་བ་སྟེ་ཐུགས་ཀྱི་གར་གསུམ་དང་དགུའོ། །དུར་ཁྲོད་ཆས་བརྒྱད་ནི། སྟོབས་བཅུའི་ཡོན་ཏན་གྱིས་གཏི་མུག་ འཇོམས་པའི་བརྡར་གླང་ཆེན་གྱི་སྟོད་གཡོགས། ཆགས་མེད་སྙིང་རྗེ་ཆེན་པོས་འདོད་ཆགས་འཇོམས་པའི་བརྡར་མི་ལྤགས་ཀྱི་གཡང་གཞི། སྙིང་རྗེ་ཁྲོས་པ་དྲག་པོའི་ལས་ཀྱིས་ཞེ་སྡང་ འཇོམས་པའི་བརྡར་སྟག་ལྤགས་ཀྱི་ཤམ་ཐབས་ཏེ་བགོ་བའི་གོས་གསུམ། གདགས་པའི་རྒྱན་ལ་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ། ཚལ་བུའི་དཔུང་རྒྱན་དང་།

སྦྲུལ་རྒྱན་ལ་ཀླུ་རྒྱལ་རིགས་དཀར་ཁྲའི་སྐྲ་ཆིང་། རྗེ་རིགས་སེར་ཁྲའི་སྙན་ཆ། བྲམ་ཟེ་རིགས་དམར་པོའི་མགུལ་ཆུ། དམངས་རིགས་ལྗང་ཁྲའི་གདུ་བུ། གདོལ་རིགས་ནག་ཁྲའི་སྐ་རགས་སོ། །བྱུག་པའི་རྫས་གསུམ་ནི། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། སྨིན་དབྲག་གམ་མཁུར་ཚོས་ལ་རཀྟའི་ཐིག་ལེ། ལྐོག་མར་ཞག་གི་ཟོ་རིས་སོ། ། དེ་ཡང་བགོ་བའི་གོས་གསུམ་དང་། བྱུག་པའི་རྫས་གསུམ་སྟེང་ཐོད་པ་སྐམ་རློན་རྣམས་ཕྱོགས་གཅིག་ཏུ་བརྩི་ཞིང་། སྦྲུལ་གྱི་རྒྱན་རྣམས་ཕྱོགས་གཅིག་ཏུ་བརྩིས་ཏེ་ཐོད་ཕྲེང་དང་། སྦྲུལ་རྒྱན་ཞེས་གདགས་པའི་རྒྱན་གཉིས་སུ་དབྱེ་བས་དུར་ཁྲོད་ཆས་བརྒྱད་དོ། །དེ་དག་བརྒྱད་ཀྱི་ཁར་ཡེ་ཤེས་ཀྱི་མེ་དཔུང་དང་། རྡོ་རྗེའི་གཤོག་པ་གཉིས་བསྣན་པས་དཔལ་གྱི་ཆས་བཅུའོ། ། ཡང་བདེར་འདུས་ལས་ནི་རྒྱལ་བྱེད་ལྕགས། བསེ་ཁྲབ་དབང་། གཅན་གཟན་གཟིག སྤྲུལ་པ་རྡོ་རྗེ། གདུག་པ་སྦྲུལ། དཔའ་བོ་སྟག གཟི་མདངས་ཞིང་ལྤགས། ངར་མ་ཟལ་ཁྲབ། རྩལ་ཆེན་སེང་གེ གཏུམ་པ་དོམ་གྱི་ཆས་སོགས་བཅུ་ལ་དཔལ་གྱི་ཆས་བཅུར་བཞེད་པའོ། །ཡང་དཔལ་གྱི་ཆས་བརྒྱད་ནི། གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། །ཐབས་དང་

ཤེས་རབ་ཉི་ཟླ་ཟུང་འབྲེལ་ཆས། །གདུག་པ་ཅན་བསྲེག་ཡེ་ཤེས་མེ་ཡི་ཆས། །སྐྱེ་ཤིའི་རྩད་གཅོད་མཆེ་བ་ཟླ་ཚེས་ཆས། །ཁྱབ་མཛད་རེ་སྐོང་རྡོ་རྗེའི་གཤོག་པའི་ཆས། །མངའ་ཐང་ ཡོངས་རྫོགས་རྡོ་རྗེ་སློག་པའི་ཆས། །སངས་རྒྱས་སར་བགྲོད་དབང་གི་བསེ་ཁྲབ་ཆས། །གནོད་གདུག་བཟློག་བྱེད་རྒྱ་གྲམ་ལྕགས་ཀྱི་ཆས། །ཞེས་སོ། །དེ་བཞིན་དུ་རྟ་མགྲིན་ཁམས་ གསུམ་རོལ་པའི་སྒོས་དབང་ལས། དཔའ་བོའི་ཏིང་འཛིན་རྣོན་པོ་ལྕག་གི་ཆས། །རྣོ་གདུག་བཟློག་བྱེད་རྒྱ་གྲམ་ལྕགས་ཀྱི་ཆས། །ཤེས་རབ་ཏིང་འཛིན་རྡོ་རྗེ་འཆོལ་བའི་ཆས། །དབང་གི་ བསེ་ཁྲབ་དམར་པོ་གཟི་བརྗིད་ཆས། །དཔའ་བརྗིད་མཉེན་ལྕུག་སྦྲུལ་ནག་རྒྱན་གྱི་ཆས། །དབང་ཕྱུག་ཟ་བྱེད་ཏིང་འཛིན་མཆེ་བའི་ཆས། །རྡོ་རྗེའི་སློག་པ་མཐིང་ག་ལེ་རྒན་ཆས། །སྡུད་བྱེད་ གཅན་གཟན་གཏུམ་པ་གཟིག་གི་ཆས། །ཞེས་དང་། ཡང་རྒྱུད་གཞན་ལས། དབུ་སྐྲ་གྱེན་བརྫེས་འཁོར་བ་རུ་བཟློག་ཆས། །རྡོ་རྗེའི་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། །མཐིང་ དམར་ཅོད་པན་རྟག་ཆད་ཟིལ་གནོན་ཆས། །སྤྱི་གཙུག་རྡོ་རྗེའི་སློག་པ་རིགས་བདག་ཆས། །དབང་གི་བསེ་ཁྲབ་གཟི་འབར་བགྲོད་པའི་ཆས། །གཉིས་མེད་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། །

གནོད་གདུག་ཟློག་བྱེད་དཔའ་བོ་ལྕགས་ཀྱི་ཆས། །ཉོན་མོངས་སྲེག་བྱེད་རྡོ་རྗེ་མེ་ཡི་ཆས། །ཞེས་སོ། །ཡང་སྐབས་འགར་ཡབ་རྣམས་ལ་རུས་པའི་རྒྱན་དྲུག་ ཅེས་འབྱུང་བ་ནི། དབུ་སྐྲ་ཐོར་ཚུགས་སུ་བཅིངས་པ་ལས་རུས་པའི་དྲྭ་མིག་འཕྱང་འཕྲུལ་དང་བཅས་པ་དང་། མགུལ་རྒྱན། ག་ཤ སྐ་རགས། ཕྱག་གདུབ་དང་། ཞབས་གདུབ་སྟེ་ དྲུག ཡང་ན་ཕྱག་ཞབས་ཀྱི་གདུ་བུ་གཅིག་ཏུ་བྱས་པའི་སྟེང་སྙན་རྒྱན་བརྩིས་པས་དྲུག་གོ། །ཡང་ཕྲག་པ་གཡས་གཡོན་དུ་རུས་པའི་ནོར་བུ། ནུ་མར་རུས་པའི་པདམ། རྒྱབ་གཞོང་དུ་རུས་ པའི་རྡོ་རྗེ། སོག་པར་རུས་པའི་འཁོར་ལོ། སྐེད་པར་རུས་པའི་དཔལ་བེའུ། ལྟེ་བར་རུས་པའི་རྒྱ་གྲམ་དང་དྲུག་ལའང་བཞེད་དོ། །དེ་བཞིན་ཡུམ་རྣམས་ཀྱི་ཕྱག་རྒྱ་ལྔ་ནི། ཆོས་དབྱིངས་ ཡེ་ཤེས་མཚོན་ཕྱིར་སྤྱི་བོར་འཁོར་ལོ། སོར་རྟོག་ཡེ་ཤེས་མཚོན་ཕྱིར་སྙན་ལ་རྣ་ཆ། མཉམ་ཉིད་ཡེ་ཤེས་མཚོན་ཕྱིར་མགུལ་ཆུ། མེ་ལོང་ཡེ་ཤེས་མཚོན་ཕྱིར་ཕྱག་ཞབས་ཀྱི་གདུ་བུ། བྱ་གྲུབ་ཡེ་ཤེས་མཚོན་ཕྱིར་སྐུ་སྐེད་ལ་སྐ་རགས་སོ། །སྐ་རགས་དང་ཞབས་གདུབ་སོགས་ལས་དཔྱང་བའི་གསེར་གྱི་ཕྲེང་བ་རྣམས་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དོན་སྟོན་པའི་བརྡར་

གསུངས་སོ། །གསུམ་པ་སྤྲུལ་སྐུ་ལ་ལོངས་སྐུ་དང་ཚུལ་མཐུན་པར་སྣང་བ་རང་བཞིན་སྤྲུལ་པའི་ཞིང་དང་། འགྲོ་བ་རིགས་དྲུག་གི་སྟོན་པར་སྣང་བ་འགྲོ་འདུལ་སྤྲུལ་པ། སེམས་ལྡན་དང་ བེམ་པོའི་རིགས་སོགས་སྣ་ཚོགས་པར་སྣང་བ་སྣ་ཚོགས་སྤྲུལ་སྐུ་སྟེ་གསུམ། དང་པོ་རང་བཞིན་སྤྲུལ་པ་ལའང་བགྲངས་པའི་རང་བཞིན་སྤྲུལ་པ་དང་། གནས་པའི་རང་བཞིན་སྤྲུལ་པ་སྟེ་ གཉིས་སུ་དབྱེ་བའི་དང་པོ་ནི། རྒྱུད་བླ་མ་ལས། ཇི་ལྟར་སྤྲིན་མེད་ནམ་མཁའི་ཟླ་བའི་གཟུགས། །སྟོན་ཀའི་ཆུ་སྔོན་མཚོར་ནི་མཐོང་བ་ལྟར། །དེ་བཞིན་རྒྱལ་སྲས་ཚོགས་ཀྱི་ཁྱབ་བདག་ གཟུགས། །རྫོགས་སངས་དཀྱིལ་འཁོར་ནང་དུ་མཐོང་བར་འགྱུར། །ཞེས་གསུངས་པ་ལྟར་རང་སྣང་ལོངས་སྐུའི་འབྲས་ཆོས་ལྔ་དང་ཡེ་ཤེས་ལྔའི་རྩལ་ལས་ས་ལ་གནས་པའི་གདུལ་བྱ་དག་ པ་རྣམས་ཀྱི་ངོར་གནས་ཕུན་སུམ་ཚོགས་པ་དབུས་ན་འོག་མིན་གྱི་ཞིང་དང་། ཤར་ན་མངོན་པར་དགའ་བ། ལྷོ་ན་དཔལ་དང་ལྡན་པ། ནུབ་ན་པདམ་བརྩེགས་པ། བྱང་ན་ལས་རབ་གྲུབ་པའི་ ཞིང་ལྔར་སྣང་བ་རྣམས་སུ། དུས་ཕུན་སུམ་ཚོགས་པ་སྟོན་འཁོར་དགོངས་པ་གཅིག་ཏུ་མ་གྱུར་བར་ཏེ་རྟག་པ་རྒྱུན་གྱི་འཁོར་ལོར། སྟོན་པ་ཕུན་སུམ་ཚོགས་པ་རྣམ་སྣང་མི་བསྐྱོད་རིན་འབྱུང་

སྣང་མཐའ་དོན་གྲུབ་སྟེ་རྣམ་པ་ཐ་དད་ཀྱང་ངོ་བོ་གཅིག་པའི་སྟོན་པ་རིགས་ལྔ་པོས། འཁོར་ཕུན་སུམ་ཚོགས་པ་ས་དང་པོ་རབ་ཏུ་དགའ་བ་ནས་བཅུ་པ་ཆོས་ཀྱི་ སྤྲིན་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། ཆོས་ཕུན་སུམ་ཚོགས་པ་ཐེག་པ་ཆེན་པོའི་དོན་སྐུ་ཡི་འོད་ཀྱི་སྣང་བས་འཁོར་གྱི་སྒྲིབ་པ་ཤིན་ཏུ་ཕྲ་བ་དག་སྦྱངས་ཏེ་མངོན་པར་བྱང་ ཆུབ་པར་མཛད་པའི་ཚུལ་གསང་སྙིང་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་ མི་སྨྲ་སྟེ། །སྐུ་ཡི་ཆོས་རྣམས་འཇལ་བར་སྟོན། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །དངོས་ཀྱི་མདོག་ངན་ཐམས་ཅད་སེལ། །འཁོར་གྱིས་དེ་བཞིན་སྐུ་བལྟས་ན། །བྱང་ཆུབ་སྒྲིབ་པ་ གཏིང་དཔག་མེད། །མེ་ལོང་བཞིན་དུ་སྐུ་ལ་སྣང་། །དེ་ནས་ས་བཅུ་རིམ་གྱིས་འབྱོང་། །བླ་མེད་བྱང་ཆུབ་ཡང་དག་ཐོབ། །ཅེས་སོ། །འདི་ནི་གོང་དུ་ལོངས་སྐུའི་རྣམ་བཞག་ཏུ་བསྟན་ ཟིན་པས་སླར་ཡང་འདི་ན་ཅིའི་ཕྱིར་ཟློས་སྙམ་ན་གོང་དུ་རྒྱུའི་ཐེག་པ་ཆེན་པོའི་བཞེད་པ་བཞིན་ལོངས་སྐུ་དངོས་ཀྱི་ས་བཅད་ལ་བཞག་པ་དང་། འདིར་དེ་ཉིད་འཁོར་དང་ཞིང་ཁམས་ལ་སོགས་

ས་ལ་གནས་པ་རྣམས་ཀྱི་དག་པའི་སྣང་བས་བསྡུས་པའི་ཆ་ནས་ཕྱེད་སྤྲུལ་ལོངས་སྐུའི་ཞིང་ངམ་རང་བཞིན་སྤྲུལ་པའི་ཞིང་ཞེས་སུ་རྒྱུད་ཀྱི་དགོངས་པ་བཞིན་རྣམ་པར་བཞག་པ་ཐ་དད་པའི་ཆ་ ནས་སྨྲས་པས་ཟློས་པའི་ཉེས་པ་མེད་གཤིས་དེས་ན་ཇི་སྐད་དུ་མངོན་རྟོགས་རྒྱན་འགྲེལ་ལས། འདི་ནི་རྣམ་པར་བཞག་པ་གཞན་ཁོ་ན་ཡིན་པས། ཐེག་པ་གཞན་གྱི་ལུགས་ལ་བརྟེན་ནས་ནམ་ དུ་ཡང་སུན་འབྱིན་པར་བརྗོད་པར་མི་བྱའོ། །ཞེས་གསུངས་པ་ལ་བློ་ཕྱོགས་པར་བྱའོ། །ལར་སྐུ་གསུམ་སྟོན་པའི་ཞིང་ཁམས་ཀྱང་འདི་ཁོ་ན་ལྟར་རོ། །ཞེས་མཐའ་གཅིག་ཏུ་ཚད་གཟུང་ གིས་བགྲངས་པའང་རིགས་པ་མིན་ཏེ། ཇི་སྐད་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། སྐྲ་རྩེའི་ཁྱོན་ལ་སངས་རྒྱས་མང་པོ་ནི། །གངྒའི་ཀླུང་གི་བྱེ་མ་ཅི་ཡོད་སྙེད། །རྒྱལ་བ་དེ་དག་ ཞིང་ཡང་དེ་སྙེད་དེ། །དེ་དག་མཚན་ཉིད་མི་འདྲ་སྐལ་མི་མཉམ། །ཞེས་གསུངས་སོ། །ཡང་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་ཐ་དད་དུ་ལྟ་བར་ཡང་མི་རུང་སྟེ། ཀུན་མཁྱེན་ཆེན་པོས། རྒྱལ་བ་སོ་སོས་བྱང་ཆུབ་བརྙེས་པའི་ཞིང་གི་ཆ་ནས་ལོངས་སྐུའི་ཁམས་སོ་སོར་དབྱེ་བ་ཙམ་དུ་ཟད་དེ་ཐེག་བསྡུས་ལས། བདག་ཏུ་འཛིན་པ་མེད་པའི་ཕྱིར། །གནས་ལ་ཐ་དད་ཡོད་མ་ཡིན། །

སྔོན་གྱི་རྗེས་སུ་འབྲང་བས་ཀྱང་། །དེ་ལ་དགག་པ་ཐ་དད་འབྱེད། །ཅེས་སོ་ཞེས་གསུངས་པས་ཤེས་ལ། དེས་ན་དཔལ་སྤྲུལ་གྱིས། བདེན་གཉིས་ཕྱོགས་སུ་ ལྷུང་བའི་གཡོ་ཅན་ལ། །ཤེས་བྱའི་སྤྱི་ཁོག་འཁྲོལ་བ་ཇི་ལྟར་ཡོད། །མཉམ་པ་ཆེན་པོའི་གཤིས་ལ་གང་ཡང་གྲོགས། །སྒྱུ་མའི་རྣམ་རོལ་ཤེས་ན་སུ་ཡང་བདེན། །ཞེས་གསུངས་པའི་ རྗེས་སུ་དྲན་པ་ཉེ་བར་བཞག་ན་འགལ་འདུའི་ཟུག་རྔུ་མི་ལྡང་བ་ལ་ཕན་པ་ཡིན་ནོ། །གཉིས་པ་གནས་པའི་རང་བཞིན་སྤྲུལ་པའི་ཞིང་ནི། རང་བཞིན་རྫོགས་པ་ཆེན་པོའི་གདམས་པ་སྟོན་པའི་ མཚན་ལྡན་གྱི་བླ་མ་དམ་པ་དང་མཇལ་ཞིང་དབང་གིས་རྒྱུད་སྦྱང་ནས་དམ་ཚིག་རྣམ་པར་དག་པས་དྭངས་མ་དྲུག་ལྡན་རྡོ་རྗེའི་ལུས་ཁམས་ལ་བརྟེན་ནས་ལམ་རིམ་པ་གཉིས་ལ་བརྟེན་ཏེ་སྣང་ གསུམ་འཕོ་བའི་བག་ཆགས་མ་ལུས་པ་སྦྱང་ནས་ས་ལམ་རྣམ་བཞག་གི་གྲངས་ཀྱི་རིམ་པ་སོགས་ལ་ལྟོས་མ་དགོས་པར་རང་སྣང་ཡེ་ཤེས་ཞི་ཁྲོ་སྤྲུལ་པའི་དཀྱིལ་འཁོར་ཡེ་ནས་ལྷུན་གྲུབ་ཏུ་ བཞུགས་པ་མངོན་དུ་བྱེད་པས་ན་གནས་པའི་རང་བཞིན་སྤྲུལ་པའི་ཞིང་ཞེས་ཀྱང་གསུངས་ཤིང་། དེ་བཞིན་དུ་ཤམྦྷ་ལ་དང་། ལྕང་ལོ་ཅན། ཟངས་མདོག་དཔལ་རི་ལ་སོགས་རང་སྣང་དག་

པའི་ཞིང་ས་སྤྱོད་མཁའ་སྤྱོད་ལ་སོགས་པར་ཡང་སྣང་བ་སྟེ། དེ་ཡང་ལྷ་དང་དྲི་ཟ་ལ་སོགས་ནམ་མཁའ་ལ་བརྟེན་པ་རྣམས་ཀྱིས་བཟུང་བའི་གནས་རྣམས་ལ་མཁའ་སྤྱོད་དང་། གནོད་སྦྱིན་ དང་སྲིན་པོ་ལ་སོགས་ས་སྟེང་ན་གནས་པ་རྣམས་ཀྱིས་བཟུང་བ་ལ་ས་སྤྱོད་དང་། རི་རབ་ཁོང་སེང་གི་ལྷ་མ་ཡིན་དང་ཀླུ་ལ་སོགས་པ་ས་འོག་ན་གནས་པ་རྣམས་ཀྱིས་བཟུང་བའི་གནས་ལ་ས་ འོག་སྤྱོད་པར་གྲགས་པ་རྣམས་སུ་དོན་གྱི་འོད་གསལ་ལ་དབང་ཐོབ་པའི་ལྷན་ཅིག་སྐྱེས་མ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་། ཡུལ་ཉེར་བཞིར་གནས་པ་ཞིང་སྐྱེས་མ་དང་། སྔགས་ཀྱི་ལྟ་སྒོམ་ སྤྱོད་པའི་ནུས་པ་མཐུ་ཅན་དུ་གྱུར་པ་སྔགས་སྐྱེས་མ་ལ་སོགས་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་རྣམས་དང་སྐལ་བ་མཉམ་པར་སྤྱོད་པའོ། །དེ་ལ་དཔའ་བོ་དང་མཁའ་འགྲོ་མ་རྣམས་དུས་ རྟག་ཏུ་གནས་པས་གནས་དང་། རེས་འགའ་ཙམ་བཞུགས་པ་ལ་ཉེ་བའི་གནས། དུས་རྟག་ཏུ་ལོངས་སྤྱོད་པའི་ས་ལ་ཞིང་དང་། རེས་འགའ་ཙམ་ལོངས་སྤྱོད་པའི་ས་ལ་ཉེ་བའི་ཞིང་། དུས་རྟག་ཏུ་ཁྲུས་བྱེད་པའི་ས་ལ་ཚན་དྷོ་ཧ་དང་། རེས་འགའ་ཙམ་ཁྲུས་བྱེད་པའི་ས་ལ་ཉེ་བའི་ཚན་དྷོ་ཧ། དུས་རྟག་ཏུ་བཀའ་བགྲོ་བ་བྱེད་པའི་ས་ལ་འདུ་བ་དང་། རེས་འགའ་ཙམ་འདུ་བ་

བྱེད་པའི་ས་ལ་ཉེ་བའི་འདུ་བ་ལ་སོགས་པར་གསུངས་ཤིང་། སྤྱིར་གདུལ་བྱའི་རྩ་ཁམས་ཐ་དད་པ་ཇི་སྙེད་ཅིག་འབྱུང་བ་དང་མཐུན་པའི་རྒྱུད་སྡེ་སོ་སོར་གནས་ ཀྱི་རྣམ་བཞག་ཀྱང་དེ་སྙེད་དུ་གསུངས་པས་གནས་ཀྱང་མཐའ་གཅིག་ཏུ་མ་ངེས་ཏེ། མདོར་ན་ཆོས་ཀྱི་དབྱིངས་རྣམ་པར་དག་ལ་ནམ་མཁའ་ལྟར་ཤིན་ཏུ་རྒྱ་ཆེ་བའི་ཕྱིར་ཐམས་ཅད་ཀྱང་གནས་ ཉིད་དུ་གསུངས་སོ། །གཉིས་པ་འགྲོ་བ་རིགས་དྲུག་གི་སྟོན་པར་སྣང་བ་འགྲོ་འདུལ་སྤྲུལ་པ་ནི། ལོངས་སྐུ་ཡབ་ཡུམ་གྱི་ལྗགས་ལས་ཐུགས་རྗེའི་འོད་ཟེར་ཡི་གེ་འབྲུ་དྲུག་འཇིག་རྟེན་དྲུག་གི་ ཕྱོགས་མཚམས་ཀུན་ཏུ་རང་སྣང་བའི་བྱིན་རླབས་ལས་དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་དང་ལྷ་མིན་མི་སྟེ་གནས་རིགས་དྲུག་གི་གདུལ་བྱ་སོ་སོའི་སྣང་བ་དང་འཚམས་པའི་འདུལ་བྱེད་རིག་ པའི་སྐྱེས་བུ་ཐུབ་པ་དྲུག་ཏུ་སྣང་བ་དང་། རྟེན་དཀྱིལ་འཁོར་རྣམ་གསུམ་ལ་བརྟེན་པའི་རི་གླིང་མཚོ་གསུམ་གླིང་བཞི་གླིང་ཕྲན་ཉི་ཟླ་ལྕགས་རི་དང་བཅས་པ་སྟོང་གསུམ་མི་མཇེད་འཇིག་རྟེན་བྱེ་ བ་ཕྲག་བརྒྱའི་ཞིང་དུ་མཆོག་གི་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱར་སྣང་བ་ལ་སོགས་པས་སྐུ་བསོད་ནམས་ཆེན་པོ། གསུང་རིག་པ། ཐུགས་མངོན་པར་ཤེས་པ། མཛད་པ་ཕུན་སུམ་ཚོགས་པ་སྟེ་

འདུལ་བ་རྣམ་བཞིའི་སྒོ་ནས་འགྲོ་བའི་དོན་མཛད་པ་ཡིན་ལ། དེ་ཡང་སེམས་ཅན་གྱི་ལས་སྣང་ལ་བརྟེན་པའི་རྟེན་འབྲེལ་གྱི་འཆར་ཚུལ་དང་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ ཁྱབ་པས་འཇིག་རྟེན་དེ་ཡང་རྒྱ་ཁྱོན་འདི་ལྟ་བུའི་གོ་ན་ཡོད་ཅེས་ངེས་པ་མེད་དེ་ཏིང་འཛིན་རྒྱལ་པོ་ལས། སྐྲ་རྩེའི་ཁྱོན་ལ་འགྲོ་བ་ལྔ་གནས་ཏེ། །སེམས་ཅན་དམྱལ་དང་དུད་འགྲོའི་འགྲོ་བ་ དང་། །གཤིན་རྗེའི་འཇིག་རྟེན་ལྷ་དང་མི་རྣམས་གནས། །འདྲེས་པ་མེད་ཅིང་གནོད་པར་གྱུར་བ་མེད། །ཅེས་གསུངས་སོ། །གསུམ་པ་སྣ་ཚོགས་སྤྲུལ་སྐུ་ལ་བཟོ་དང་སྐྱེ་བ་གཉིས་ཀྱི་དང་ པོ་ནི་མདོ་ལས། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ནས། །འགྲོ་བ་དགེ་ལ་སྤྱོད་པའི་དོན་བྱེད་དོ། །ཞེས་གསུངས་པ་ལྟར་རི་བྲག་ཡུལ་ལྗོངས་ཁང་བཟང་གྲུ་ཟམ་སྐྱེད་མོས་ཚལ་དང་ནོར་ བུ་ཤིང་རྟ་ཟས་གོས་ལ་སོགས་པ་དང་། སྐུ་གསུང་ཐུགས་ཀྱི་རྟེན་རང་འབྱུང་དུ་བྱོན་པར་སྣང་བ་དང་། མགར་བ་ལྷ་བཟོ་ལ་སོགས་པས་ལག་གི་འདུ་བྱེད་ཀྱི་འཕྲུལ་ལས་རྟེན་གསུམ་གྱི་རྣམ་ པ་འབུར་དུ་དོད་པ། རིས་སུ་བྲིས་པ། ཐགས་སུ་བཏགས་པ་ལ་སོགས་ཅིར་ཡང་སྣང་ནས་འགྲོ་བ་མཐའ་དག་གནས་སྐབས་དང་མཐར་དུག་གི་སྡུག་བསྔལ་ལས་སྐྱོབ་པའི་དགེ་རྩ་བསྐྲུན་པར་

མཛད་པའོ། །གཉིས་པ་སྐྱེ་བ་སྤྲུལ་སྐུ་ནི། སྒྱུ་འཕྲུལ་བླ་མ་ལས། སྣ་ཚོགས་སྤྲུལ་པ་རྒྱུན་མི་ཆད། །རྔོན་དང་སྨད་འཚོང་ལ་སོགས་པར། །བསྒྱུར་ནས་ སེམས་ཅན་དོན་མཛད་དོ། །ཞེས་གསུངས་པ་བཞིན་ལྟར་སྣང་དུ་རྔོན་པ་དང་། སྨད་འཚོང་མ། ཉ་བོ་ཆེ་དང་། རུས་སྦལ་ལ་སོགས་པ་སེམས་ཅན་ཕལ་པའི་གཟུགས་སུ་སྤྲུལ་ནས་འགྲོ་ བའི་དོན་མཛད་པ་ནི་སྔོན་བདག་ཅག་གི་སྟོན་པས་ཐུན་མོང་གི་སྣང་ངོར་སློབ་པ་ལམ་ལ་གནས་པའི་ཚུལ་བསྟན་པའི་སྐབས་ན་སྐྱེ་བ་སྣ་ཚོགས་སུ་བཟུང་ནས་འགྲོ་བའི་དོན་མཛད་པ་ལྟ་བུ་སྟེ་ མདོར་ན། དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པའི་མདོ་ལས། འཇམ་དཔལ་དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་ཏུ་སྣང་བས་གདུལ་བར་བྱ་བ་ ཡིན་ན། དེ་བཞིན་གཤེགས་པའི་སྐུ་ཡང་གསེར་གྱི་ཁ་དོག་ཏུ་སྣང་ངོ་། །དེ་བཞིན་དུ་བཻ་ཌཱུརྱ་དང་། ཨནྡ་རྙིལ་དང་། སྤུག་དང་། མུ་ཏིག་དམར་པོའི་ཁ་དོག་གིས་གདུལ་བར་བྱ་བ་ཡིན་ན་ དེ་དག་གི་ཁ་དོག་ཏུ་བཞུགས་སོ། །དེ་བཞིན་དུ་འཇིག་རྟེན་སྐྱོང་བ་དང་། བརྒྱ་སྤྲིན་དང་། ཚངས་པ་དང་། དབང་ཕྱུག་དང་། ལྷ་མ་ཡིན་དང་། མི་དང་། དུད་འགྲོ་དང་། དམྱལ་བ་

དང་། གཤིན་རྗེའི་འཇིག་རྟེན་པས་གདུལ་བར་བྱ་བ་ཡིན་ན་དེ་དག་གི་གཟུགས་སུ་བཞུགས་ནས་ཆོས་སྟོན་ཏོ་ཞེས་གསུངས་པ་ལྟར་རོ། །དེ་ལས་ཇི་སྐད་དུ་དགོངས་འདུས་ལས། ཤིན་ཏུ་ གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་གསུངས་པ་ལྟར་ཐུགས་རྗེ་སྤྲུལ་པའི་ཁྲོ་བོ་ བྱུང་ཚུལ་ཞར་ལ་ཅུང་ཟད་སྨོས་ན། དེ་ལ་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་འོག་མིན་དབང་བསྒྱུར་གྱི་གཞལ་མེད་ཁང་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པའི་ཚེ་ལྷ་ཆེན་པོ་ལ་ སོགས་མ་རུངས་པའི་སེམས་ཅན་རྣམས་ཚར་བཅད་པའི་སླད་དུ་ཕྱག་ན་རྡོ་རྗེ་ལ་བཀའ་བསྒོས་ནས་དེས་འཇིག་རྟེན་གྱི་དྲེགས་པ་རྣམས་བཏུལ་ཞིང་དྲེགས་པའི་གཙོ་བོ་ལྷ་ཆེན་པོས་རང་གི་ལུས་ གདན་དུ་ཕུལ་ནས་ཐལ་བས་ཁེབས་པའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་ཐལ་བའི་དབང་པོའི་དབྱངས་སུ་སྐྱེས་པའི་ལོ་རྒྱུས་སོགས་གཞན་ལས་ཤེས་པར་བྱ་ཞིང་། འདིར་ དགོངས་འདུས་ལས་འབྱུང་བའི་དོན་བསྡུས་ཙམ་ཞིག་འཕྲོས་དོན་དུ་ཅུང་ཟད་ཙམ་སྨོས་ན། སྔོན་བསྐལ་པ་ཀུན་བཀོད་ལ་ཞིང་ཁམས་མངོན་པར་དགའ་བར་སངས་རྒྱས་མི་བསྐྱོད་པའི་བསྟན་

པ་བྱུང་བའི་སྐབས་ན་གསང་སྔགས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དགེ་སློང་ཐུབ་དཀའ་གཞོན་ནུ་ཞེས་བྱ་བ་ཞིག་བཞུགས་པའི་དྲུང་དུ་ཉེ་འཁོར་ན་ མཆིས་པའི་ཁྱིམ་བདག་ཀེའུ་ཀ་ཡའི་བུ་ཐར་པ་ནག་པོ་དང་དེའི་གཡོག་དན་ཕག་གཉིས་ཉོན་མོངས་ལམ་དུ་བྱེད་པའི་ཆོས་ཞུ་བར་ཕྱིན་པས་དགེ་སློང་གིས་དེ་གཉིས་ལ། ཇི་བཞིན་ཉིད་དེ་མ་ བཅོས་ན། །དངོས་པོ་བཞི་ལ་གནས་སྤྱོད་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །འདི་ནི་རྣལ་འབྱོར་དམ་པའི་ལམ། །ཞེས་གདམས་པས་ཐར་པ་ནི་གསང་སྔགས་ཀྱི་དོན་ལ་སྤྱོད་པའི་ སྐལ་བ་དང་མི་ལྡན་པས་བློ་ལས་སུ་མ་རུངས་པར་གྱུར་ནས་ནང་གནས་ལུགས་ཀྱི་བདེན་པ་ཇི་ལྟ་བ་བཞིན་མ་རྟོགས་པར་ཀུན་ཏུ་སྤྱོད་པ་བརླང་པོར་བསྟན་པ་ལ་རིངས་ནས་དངོས་པོ་བཞི་ལ་སྒྲ་ ཇི་ལྟ་བ་བཞིན་སྤྱད་དེ་ལོག་པའི་ལམ་དུ་ཞུགས་ཤིང་། དན་ཕག་ནི་བློ་ལས་སུ་རུང་བས་དོན་ཇི་ལྟ་བ་བཞིན་དུ་སྤྱད་དེ་ཡང་དག་པའི་ལམ་དུ་ཞུགས་པ་ན་རེ་ཞིག་ནས་ཁོང་རང་དཔོན་གཡོག་ གཉིས་པོ་ལྟ་སྤྱོད་མ་མཐུན་པར་རྩོད་པ་ལས། ལན་གཅིག་གཉིས་ཀ་སློབ་དཔོན་གྱི་དྲུང་དུ་སོང་སྟེ་ཁོང་གཉིས་གང་གི་ལུགས་བདེན་རྨེད་པ་ན་དགེ་སློང་གིས་དན་ཕག་ལ་བདེན་ཁ་བྱིན་པས་

ཐར་པས་བདག་ཉིད་སུན་ཕྱུངས་སོ་སྙམ་སྟེ་ཁོང་ནས་འཁྲུགས་ཤིང་དགེ་སློང་དང་དན་ཕག་གཉིས་རབ་ཏུ་སྤྱོ་བ་དང་བཅས་ཏེ་སྤྱུགས་སོ། །དེར་ཐར་པས་སྦས་པའི་གསང་བ་སྒྲ་ཇི་ལྟ་བར་ མངོན་གྱུར་དུ་སྤྱད་དེ་དུར་ཁྲོད་དུ་བསྐྱོད་ནས་བྱ་གཅན་མ་རུངས་པ་རྣམས་དང་ཐབས་ཅིག་ཏུ་གསོན་པོའི་སྲོག་འཕྲོག་པ། གཤིན་པོའི་རོ་ཟ་བ། ཕོ་བྱུང་ཚད་སྒྲོལ་བ། མོ་བྱུང་ཚད་ལ་སྦྱོར་བ། རྒྱུ་རློན་དང་མི་མགོ་གདུག་སྦྲུལ་ལ་སོགས་པ་རྒྱན་དུ་གདགས་ཤིང་། མི་ལྤགས་དང་སྟག་ལྤགས་ལ་སོགས་ཀྱིས་སྟོད་གཡོགས་དང་སྨད་དཀྲིས་བྱས་ཤིང་། ཁ་ནས་ར་ལ་ར་ལ་རུ་ལུ་རུ་ལུ་ ལ་སོགས་པའི་འཇིགས་པའི་སྒྲ་སྐད་ཀུན་ཏུ་སྒྲོག་པ་སོགས་བྱས་ཏེ་ལོག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་ནས་འཇིག་རྟེན་ཐམས་ཅད་མ་རུངས་པ་བྱས་པའི་མཐར་ཤི་བ་ལས་རྣམ་སྨིན་གྱི་ འབྲས་བུ་དམྱལ་བ་དང་ཡི་དྭགས་ཀྱི་གནས་སུ་སྐྱེས་ཏེ་སྡུག་བསྔལ་དོས་དྲག་ལ་ཡུན་རིང་བ་མྱོང་མྱོང་བའི་མཐར་རྒྱུ་མཐུན་གྱི་འབྲས་བུར་རུ་ཏྲ་ཐར་པ་ནག་པོར་སྐྱེས་ནས་གཟུགས་ཁམས་མན་ གྱི་འཇིག་རྟེན་ཐམས་ཅད་དབང་དུ་བསྡུས་ཤིང་སེམས་ཅན་ཀུན་གྱི་སྲོག་དབུགས་འཕྲོག་པའི་རུ་ཏྲ་འཇིགས་སུ་རུང་བར་གྱུར་ཏོ། །དེའི་ཚེ་གསང་བའི་བདག་པོས་ཁོ་བས་འཇིགས་སུ་རུང་བའི་

དཔལ་ཆེན་པོའི་སྐུར་བཞེངས་ནས་བཏུལ་བ་ན་གདོད་བཀའ་ཉན་ཅིང་ལས་སུ་འདུས་པར་གྱུར་པ་སྟེ། ཇི་སྐད་དུ། བདག་ཅག་རྣམས་ཀྱི་མཆིས་འབྲང་དང་། ། མ་དང་བུ་མོ་སྲིང་མོ་རྣམས། །དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ། །དཔའ་བོ་ལྷ་རྗེ་བཞེས་སུ་གསོལ། །ཞེས་འབྱུང་བ་བཞིན་འགྱོད་གདུང་གི་སྨྲེ་ངག་དང་བཅས་ཏེ་རང་གི་ལུས་ གདན་དུ་ཕུལ་བ། འཁོར་ཕུལ་ཏེ་གཙུག་གིས་མཆོད་པ། དམ་བཅས་ཏེ་ལས་ཀྱི་སྟོང་གྲོགས་བྱེད་པ། བཀའ་ཉན་པའི་ཕྲིན་ལས་ཞུས་པ་སོགས་བྱས་པས་དཔལ་ཆེན་པོས་དམ་ལ་ བཞག་སྟེ་དབང་བསྐུར་ནས་དཀྱིལ་འཁོར་གྱི་མུ་རན་ལ་བཀོད་པར་མཛད་དོ། །འོན་ཏེ་འདིའི་རུ་ཏྲའི་ཐད་ཀྱང་མཐའ་གཅིག་ཏུ་ཐ་མལ་རང་རྒྱུད་པ་ཡིན་པའང་ཁ་ཚོན་གཅོད་མི་རུང་སྟེ་གང་ཞེ་ ན་འདི་ལྟར་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་ཆོ་འཕྲུལ་གྱི་རོལ་པ་ཅིར་ཡང་འགྱེད་པས་སོ། །དེ་བཞིན་དུ་བདུད་དང་གཤིན་རྗེ་སྲིན་པོ་ལ་སོགས་ཞི་བས་མི་ཐུལ་བའི་རིགས་ཅན་རྣམས་ལ་ འཇིགས་སུ་རུང་བའི་སྐུ་གསུང་ཐུགས་སུ་སྤྲུལ་ནས་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་བསྒྲུབ་པར་མཛད་པའོ། །འོ་ན་གདུལ་བྱ་ཁྲོ་བོ་མི་སྲུན་པའི་རིགས་འབྱུང་བའི་རྒྱུ་མཚན་གང་ཞིག་སྙམ་

ན་ཟབ་མོའི་རྒྱུད་སྡེ་རྣམས་ལས་ཇི་སྐད་གསུངས་པ་བཞིན་སེམས་ཅན་རྣམས་ཀྱི་རང་གི་སེམས་ཉིད་འོད་གསལ་བའི་རང་གདངས་ཡེ་ནས་ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་གྱི་རང་བཞིན་དུ་ བཞུགས་པ་མ་ཤེས་མ་རིག་པས་གཏི་མུག་གི་གཞན་དབང་དུ་སོང་ནས་གཟུང་འཛིན་གྱི་རྒྱུས་བསྐྱེད་པའི་ཉོན་མོངས་རང་ག་མའི་དབང་དུ་སོང་བ་ལས་འདོད་ཆགས་ལ་བརྟེན་ནས་དགའ་བ་ འཕེལ་བ་དང་། ཞེ་སྡང་ལ་བརྟེན་ནས་ང་རྒྱལ་ཕྲག་དོག་སོགས་འཕེལ་ནས་སྒོ་གསུམ་ཞི་བ་དང་། ཁྲོ་བོའི་ཁམས་གཉིས་སུ་སྣང་བ་སྟེ། ཡེ་ཤེས་རོལ་པའི་རྒྱུད་ལས། གཞི་ལ་གྲུབ་པའི་ སངས་རྒྱས་ནི། །ཞི་དང་ཁྲོ་བོའི་རང་བཞིན་ལས། །མ་རིག་དུག་གསུམ་རྒྱུ་མཐུན་པས། །དབང་པོའང་ཞི་དྲག་གཉིས་སུ་སྣང་། །ཞེས་གསུངས་ཤིང་། དེ་ལ་བརྟེན་ནས་འདུལ་བྱེད་སྤྲུལ་ པའི་ཁྲོ་བོའང་ཇི་སྙེད་ཅིག་སྣང་བར་གསུངས་སོ། །དེ་ཡང་འདིར་ནི་གཞན་སྣང་ལ་འབྱུང་བའི་སངས་རྒྱས་ཀྱི་ཐུགས་རྗེ་དང་ཕྲིན་ལས་ནོར་བུ་དཔག་བསམ་ཤིང་ལྟར་རྣམ་པར་མི་རྟོག་བཞིན་དུ་ གདུལ་བྱའི་སྨོན་ལམ་གྱི་དབང་ལས་སྣང་བར་འདོད་པ་གོང་དུ་བསྟན་པ་ལྟར་མ་ཡིན་པར་དབྱིངས་ནང་གསལ་ཡེ་ཤེས་ཀྱི་འཆར་གཞི་ལྷུན་གྲུབ་ཏུ་ཡོད་པས་སྨོན་ལམ་གྱི་རྒྱུ་ལ་མ་ལྟོས་པར་

ཐུགས་རྗེའི་འཇུག་པ་རྒྱུན་མི་ཆད་པའི་གཟུགས་སྐུ་ཕྲིན་ལས་དང་བཅས་པ་རང་བཞིན་དུ་འབྱུང་བར་བཞེད་དོ། །སྐུ་གསུམ་རྒྱལ་བའི་ངོ་མཚར་ཕྲིན་ལས་ཆོས། ། རིགས་གསུམ་སེམས་དཔའ་ལ་སོགས་ཆེ་རྣམས་ཀྱིས། །དུས་གསུམ་ཀུན་ཏུ་བརྗོད་ཀྱང་མི་འཛད་ཅེས། །ས་གསུམ་འགྲོ་བའི་འདྲེན་མཆོག་དེས་གསུངས་ན། །ཁམས་གསུམ་བག་ཆགས་ མཐུག་པོའི་མལ་གྱི་ནང་། །སྒོ་གསུམ་དོག་པོར་འཐུམ་པའི་ཁྱེའུ་ཆུང་གིས། །རྣམ་གསུམ་སྟོན་པའི་ཞལ་རས་མ་མཇལ་བས། །གསང་གསུམ་ཡོན་ཏན་སྒྲོགས་པ་ཇི་ལྟར་ཤེས། །འོན་ཏེ་ གང་མཚན་བདུད་རྩིའི་ཟེགས་མ་ཙམ། །རོ་འཛིན་ཀུ་ཤའི་རྩེ་མོས་ལེགས་དྲངས་ཏེ། །དད་པའི་མེ་ཏོག་གསོས་སུ་སྦྲོན་པ་འདི། །ལུས་མེད་ལམ་གྱི་པདམོའི་རྗེས་མི་འགྲོ། །ཞེས་བྱ་བ་ནི་བར་ སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་སྐབས་སུ་བབས་པའི་མཆོད་སྡོང་ཆེན་མོའི་ལོ་རྒྱུས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། རྟེན་གསུམ་གྱི་ལོ་རྒྱུས་ཉུང་ངུས་མཚམས་སྦྱར་ནས་ གང་དུ་བཞེངས་ཡུལ་སྣོད་བཅུད་ཀྱི་གནས་སྟངས་མདོ་ཙམ་སྨོས་པ་དང་། ཇི་ལྟར་བཞེངས་པ་དངོས་སོ། །དེ་ལ་དང་པོ་ནི་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་

སྦྱང་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར། །གཞན་དག་ཚར་གཅོད་རྗེས་སུ་བཟུང་བར་བྱ་ཕྱིར་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་སློབ་བྱེད། ། ཅེས་གསུངས་པ་ལྟར་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པ་ལ་རིག་པའི་གནས་ཆེན་ལྔ་ལ་འཇུག་དགོས་པར་གསུངས་ཏེ། དེ་ཡང་བསྟན་ལ་མ་དད་པ་རྣམས་ཚར་བཅད་པའི་སླད་ དུ་སྒྲ་དང་ཚད་མ་གཉིས། དད་པ་རྣམས་རྗེས་སུ་བཟུང་བའི་སླད་དུ་བཟོ་དང་གསོ་བ་གཉིས། བདག་ཉིད་ཀུན་ཤེས་པར་བྱ་བའི་ཕྱིར་ནང་དོན་རིག་པ་སྟེ་ལྔ་དང་། དེ་དག་གི་སྟེང་མངོན་བརྗོད་ དང་། ཟློས་གར་དང་། སྐར་རྩིས་དང་། སྡེབ་སྦྱོར་དང་། སྙན་ངག་སྟེ་གནས་ཆུང་ལྔ་བསྣན་པས་བཅུ་ཕྲག་རིག་པའི་གནས་བཅུ་ཞེས་གྲགས་ཤིང་། དེ་ཡང་སྐྱེས་ཐོབ་ཀྱི་ཤེས་རབ་ཕུལ་ དུ་ཕྱིན་པའི་སྐྱེས་ཆེན་རྣམས་ནས་གནས་ཆུང་ལྔ་པོ་ཞར་ལ་བདེ་བླག་ཏུ་མཁྱེན་པའི་སྒོ་ནས་ལོགས་སུ་དབྱེ་བར་མཛད་པ་ལས། སོ་སོ་སྐྱེ་བོ་ཐམས་ཅད་ཀྱི་ངོ་ཁ་ན་དོན་གལ་ཆུང་བའི་སྒོ་ནས་ རིག་པའི་གནས་ཆུང་ལྔར་བཞག་པ་ལྟ་བུ་ནི་མིན་ལ། འོན་ཏེ་གོང་གི་མདོ་སྡེ་རྒྱན་གྱི་ལུང་དེ་ལ་བརྟེན་ནས་དེ་ལྟ་བུའི་རྒྱ་ཆེ་བའི་རིག་པའི་གནས་ཐམས་ཅད་རྫོགས་པར་མ་ཤེས་ན་རྣམ་

མཁྱེན་ཐོབ་པའི་ལམ་གཞན་མེད་པ་འདྲའོ་སྙམ་སྟེ་ཡིད་ཞུམ་ནས་དགེ་བའི་ལམ་ལས་ཕྱིར་ཕྱོགས་པར་བྱ་བའང་མ་ཡིན་ཏེ་གཏམ་བྱ་ལས། ཚེ་འདི་ཡུན་ཐུང་ཤེས་ བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། །རང་གི་འདོད་པ་དང་དུ་བླང་བར་བྱོས། །ཞེས་གསུངས་པ་ལྟར་ཐབས་མཁས་ལ་ ཐུགས་རྗེ་ཆེ་བའི་སངས་རྒྱས་ཀྱི་ཕྲིན་ལས་ནི་སེམས་ཅན་གྱི་མོས་པ་དང་འཚམས་པའི་འཇུག་སྒོ་ཤིན་ཏུ་ཡངས་པར་བསྟན་པའི་ཕྱིར་རང་ཉིད་གང་ལ་མོས་པའི་ལམ་དུ་ཞུགས་ནས་བྱང་ཆུབ་ལ་ དམིགས་པའི་ཀུན་སློང་བཟང་པོས་དགེ་བའི་རྩ་བ་ཇི་ལྟར་རིགས་པ་བསྐྱེད་པས་ཆོག་གཤིས་དེས་ན་ད་ལམ་གྱི་སྐབས་སུ་རྣམ་དཀར་གྱི་དགེ་རྩ་བཟོ་ཡི་རིགས་པའི་གནས་སུ་གཏོགས་པ་ནས་ བསྒྲུབས་པ་སྟེ་དེ་ཡང་ཕལ་པོ་ཆེ་ལས། སེམས་ནི་རི་མོ་མཁན་དང་འདྲ། །སེམས་ཀྱི་ཕུང་པོས་བྱས་པ་སྟེ། །འཇིག་རྟེན་ཁམས་ནི་ཇི་སྙེད་པ། །དེ་དག་སེམས་ཀྱི་རི་མོ་ཡིན། །ཞེས་ གསུངས་པ་ལྟར་ཀུན་རྟོག་གི་བཟོ་བོས་བྱས་པའི་ཆོས་ཀྱི་རྣམ་གྲངས་ལ་མཐའ་གཏུགས་པ་མེད་པ་ལས་རེ་ཞིག་བསྡུ་ན། འཇིག་རྟེན་ཆགས་པ་ལ་སོགས་བྱེད་པ་པོ་དང་མ་འབྲེལ་བ་དང་ལག་

གི་འདུ་བྱེད་ཀྱི་འཕྲུལ་ལས་བསྐྲུན་པ་སོགས་བྱེད་པ་པོ་དང་འབྲེལ་བའི་ལུས་ཀྱི་བཟོ་དང་། སྒྲ་དང་སྙན་ངག་དང་གླུ་དབྱངས་ལ་སོགས་བརྗོད་པ་སྒྲའི་རིགས་སུ་གཏོགས་པ་ངག་གི་བཟོ་དང་། འཁོར་འདས་ཀྱི་ཆོས་ཀྱི་མཚན་ཉིད་རྣམ་པར་བཞག་པ་ལ་སོགས་ཡིད་ཀྱི་བཟོ་སྟེ་གསུམ་དུ་འདུ་བ་ལས་འདིར་ལུས་བཟོའི་ཁོངས་སུ་གཏོགས་ཤིང་། དེ་ལའང་གཙོ་ཕལ་གཉིས་ལས་འདིར་གཙོ་བོ་རྒྱལ་བའི་སྐུ་གསུང་ཐུགས་རྟེན་གྱི་བཟོའི་ཁོངས་སུ་གཏོགས། དེ་ལ་རིས་སུ་བྲིས་པ་དང་། འབུར་དུ་དོད་པ་སོགས་ཡོད་པ་ལས། རིས་སུ་བྲིས་པའི་ཐོག་མ་ཛམ་བུའི་གླིང་འདི་ཉིད་དུ་ཇི་ལྟར་བྱུང་བ་ནི་སྔོན་མི་རྣམས་ཚེ་ལོ་འབུམ་ཐུབ་པ་བྲི་ལ་ཉེ་བའི་དུས་མིའི་རྒྱལ་པོ་འཇིག་ཐུལ་ཞེས་བྱ་བ་ཞིག་བྱུང་། དེས་ས་གཞི་ཆོས་བཞིན་བསྐྱངས་པས་སླར་ལ་ཚེ་ལོ་འབུམ་དུ་འཕེལ་ནས་འཇིག་རྟེན་རྣམས་བདེ་ཞིང་སྐྱིད་པར་གྱུར། རྒྱལ་པོས་དཀའ་ཐུབ་ཆེན་པོ་སྤྱད་པས་དབང་ཕྱུག་གི་ཡོན་ཏན་བརྒྱད་ཐོབ། ཚངས་པས་ལྷའི་མཚོན་གྱིས་ཀྱང་མི་ཕིགས་པ་དང་བསྟན་བཅོས་ཐམས་ཅད་ཤེས་པའི་མཆོག་སྦྱིན། དེའི་དུས་སུ་བྲམ་ཟེ་ཞིག་ལ་བུ་ཞིག་ཡོད་པ་ཤི་བ་ལས་བྲམ་ཟེས་རྒྱལ་པོར་ཆབ་འབངས་ལ་འདི་ལྟར་དུས་མིན་གྱི་འཆི་བ་བྱུང་བ་རྒྱལ་པོ་ཁྱོད་ཀྱིས་རྒྱལ་

སྲིད་ཆོས་བཞིན་མ་བསྐྱངས་པས་ལན་པ་འདྲ་སྟེ། གལ་སྲིད་བུ་བདག་ལ་སླར་གསོན་པར་མ་ཐོབ་ན་ང་ཉིད་རྒྱལ་པོ་ཁྱོད་ཀྱི་སྤྱན་སྔ་འདི་ན་ལྕེབ་བོ་བྱས་པས། རྒྱལ་པོས་བྲམ་ཟེ་ཁྲིད་དེ་གཤིན་རྗེའི་རྒྱལ་པོ་ཉི་མ་ལྟར་གཟི་བརྗིད་འབར་བའི་དྲུང་དུ་བརྟོལ་ནས་བྲམ་ཟེ་འདི་པའི་བུ་སླར་གནང་དུ་ཞུ་ཞེས་ནན་གྱིས་གསོལ། དེར་གཤིན་རྗེ་རྒྱལ་པོས་བདག་ གིས་མ་ལན་རང་རང་གི་ལས་སུ་ཟད་དོ་ཞེས་སྨྲེང་བས་རྒྱལ་པོ་ཁྲོས་ཏེ་གཡུལ་བཤམས་ནས་ལྷའི་མཚོན་གྱིས་གཤིན་རྗེའི་འཁོར་རྣམས་ཕམ་པར་བྱས། མཐར་གཤིན་རྗེས་དབྱུག་པ་དང་། རྒྱལ་པོས་དབྱུག་པ་ཚངས་མགོ་ཅན་ཐོགས་ཏེ་འཐབ་པས་འཇིག་རྟེན་ཐམས་ཅད་དངངས་པར་གྱུར་པ་ན་ཚངས་པ་བྱོན་ནས་སེམས་ཅན་རང་ཉིད་ཀྱི་ལས་སུ་ཟད་ཀྱིས་གཤིན་རྗེས་མ་ཉེས། འོན་ཏེ་བྲམ་ཟེའི་བུ་ཡི་གཟུགས་ཀྱི་རྣམ་པ་ཇི་ལྟར་མཆིས་པ་རི་མོར་བྲིས་ཤིག་ཅེས་བཤད་པས་རྒྱལ་པོས་དེ་ལྟར་བྲིས་ནས་ཚངས་པ་ལ་གཏད། ཚངས་པས་གསོན་པོར་བསླངས་ཏེ་བྲམ་ཟེ་ལ་ གཏད་དོ། །དེར་ཚངས་པས་བསྒོས་པ་བཞིན་སླར་རྒྱལ་པོས་གཤིན་རྗེ་ལ་ཕྱག་དང་མཆོད་པ་བྱས་པས་ཀུན་དགའ་བར་གྱུར། ཡི་དྭགས་ལ་གཅེར་བུ་ཟེར་བ་དེ་རྒྱལ་པོས་བཏུལ་བས་རྒྱལ་པོ་

ལ་གཅེར་ཐུལ་དང་། རི་མོ་དང་པོར་འབྲི་བ་པོ་ཡིན་པས་དང་པོར་འབྲི་བ་པོ་ཞེས་ཀྱང་བཏགས། སླར་རྒྱལ་པོས་ཚངས་པའི་གནས་སུ་ཕྱིན་ནས་རི་མོ་འབྲི་ཚུལ་ཞུས་པས་ཚངས་པས། རི་ཡི་མཆོག་ནི་རི་རབ་ཡིན། །སྒོ་ང་ལས་སྐྱེས་རྣམས་ཀྱི་ནི། །གཙོ་བོ་ནམ་མཁའ་ལྡིང་ཡིན་ནོ། །མི་ཡི་གཙོ་བོ་ས་བདག་སྟེ། །དེ་བཞིན་རི་མོ་སྒྱུ་རྩལ་གཙོ། །སོགས་དང་། རྒྱལ་པོ་དེ་ བཞིན་སྒྱུ་རྩལ་ཀུན། །རི་མོའི་ལས་ལ་ཡང་དག་བརྟེན། །ཞེས་སོགས་ཀྱིས་བསྔགས་ནས་བཟོ་བོ་བི་ཤྭ་ཀརྨས་སྟོན་པར་འགྱུར་བར་ལུང་བསྟན། ཇི་ལྟར་ཚངས་པས་ལུང་བསྟན་པ་བཞིན་དུ་ ཕྱིས་བི་ཤྭ་ཀརྨས་འཁོར་ལོས་སྒྱུར་བའི་ཆ་ཚད་གཙོ་བོར་བྱས་ནས་ཚད་དང་མི་ལྡན་པ་ལ་ཉེས་པ་དང་། ཚད་དང་ལྡན་པ་ལ་ཕན་ཡོན་ཇི་ལྟར་ཐོབ་པའི་ལོ་རྒྱུས་བཤད་ཅིང་། དེ་ཡང་ཆ་ཚད་ཁོ་ ན་ཙམ་དུ་མ་ཟད། ལུས་ལ་མཛེས་པ་མ་ཚང་ན། །ཚད་དག་གིས་ནི་ཅི་ཞིག་བྱ། །ཞེས་རི་མོའི་རྣམ་འགྱུར་སོགས་ཀྱང་མཛེས་དགོས་པར་བསྟན་ཅེས་གྲགས་སོ། །དེ་ལས་སྐུ་རྟེན་བྲིས་ སྐུའི་དར་སྲོལ་ལ་སྔ་བ་ནི་སྔོན་སྟོན་པ་ཞལ་བཞུགས་པའི་དུས་སུ་གྲོང་ཁྱེར་སྒྲ་སྒྲོག་གི་རྒྱལ་པོ་ཨུ་ཊ་ཡ་ན་དང་མ་གྷ་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོ་གཉིས་རེ་ཞིག་གནས་ཀྱིས་བསྐལ་པས་མ་

མཐོང་ཡང་སེམས་ཀྱིས་བརྩེ་བའི་མཛའ་བཤེས་སུ་གྱུར་ཏེ་ཕན་ཚུན་ཡི་གེ་འགྲུལ་བ་ལས་དུས་ལན་ཅིག་གི་ཚེ་ཨུ་ཊ་ཡ་ནས་རིན་ཐང་བྲལ་བའི་ཡན་ལག་ལྔ་ལྡན་གྱི་ གོ་ཆ་ཞིག་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སྐྱེས་སུ་བསྐུར། གཟུགས་ཅན་སྙིང་པོས་རི་མོ་མཁན་ཞིག་བོས་ཏེ་སྟོན་པའི་སྐུ་དངོས་ལ་དཔེ་བགྱིད་ནས་འབྲི་བར་བརྩམས་པ་ན་སྐུ་ཡི་གཟི་བྱིན་ གྱིས་བྲི་བར་མ་ནུས་པ་ལ་སྟོན་པ་ཆུ་རྫིང་གི་འགྲམ་དུ་བཞུགས་སུ་གསོལ་ནས་ཆུ་ནང་སྐུ་བརྙན་ཤར་བ་ལ་དཔེ་བླངས་ནས་རས་ལ་བྲིས་ཏེ་ཨུ་ཊ་ཡ་ན་ལ་བསྐུར་བ་དེ་སྔ་བར་གྲགས་པ་དང་། ཡང་སྟོན་པ་སེར་སྐྱའི་གནས་སུ་ཆོས་གསུངས་ནས་བཞུགས་པའི་ཚེ་ཤཱཀྱ་མིང་ཆེན་གྱི་ཆུང་མས་མུ་ཏིག་གི་དོ་ཤལ་གྱིས་བརྒྱན་ནས་ཆོས་ཉན་པའི་ཚེ་དེར་ཡོད་སྲེད་ལྡན་རྣམས་ཀྱི་རྒྱུད་ལ་ ཆགས་པ་སྐྱེས། དེའི་ཚུལ་ཀུན་དགའ་བོས་མིང་ཆེན་གྱི་ཆུང་མ་ལ་སྨྲས་པས། དེས་ཆོས་ལ་བར་དུ་གཅོད་པའི་ལས་སུ་སོང་ན་མི་ལེགས་སོ་སྙམ་སྟེ་དོ་ཤལ་བཀྲོལ་ནས་རང་གི་བྲན་མོ་རོ་ཧི་ ཏ་ལ་ཁྱིམ་དུ་སྐྱེལ་བར་བཏང་། ཇི་ཙམ་ཞིག་ནས་དེར་ཡོད་ཤཱཀྱའི་བུ་མོ་གཞན་ཞིག་གིས་རང་གི་མགུལ་པའི་རྒྱན་ལ་རྟོག་ཅིང་ལག་ནོམ་བྱེད་བཞིན་ཆོས་ལ་སེམས་པ་མི་གཏད་པ་མིང་ཆེན་གྱི་

ཆུང་མས་མཐོང་བས་དེས་དེའི་ང་རྒྱལ་གཅོག་པའི་སླད་དུ་སླར་ཡང་བྲན་མོ་རོ་ཧི་ཏ་དོ་ཤལ་ཕྱིར་ལེན་པར་ཁྱིམ་དུ་བཏང་བ་ལས། བྲན་མོའི་སེམས་ལ་ཀྱེ་མ་ལས་ངན་པ་བྲན་མོའི་རིགས་སུ་ སྐྱེས་པ་འདི་ལྟ་བུ་རེ་སྡུག །རང་ལ་རང་དབང་མེད་པས་སངས་རྒྱས་ཀྱི་ཞལ་བལྟ་བ་དང་། ཆོས་མཉན་པ་ཙམ་ཡང་མི་ཁོམ་མོ་སྙམ་དུ་བསམ་ནས་ཡིད་ཆད་བཞིན་པར་དོ་ཤལ་ཁྱིམ་བདག་ མོའི་ཁང་པར་ལེན་པར་སོང་བ་ན་སངས་རྒྱས་ཀྱིས་བྲན་མོའི་བསམ་པ་མཁྱེན་ནས་རྫུ་འཕྲུལ་གྱིས་གྲོ་ག་ལ། དགེ་མ་སྐྱེ་བ་འབྱུང་བ་ནི། །འཇིག་པ་ཡིན་པར་བསམ་ནས་སུ། །ངས་གསུངས་ པ་ཡི་དགེ་བ་ལ། །བརྩོན་འགྲུས་བསྐྱེད་ནས་མཉན་པར་བྱ། །ཞེས་བྲིས་ནས་གནང་ངོ་། །དེར་བྲན་མོ་ཤིན་ཏུ་དགའ་ཞིང་མགུ་བའི་ངང་ནས་ཚིགས་སུ་བཅད་པ་དེ་ཉིད་འདོན་པ་དང་། སངས་རྒྱས་ ཡིད་ལ་བྱེད་བཞིན་སོང་བ་ན་ལམ་དུ་བ་དྲུས་མ་ཞིག་དང་འཕྲད་དེ་བྲན་མོ་བསད་དོ། །འཆི་བའི་ཚེ་སངས་རྒྱས་ཡིད་ལ་བྱེད་བཞིན་དུ་དབུགས་ཀྱི་རྒྱུ་བ་ཆད་པ་ལས་རྣམ་པར་ཤེས་པ་སིངྒ་ལའི་ རྒྱལ་པོའི་བཙུན་མོའི་མངལ་དུ་ཞུགས། ཟླ་དུས་ལོན་ནས་བུ་མོ་ཞིག་བཙས་པའི་ཚེ་མུ་ཏིག་གི་ཆར་བབས་པས་མིང་དུ་མུ་ཏིག་འཁྲི་ཤིང་ཞེས་བཏགས། དེ་ཆེར་རྫོགས་པ་ན་མཉན་ཡོད་ནས་

འོངས་པའི་ཚོང་པ་རྣམས་ཀྱིས་མདོ་སྡེའི་ཚིགས་སུ་བཅད་པ་བཏོན་པ་ལས་སངས་རྒྱས་ཀྱི་མཚན་ཐོས་ཤིང་། སྔོན་གྱི་བག་ཆགས་སད་དེ་ཤིན་ཏུ་དད་པར་གྱུར་ ནས་སངས་རྒྱས་ལ་ཚིགས་སུ་བཅད་པའི་སྤྲིངས་ཡིག་གསོལ། སྟོན་པས་རི་མོ་མཁན་ལ་བདག་ཉིད་ཀྱི་སྐུ་རི་མོར་བྲིར་བཅུག་པའི་འོག་ཏུ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་ལྔ། རྟེན་འབྲེལ་བཅུ་གཉིས་ཀྱི་དོན་ལ་སོགས་པ་བྲིས་ནས་སིངྒ་ལའི་རྒྱལ་པོར་བསྐུར། རྒྱལ་པོས་ཐང་སྐུ་བཤམས་པ་ན་མུ་ཏིག་འཁྲི་ཤིང་དད་པའི་སྤུ་ལོང་གཡོས་ཤིང་། མི་རིང་བ་ན་ཆོས་ རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་བ་ཐོབ་ནས་རྒྱུན་དུ་བཞུགས་པའི་འབྲས་བུ་མངོན་དུ་བྱས་ཏེ་འདི་སྐད་དུ། རིང་ན་བཞུགས་པའི་སངས་རྒྱས་ཀྱིས། །ཤེས་རབ་མིག་ནི་རྣམ་སྦྱངས་པས། ། གང་ལ་འདི་འདྲའི་གསོས་མངའ་བ། །སྨན་མཁས་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ལ་སོགས་ཆེད་དུ་བརྗོད་པར་གྲགས་སོ། །དེ་ལྟར་མུ་ཏིག་འཁྲི་ཤིང་ལ་གནང་བ་དེ་ལ་ཐང་སྐུ་འོད་ཟེར་ མར་གྲགས་ཤིང་། ལུགས་གཅིག་ལ་བྲིས་སྐུའི་ཐོག་མ་འདི་ཉིད་ཡིན་པར་ཡང་བཞེད་ལ། དེ་བཞིན་འབུར་སྐུའི་ཐོག་མ་ནི་ཁྱིམ་བདག་དད་སྦྱིན་གྱིས་བཅོམ་ལྡན་འདས་ཀྱི་དགེ་འདུན་རྣམས་

རང་གི་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་པའི་ཚེ་ན་སྟོན་པ་མ་བྱོན་ཚེ་གྲལ་གྱི་ཐོག་མ་མི་བརྗིད་པར་མཐོང་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྟོན་པའི་འདྲ་སྐུ་བགྱིད་དུ་ཆོག་པར་ གསོལ་བས་གནང་སྟེ་རཏྣའི་རིགས་སྣ་ཚོགས་ཀྱི་རྒྱུ་ལས་བྱས་པའི་སྐུ་གཟུགས་བཞེངས་པར་གྲགས་པ་དང་། ཡང་སྟོན་པ་ལྷ་གནས་སུ་ཡུམ་ལ་ཆོས་སྟོན་པར་གཤེགས་པའི་ཤུལ་ན་གསལ་ ལྡན་གྱི་རྒྱལ་བློན་རྣམས་ཀྱིས་དད་རྟེན་སངས་རྒྱས་ཀྱི་སྐུ་བརྙན་བཞེངས་སུ་འདོད་པའི་ཚེ་མོའུ་གལ་གྱི་བུས་རྫུ་འཕྲུལ་ལ་བརྟེན་ནས་བཟོ་བོ་དང་ལྷན་ཅིག་ལྷ་གནས་སུ་ཕྱིན་ཏེ་སངས་རྒྱས་ཀྱི་ སྐུའི་དབྱིབས་ཇི་ལྟ་བ་བློར་ངེས་པར་བྱས་ནས་གྲོང་ཁྱེར་གསལ་ལྡན་དུ་སླར་ལོག་སྟེ་སྐུ་རྒྱུ་ཙནྡན་ལས་གྲུབ་པའི་སྟོན་པའི་སྣང་བརྙན་ཕྱག་གཡས་སྐྱབས་སྦྱིན་དང་གཡོན་པ་མཆོག་སྦྱིན་ཅན་ བཞེངས་སྟབས་སུ་བཞུགས་པ་ཞིག་བཞེངས་པར་གྲགས་པ་དང་། ལྷ་དབང་བརྒྱ་བྱིན་གྱིས་སྤྲུལ་པའི་བཟོ་བོ་བི་ཤྭ་ཀརྨ་ལ་བསྒོས་ནས་ལྷ་དང་མི་ཡི་ནོར་བུ་དུ་མ་ལས་གྲུབ་པ་དགུང་ལོ་བརྒྱད་ པའི་སྐུ་ཚད་ཅན་མི་བསྐྱོད་རྡོ་རྗེ། བཅུ་གཉིས་པའི་ཚད་ཅན་ཤཱཀྱ་མུ་ནེ། ཉེར་ལྔའི་སྐུ་ཚད་ཅན་མཚོན་པ་རྣམས་བཞེངས་སུ་བཅུག་ཅིང་། རིམ་བཞིན་དགུང་ལོ་བརྒྱད་པའི་ཚད་ཅན་བལ་ཡུལ་

དུ་གདན་དྲངས་པ་དང་། བཅུ་གཉིས་པའི་ཚད་ཅན་རྒྱ་ནག་ཏུ་གདན་དྲངས་པ་ལས་ཕྱིས་ཆོས་རྒྱལ་སྲོང་བཙན་གྱི་དུས་སུ་བོད་ཀྱི་བསོད་ནམས་ཀྱི་ཞིང་སར་བྱོན་པ་ གོང་དུ་སྨོས་པ་བཞིན་ཏེ་འདི་གཉིས་སྟོན་པ་དངོས་ཀྱིས་ཞལ་གྱི་འོད་ཟེར་སྤྲོ་བསྡུས་བྱིན་གྱིས་བརླབས་པ་ལས་སྐུ་དངོས་དང་བྱིན་རླབས་མཚུངས་པར་གྲགས། གཞན་ཡང་སྟོན་པ་མྱ་ངན་ ལས་འདས་པའི་རྗེས་སུ་མ་གྷ་དྷའི་བྲམ་ཟེ་མོ་ཛ་ས་ལ་བུ་སྤུན་གསུམ་ཡོད་པ་ལས་ཐ་ཆུང་གིས་ལྷའི་སྤྲུལ་པའི་བཟོ་བོ་ལ་བརྟེན་ནས་བཞེངས་པར་གྲགས་པའི་སྟོན་པ་དགུང་ལོ་སོ་ལྔའི་ཚད་ཅན་ དབུའི་གཙུག་ཏོར་བལྟ་བར་མི་མངོན་པ་ལ་སོགས་མཚན་དཔེའི་ཁྱད་པར་བརྒྱད་ཙམ་མ་གཏོགས་སྟོན་པ་བཅོམ་ལྡན་འདས་ཅི་འདྲ་བར་ཡོད་པའི་རྟེན་མཆོག་མ་ཧཱ་བྷོ་དྷི་དང་། ཀླུ་སྒྲུབ་ཀྱི་དུས་ ཀླུའི་བཟོ་བོ་དང་འཇིམ་པས་བཅོས་པའི་སྐུ་རྟེན་གྱི་རྣམ་པ་ཁྱད་པར་འཕགས་པ་མང་དུ་བྱུང་ཞིང་། དེ་བཞིན་དུ་ལྷ་ཀླུ་གནོད་སྦྱིན་ལ་སོགས་མི་ཡི་རྫུ་ལ་ཞུགས་པའི་སྤྲུལ་པའི་བཟོ་བོ་མང་དུ་བྱུང་ བ་རྣམས་ཀྱི་དཔེ་རྒྱུན་ལས་རིམ་བཞིན་རྒྱ་བོད་ཀུན་ཏུ་དར་བ་ཡིན་ལ། དེ་ལས་གསུང་རྟེན་ནི་རྒྱུ་མཚན་ཉིད་ཐེག་པས་བརྗོད་བྱ་བསླབ་པ་གསུམ་གྱི་དོན་སྟོན་པའི་རྗོད་བྱེད་སྡེ་སྣོད་རྣམ་གསུམ་ཡི་

གེའི་ཕྲེང་བར་གནས་པའམ་པུསྟ་ཀའི་རྣམ་པར་བཞུགས་པ་རྣམས་ལ་ལུང་གི་ཆོས་ཀྱི་རྟེན་དུ་འདོད་ཅིང་། གསང་བ་སྔགས་ཀྱི་ལུགས་སུ་འདི་ལྟར་གླེགས་བམ་གྱི་རྣམ་པར་སྣང་བ་རྣམས་ལ་ བརྡར་གྱུར་པའི་ཆོས་ཞེས་གསུངས་ལ། དེ་ཡང་ཇི་སྐད་དུ། མདོ་དགོངས་པ་འདུས་པ་ལས། ལངྐའི་བདག་པོ་གཟུགས་བརྙན་གྱི་སྤྲུལ་པ་ནི་ཐ་དད་དེ། གསུང་གི་གཟུགས་བརྙན་ནི་ཡི་ གེར་སྣང་བ་ཡིན་ལ། ཡི་གེའི་སྤྲུལ་པ་ནི་འདི་ལྟ་སྟེ། མིང་དང་། བྱུང་ཚུལ་དང་། གཟུགས་དང་། རང་བཞིན་དང་། སྒྲ་དང་། ལམ་དང་། སྒོ་དང་། རྣམ་གྲངས་དང་། ཡི་གེའི་ གཞི་རྣམས་ཀྱིས་དེ་ཁོ་ན་ཉིད་གསང་བ་དམ་པ་དེ་མཐོང་ཞིང་ཤེས་པར་གྱུར་ཏོ། །དེས་ཆོས་ཐམས་ཅད་ལ་མཁས་ཤིང་གྲོལ་བར་གྱུར་ཏོ། །ཞེས་གསུངས་པ་ལྟར། དེས་ན་ཡི་གེ་ལ་རང་ བཞིན་ལྷུན་གྱིས་གྲུབ་པའི་ཡི་གེ། སྤྲུལ་པའི་ཡི་གེ། ལུས་གནད་རྩའི་ཡི་གེ། ཕོ་བྲང་ལྷའི་ཡི་གེ། མཚོན་བྱེད་སྒྲའི་ཡི་གེ་སོགས་སྤྱི་དང་བྱེ་བྲག་གི་ཡི་གེའི་རྣམ་པ་མང་དུ་གསུངས་པ་ལས་རེ་ ཞིག་སྒྲ་པ་རྣམས་ཀྱིས་སྒྲ་སྤྱིའི་རྣམ་པར་སྣང་བ་ལ་ཡི་གེ་དང་། གཟུགས་སུ་བྲིས་པ་ལ་ཡི་གེའི་ཕྱི་མོ་ཞེས་འདོད་པས་དེས་ན་བཀའ་བསྟན་གྱི་གླེགས་བམ་རྣམས་དེ་དང་དེ་དག་གི་ཡི་གེའི་

གཟུགས་བརྙན་ཇི་ལྟར་མཆིས་པ་རྣམས་སུ་སྣང་ངོ་། །དེ་ཡང་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། ། ཞེས་གསུངས་པས་ལུང་གི་ཆོས་དངོས་ནི་རྒྱུའི་ཐེག་པ་ཆེ་ཆུང་གི་དགེ་འདུན་པ་རྣམས་དང་། འབྲས་བུ་སྔགས་ཀྱི་ཐེག་པའི་དགེ་འདུན་རིག་པ་འཛིན་པ་རྣམས་ཀྱི་ཐུགས་རྒྱུད་ན་རང་ལམ་སོ་ སོའི་ཆོས་གང་བཞུགས་པ་རྣམས་ཏེ་འདི་ལ་སྔགས་ཀྱི་སྐབས་སུ་བརྡར་སྣང་བའི་ཆོས་ཞེས་གསུངས་ཤིང་། དེ་བཞིན་དུ་སྔགས་ཀྱི་བཞེད་པ་ལ་བླང་དོར་གྱི་གནས་སྟོན་པའི་ངག་གི་སྒྲ་ཚིག་ རྣམས་ལ་བརྡར་གྲགས་པའི་ཆོས་ཞེས་ཀྱང་གསུངས་སོ། །རྟོག་པའི་ཆོས་ནི་གོང་གི་བརྡར་སྣང་བའི་ལུང་གི་ཆོས་ཀྱི་དོན་ཉམས་སུ་བླང་བའི་བསླབ་པ་གསུམ་ཁོ་ནའོ། །ཡང་། ཆོས་རྣམས་ ཐམས་ཅད་བཀའ་དང་བསྟན་བཅོས་ཏེ། །ཞེས་ལུང་གི་བསྟན་པ་བཀའ་དང་བསྟན་བཅོས་གཉིས་སུ་གསུངས་ཤིང་། བཀའ་ལ་ཞལ་ནས་གསུངས་པའི་བཀའ་དང་། བྱིན་གྱིས་བརླབས་ པའི་བཀའ། རྗེས་སུ་གནང་བའི་བཀའ་དང་གསུམ། ཞལ་ནས་གསུངས་པའི་བཀའ་ནི་ཆོས་སྐུའི་ཞིང་དུ་སྟོན་པ་ཀུན་ཏུ་བཟང་པོས་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ལ་རང་གི་ངོ་བོས་

གསུངས་པ་དང་། འོག་མིན་ལོངས་སྤྱོད་རྫོགས་སྐུའི་ཞིང་ན་སྟོན་པ་རྡོ་རྗེ་འཆང་གིས་རང་སྣང་རིག་པའི་འཁོར་ལ་སྒྲ་ཚིག་བརྗོད་བྲལ་དུ་གསུངས་པ་དང་། མི་མཇེད་ལ་སོགས་སྤྲུལ་སྐུའི་ ཞིང་དུ་སྟོན་པ་ཐུབ་པའི་དབང་པོས་ཚིག་སྡེབ་སྦྱོར་ལེགས་པས་གསུངས་པ་རྣམས་སོ། །སྤྲུལ་སྐུས་དེ་ལྟར་ཞལ་ནས་གསུངས་པ་མེད་ཀྱང་། ཆོས་ལོངས་གཉིས་ཀྱིས་སྒྲ་ཚིག་རང་མཚན་པ་ མེད་བཞིན་དུ་ཇི་ལྟར་གསུངས་སྙམ་ན་ཆོས་སྐུ་ནི་རང་གི་ངོ་བོ་ལ་གཉིས་སུ་གསུང་བ་མེད་པ་ལ་གསུང་བའི་ཚུལ་དུ་བརྗོད་པ་དང་། ལོངས་སྐུ་ནི་ཀློང་དྲུག་པ་ལས། ཉིད་ཀྱི་ཞལ་ནས་མ་ གསུངས་པའི། །རྨི་ལམ་ལྟ་བུའི་མཚན་ཉིད་དུ། །འཁོར་གྱི་སེམས་དཔའ་རྣམས་ལ་ནི། །ཤེས་རབ་རྟོག་དཔྱོད་བློ་ལ་སྣང་། །ཞེས་གསུངས་པའི་ཚུལ་གྱིས་སོ། །དེ་ལྟར་བློར་མ་ཤོང་ན་ གཞན་ལྟ་ཞོག་རང་རྒྱལ་གྱི་སྲིད་པ་ཐ་མའི་སྨོན་ལམ་རྣམ་བཞིའི་ནང་གི་ངག་གི་སྒྲས་སེམས་ཅན་ལ་ཆོས་མི་སྟོན་པར་ལུས་ཀྱི་བརྡས་གདུལ་བྱ་ལ་བསོད་ནམས་བསྐྱེད་པར་སྨོན་ལམ་བཏབ་ པའང་ཇི་ལྟར་འགྲུབ་སྟེ་དེས་ན། རྒྱལ་བའི་སྤྱོད་ཡུལ་འདི་ལ་གང་ཞིག་འཇུག་འདོད་པ། །དེ་ནི་བསམ་པ་ནམ་མཁའ་ལྟ་བུར་སྦྱང་། །རྟོག་དང་རྣམ་པར་རྟོག་དང་འདུ་ཤེས་འཛིན་སྤོངས་ལ། །


ནམ་མཁའ་ལྟ་བུའི་ཡིད་ཀྱི་འདི་ལ་འཇུག་པར་གྱིས། །ཞེས་གསུངས་པ་ལ་བློ་ཁ་ཕྱོགས་པར་བྱའོ། །བྱིན་གྱིས་བརླབས་པའི་བཀའ་ལ་སྟོན་པས་བྱང་ཆུབ་ སེམས་དཔའ་རྡོ་རྗེ་སྙིང་པོའི་སྤྱི་བོར་ཕྱག་གིས་རེག་པའི་མོད་ལ་མདོ་སྡེ་ས་བཅུ་པ་འཆད་པའི་སྤོབས་པ་སྐྱེས་པ་ལྟ་བུ་སྐུས་བྱིན་གྱིས་བརླབས་པའི་བཀའ་དང་། སྟོན་པས་འཇམ་དཔལ་ལ་མ་ སྐྱེས་དགྲའི་འགྱོད་པ་སོལ་ཅིག་པའི་བཀའ་སྩལ་པས་དེའི་མདོ་བྱུང་བ་ལྟ་བུ་གསུང་གིས་བྱིན་གྱིས་བརླབས་པའི་བཀའ་དང་། སྟོན་པས་ཟབ་མོ་སྣང་བའི་ཏིང་ངེ་འཛིན་ལ་ཞུགས་ནས་སྤྱན་རས་ གཟིགས་དང་ཤཱ་རིའི་བུ་ལ་བྱིན་གྱིས་བརླབས་པས་ཤཱ་རིའི་བུས་དྲིས་ཤིང་། སྤྱན་རས་གཟིགས་ཀྱིས་ཤེས་རབ་སྙིང་པོ་བསྟན་པ་ལྟ་བུ་ཐུགས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་དང་། བཤད་སྦྱར་ལས། སྟོན་པ་འདི་ཡི་བྱིན་རླབས་ཀྱིས། །བྱའམ་ཤིང་བུ་རྡེའུ་དང་། །པདྨོ་དག་དང་དཔག་བསམ་ཤིང་། །རྔ་བོ་ཆེ་ལས་བྱུང་བ་ཡང་། །རྒྱལ་བས་བྱིན་གྱིས་བརླབས་པའི་ ཕྱིར། །དེ་དག་བཀའ་ཞེས་བྱ་བར་འདོད། །ཅེས་ཡོན་ཏན་དང་ཕྲིན་ལས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་རུ་བཞེད་དོ། །རྗེས་སུ་གནང་བའི་བཀའ་ནི་སྟོན་པས་ང་ཡོངས་སུ་མྱ་ངན་ལས་

འདས་ནས་འདུལ་བ་ལ་སྣང་། མདོ་སྡེ་ལ་འཇུག མངོན་པའི་ཆོས་ཉིད་དང་མི་འགལ་ན་བཀའ་ཡིན་པར་བཟུང་ཞེས་དང་། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྡུ་ བ་བྱེད་པའི་ཚེ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པས་གླེང་བསླང་ལ། བར་དུ་མཚམས་སྦྱར་བའི་ཚིག་དང་། མཐར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་ བསྟོད་དོ་ཞེས་བྱ་བའི་བར་གྱིས་བསྡུས་ཤིག ཅེས་གསུངས་ནས་བཀའི་དོན་གྱི་བསྡོམས་བསྟན་པར་མཛད་པ་ལྟ་བུའོ། །ཡང་ཆོས་འཁོར་བསྐོར་ཚུལ་གྱི་སྒོ་ནས་དབྱེ་ན་རིམ་པ་གསུམ། གཉེན་པོའི་སྒོ་ནས་དབྱེ་ན་སྡེ་སྣོད་གསུམ། གདུལ་བྱའི་སྒོ་ནས་དབྱེ་ན་དེ་གསུམ་གྱི་སྟེང་རིག་འཛིན་སྔགས་ཀྱི་སྡེ་སྣོད་དང་བཞི། རྗོད་བྱེད་ཀྱི་སྒོ་ནས་དབྱེ་ན་གསུང་རབ་ཡན་ལག་བཅུ་གཉིས། བརྗོད་བྱའི་སྒོ་ནས་དབྱེ་བ་དྲང་ངེས་གཉིས། དགོངས་པའི་སྒོ་ནས་དབྱེ་ན་དགོངས་པ་དང་ལྡེམ་དགོངས། ཕན་ཡོན་གྱི་སྒོ་ནས་དབྱེ་ན་ཐོག་མཐའ་བར་གསུམ་དུ་དགེ་བ་སྟེ་མདོར་ན་རྗོད་བྱེད་ མདོ་སྔགས་གཉིས་ཀྱི་ཆ་གང་གསུངས་པ་རྣམས་བརྗོད་བྱ་བསླབ་པ་གསུམ་དུ་འདུ་སྟེ། དེ་ཡང་ཐེག་དམན་ལྟར་ན་རྗོད་བྱེད་འདུལ་བའི་དོན་སྟོན་པ་འདུལ་བའི་སྡེ་སྣོད་དང་བརྗོད་བྱ་ཚུལ་

ཁྲིམས་ཀྱི་བསླབ་པ། མི་སྡུག་པ་བསྒོམ་པ་སོགས་རྗོད་བྱེད་མདོ་སྡེའི་སྡེ་སྣོད་དང་བརྗོད་བྱ་ཏིང་ངེ་འཛིན་གྱི་བསླབ་པ། གང་ཟག་གི་བདག་མེད་སོགས་སྟོན་པ་ རྗོད་བྱེད་མངོན་པའི་སྡེ་སྣོད་དང་བརྗོད་བྱ་ཤེས་རབ་ཀྱི་བསླབ་པ། བྱང་ཆུབ་སེམས་དཔའི་ལམ་ལྟར་ན་རྗོད་བྱེད་རྩ་ལྟུང་གི་རབ་དབྱེ་སྟོན་པ་ཐམས་ཅད་འདུལ་བའི་སྡེ་སྣོད་དང་དེ་དག་གི་བསྟན་ དོན་ཐམས་ཅད་བརྗོད་བྱ་ཚུལ་ཁྲིམས་ཀྱི་བསླབ་པ། རྗོད་བྱེད་ཏིང་ངེ་འཛིན་གྱི་སྒོ་ཇི་སྙེད་པ་ཐམས་ཅད་མདོ་སྡེའི་སྡེ་སྣོད་དང་དེའི་བསྟན་དོན་བརྗོད་བྱ་ཐམས་ཅད་ཏིང་འཛིན་གྱི་བསླབ་པ། རྗོད་བྱེད་སྟོང་པ་ཉིད་ཀྱི་རྣམ་གྲངས་སམ་ངོ་བོ་སྟོན་པ་ཐམས་ཅད་མངོན་པའི་སྡེ་སྣོད་དང་དེའི་བསྟན་དོན་བརྗོད་བྱ་ཐམས་ཅད་ཤེས་རབ་ཀྱི་བསླབ་པ། གསང་སྔགས་ལྟར་ན་རྗོད་བྱེད་དམ་ཚིག་ གི་གནས་གང་སྟོན་པ་ཐམས་ཅད་འདུལ་བའི་སྡེ་སྣོད་དང་དེའི་བརྗོད་བྱ་རྣམས་ཚུལ་ཁྲིམས་ཀྱི་བསླབ་པ། རྗོད་བྱེད་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་དོན་སྟོན་པ་ཐམས་ཅད་མདོ་སྡེའི་སྡེ་སྣོད་ དང་དེའི་བསྟན་དོན་བརྗོད་བྱ་རྣམས་ཏིང་ངེ་འཛིན་གྱི་བསླབ་པ། རྗོད་བྱེད་རྫོགས་པ་ཆེན་པོའི་ཆོས་རྣམས་མངོན་པའི་སྡེ་སྣོད་དང་དེའི་བསྟན་དོན་བརྗོད་བྱ་ཐམས་ཅད་ཤེས་རབ་ཀྱི་བསླབ་པ་སྟེ་

མདོར་ན་རྗོད་བྱེད་ཚིག་གི་ཆ་ཐམས་ཅད་ལུང་གི་ཆོས་དང་། བརྗོད་བྱ་དོན་གྱི་ཆ་ཐམས་ཅད་རྟོགས་པའི་ཆོས་སུ་འདུ་བས་དེས་ན་མདོ་སྔགས་ཐེག་པ་ཆེ་ཆུང་རང་ས་ན་རྗོད་བྱེད་སྡེ་སྣོད་གསུམ་ དང་བརྗོད་བྱ་བསླབ་པ་གསུམ་གྱི་གནས་ཐམས་ཅད་ཚང་ལ་མ་ནོར་བ་བཞུགས་པ་ཡིན་ལ། དེ་ཡང་ཞལ་ནས་གསུངས་པའི་བཀའ་ལ་སྔ་བ་ནི་ཤིང་སྒྲོལ་རྒྱུའི་ཚལ་དུ་ཚོང་པ་ག་གོན་དང་བཟང་ སྐྱོང་གཉིས་ཀྱིས་སྦྲང་རྩི་ཕུལ་བ་བཞེས་ཏེ། ཚོང་པ་དག་ནི་དོན་གཉེར་བ། །རྙེད་པ་ཆེན་པོ་རྙེད་གྱུར་ཅིག །ཅེས་པ་ལ་སོགས་ཤིས་པ་གསུངས་པ་རྣམས་ཡིན་པར་གྲགས་སོ། །བསྟན་ བཅོས་ནི་རྩོམ་པ་པོ་རབ་ཆོས་ཉིད་ཀྱི་བདེན་པ་མཐོང་བ། འབྲིང་ཡི་དམ་ལྷའི་ཞལ་གཟིགས་པའམ་དངོས་སམ་བརྒྱུད་པའི་གནང་བ་ཐོབ་པ། ཐ་ནའང་རིགས་པའི་གནས་ལྔ་ལ་མཁས་པ་སྟེ་ མཚན་ཉིད་གསུམ་ཀའམ་གང་རུང་དང་ལྡན་པས་བརྩམ་བྱ་བསྟན་བཅོས་ཀྱི་རང་བཞིན་ནི་རྣམ་བཤད་རིག་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་ སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་པ་ལྟར་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པ་དང་།

གཞན་ཡང་དོན་མེད་དོན་ལོག་ཐོས་རྩོད་ངན་གཡོ་བརྩེ་བྲལ་ཏེ་ཕྱི་རོལ་པའི་བསྟན་བཅོས་ངན་པ་དྲུག་གི་དྲི་མ་དང་བྲལ་ཞིང་། འཕྲལ་ཡུན་གྱི་དོན་ཆེན་པོ་འགྲུབ་པ། འཁོར་བའི་སྡུག་བསྔལ་སྤོང་བ། བྱང་ཆུབ་བསྒྲུབ་པ་སྟེ་ནང་པའི་མཚན་ཉིད་ཀྱི་ཁྱད་པར་གསུམ་ཚང་བ་ལ་བཞེད་དོ། །དེ་ལ་ནང་པའི་བསྟན་བཅོས་ཀྱི་ཐོག་མ་ནི་ཐེག་དམན་ལྟར་ན་དགྲ་ བཅོམ་པ་རྣམས་ཀྱིས་སྤྱི་མཐུན་དུ་བརྩམས་པར་གྲགས་པ་བྱེ་བྲག་བཤད་མཛོད་ཆེན་མོ་དང་། ཐེག་ཆེན་ལྟར་ན་ཀླུ་ཐོགས་གཉིས་ཀྱིས་ཟབ་མོ་ལྟ་བ་དང་རྒྱ་ཆེན་སྤྱོད་པའི་གཞུང་གི་སྲོལ་ཕྱེས་པ་ ལས་ཨཱརྱ་དེ་ཝ། དབྱིག་གཉེན། ཕྱོགས་གླང་ཆོས་གྲགས་ལ་སོགས་པས་འགྲེལ་པ་མཛད་པ་སོགས་ལས་རིམ་བཞིན་འཐོར་བ་སྡུད་པ། གབ་པ་ཕྱུང་བ། རྒྱུས་དོན་བསྡུ་བ། བསྡུས་དོན་ བཀྲལ་བ། འཁྲུགས་བསྡེབས་ཤེས་པ་བཅས་ཀྱི་ཐོག་ཚིག་འགྲེལ། དོན་འགྲེལ། འབྱེད་འགྲེལ། རྒྱ་ཆེར་འགྲེལ། དཀའ་འགྲེལ། སྒྲུང་འགྲེལ་ལ་སོགས་སྐབས་སུ་བབ་པའི་གཞུང་ འགྲེལ་པ་དང་བཅས་པ་མཛད་པའི་འཕགས་བོད་ཀྱི་སྐྱེས་ཆེན་མང་དུ་བྱོན་ནས་རྒྱལ་བའི་བཀའི་དོན་གསལ་བར་བྱེད་པའི་དགོངས་འགྲེལ་བསྟན་བཅོས་མང་དུ་བྱུང་བ་ཡིན་ལ། ཐུགས་རྟེན་

མཆོད་སྡོང་ནི། དེ་ཡང་སྤྱིར་གནས་ལུགས་ཀྱི་བདེན་པ་གཟིགས་ཤིང་སྣང་ཚུལ་དག་པའི་རྣལ་འབྱོར་པ་རྣམས་ལ་ཁམས་གསུམ་པོའང་རྒྱལ་བའི་མཆོད་སྡོང་གི་རྣམ་པར་གནས་པས་རང་ བཞིན་ལྷུན་གྱིས་གྲུབ་པའི་མཆོད་རྟེན་དང་། ཤར་དུ་བྱམས་པ་རྡོ་རྗེ་བརྩེགས་པ། ལྷོ་རུ་སྙིང་རྗེ་རིན་ཆེན་བརྩེགས་པ། ནུབ་ཏུ་དགའ་བ་པདམོ་བརྩེགས་པ། བྱང་དུ་བཏང་སྙོམས་རྒྱ་གྲམ་ བརྩེགས་པ་སྟེ་གླིང་བཞི་ཚད་མེད་བཞི་ལ་སྦྱར་བ་བླ་ན་མེད་པའི་མཆོད་རྟེན་དང་། གླིང་བཞི་རེ་རེ་ལ་སྐུ་གདུང་ཆ་བརྒྱད་གཉིས་གཉིས་རེ་སྟེ་བརྒྱད་དུ་བཤད་པ་བྱིན་གྱིས་བརླབས་པའི་མཆོད་ རྟེན་དང་། སྔོན་དཔལ་ཆེན་པོས་རུ་ཏྲ་བཏུལ་བའི་ཚེ་ཡུལ་བརྒྱད་དུ་མ་མོ་བརྒྱད་ཀྱི་རྟེན་གནས་སུ་བྱུང་བ་དངོས་གྲུབ་འབྱུང་བའི་མཆོད་རྟེན་བརྒྱད་དང་། ཉན་རང་བྱང་སེམས་དང་བདེ་བར་ གཤེགས་པའི་མཆོད་རྟེན་བརྒྱད་ལ་སོགས་པ་ཐེག་པ་སོ་སོའི་མཆོད་རྟེན་ཏེ་རྣམ་པ་ལྔར་གསུངས་ཏེ་ཇི་སྐད་དུ། རང་བཞིན་ལྷུན་གྲུབ་བླ་ན་མེད། །བྱིན་རླབས་དངོས་གྲུབ་འབྱུང་བ་དང་། ། ཐེག་པ་སོ་སོའི་མཆོད་རྟེན་ཏེ། །ཞེས་སོ། །གཞན་ཡང་སྐུ་གདུང་ལ་རས་གཟུང་སྟོང་རྙེད་དང་ཆོས་གོས་སྟོང་སྙེད་ཀྱིས་དཀྲིས་ཏེ་ཞུགས་ལ་ཕུལ་བ་ན་གཞན་ཐམས་ཅད་ཚིག་ལ་ཀུན་གྱི་ནང་

མ་དང་ཕྱི་གཡོགས་ཆོས་གོས་མ་ཚིག་པ་ལ་མཆོད་རྟེན་བྱས་པས་རས་ཚིག་པ་དང་མ་ཚིག་པའི་མཆོད་རྟེན་ཅེས་ལུང་ལས་གསུངས་པ་དང་། བྲམ་ཟེ་ནྱ་གྲོ་དྷས་ སོལ་བ་ལ་བརྟེན་ནས་བཞེངས་པར་གྲགས་པའི་སོལ་བའི་མཆོད་རྟེན། ཚེམས་ཀྱི་མཆོད་རྟེན། དབུ་སྐྲ་སེན་མོའི་མཆོད་རྟེན། ཆོས་རྒྱལ་མྱ་ངན་མེད་ཀྱི་བྱེ་བ་མཆོད་རྟེན་སོགས་མདོ་རྒྱུད་སོ་ སོ་ནས་གསུངས་པའི་མཆོད་རྟེན་གྱི་རྣམ་གྲངས་མང་ཞིང་། དེ་བཞིན་རྩོད་བྲལ་གྱི་གཏེར་མའི་ནང་ལས་གསལ་བའི་མཆོད་རྟེན་གྱི་བཟོ་དབྱིབས་དང་རྣམ་གྲངས་ཀྱང་མང་དུ་གསལ་བ་མཐའ་ དག་འདིར་འགོད་ཀྱིས་མི་ལང་བས་རང་རང་གི་ཐིག་གི་རྣམ་བཞག་ལ་སོགས་ཡིག་ཆ་གཞན་ལས་རྟོགས་པར་བྱའོ། །སྐུ་ལུས་ཀྱི་ཚད་ལྟར་བཤད་པ་ནི་དུས་འཁོར་ལས། གསང་བའི་ཆུ་ སྐྱེས་མཛོད་སྤུའི་མཐའ་ཡིས་མཆོག་གི་རྒྱལ་བའི་བདག་པོའི་མཆོད་རྟེན་དཔངས་ཀྱི་ཚད། །དེ་ཡི་ཕྱེད་ཀྱི་གདན་གྱི་རྒྱ་སྟེ་ས་གཞི་ཤིན་ཏུ་མཉམ་པ་དེ་ཡི་སུམ་ཆས་ཕྱོགས་ཆ་རྣམས། །ཕྱེད་ དང་གཉིས་མཐར་ཕྱིར་འབུར་ཆུ་སྐྱེས་ཐུགས་ཀར་གནས་པའི་འཁོར་ཡུག་གདན་གྱི་ཚད་ཀྱི་ཟླུམ་པོའོ། །གཞི་དང་མཉམ་པའི་པདྨའི་མཐའ་ཡིས་ཆས་དམན་ཁོག་པ་དེ་ཡི་ཕྱོགས་ཆ་ཡིན་ཀྱང་

མགྲིན་པའོ། །གདན་ཕྱེད་ཆ་ཡི་གདོང་སྟེགས་ས་གཞི་ཤིན་ཏུ་མཉམ་པ་དེ་ཡི་སུམ་ཆས་ཕྱོགས་ཆའོ་གསང་བ་ཡི། །ཆུ་སྐྱེས་དག་ལས་ཕྱེད་ཆས་ཉི་མས་གདན་གྱི་དཔངས་ཀྱི་ཚད་དེ་ཤིན་ཏུ་ མཉམ་པ་ཡང་འདི་འགྱུར། །གདན་ནས་པདམོའི་མངོན་མཚམས་ཐུགས་ཁར་གནས་པའི་ཁོར་ཡུག་མཐའ་དང་དེ་ནས་མགྲིན་པའི་རྩ་བའོ། །དེ་ནས་གདོང་གི་མཐར་ནི་དེ་བཞིན་ཆུ་གཏེར་ཕྱེད་ ཆས་དུས་དང་རིག་བྱེད་རྣམས་ཀྱི་དུམ་བུ་གསུམ། །གདན་ལས་རིག་བྱེད་ཀྱི་ནི་པདམ་ཐུགས་ཁར་གནས་པའི་ཁོར་ཡུག་མགྲིན་པའི་ཚད་ཀྱང་དེ་བཞིན་ཏེ། །ཕྱེད་བཅས་བརྒྱད་ཀྱི་གདོང་པའི་ ཚད་དང་དེ་ཡི་སྟེང་དུ་གདུགས་ཀྱི་ཕྲེང་བར་འགྱུར་རོ་མི་ཡི་དབང་། །མཛོད་སྤུ་མཚམས་ནས་དཔྲལ་བ་དག་དང་སྤྱི་བོ་དེ་ནས་འདིར་ནི་གཙུག་ཏོར་དག་གི་མཐར་ཐུག་འདི། །དེ་ལྟར་ངེས་པར་ འཇིག་རྟེན་ཁམས་འདི་མཐའ་དག་རྒྱལ་བའི་སྐུ་སྟེ་འཁོར་ལོ་མཆོད་རྟེན་རང་བཞིན་ནོ། །ཞེས་གསུངས་ཤིང་། དེ་ཡང་གསང་གནས་ནས་གཙུག་ཏོར་གྱི་བར་དང་། མཆོད་རྟེན་གསུམ་ གདན་པདམ་ཡན་ནས་ཆར་ཁེབས་མན་ཆད་འཇིག་རྟེན་གྱི་ཁམས་དཔག་ཚད་འབུམ་ཕྲག་བཞི་པ་རྣམས་ཕྱི་ནང་གཞན་གསུམ་གྱི་རྣམ་བཞག་དང་ཆོས་མཚུངས་པར་སྦྱོར་ཞིང་། དེ་ཡང་པདམ་ཡན་

གྱི་དཔངས་ཕྱེད་ཆ་ལ་རྒྱའི་ཚད་དུ་གསུངས་སོ་ཞེས་ཀུན་མཁྱེན་འཇིགས་མེད་གླིང་པས་གསུངས་སོ། །དེ་ལ་ཐུན་མོང་བདེ་གཤེགས་མཆོད་རྟེན་བརྒྱད་ནི། སྟོན་པ་ཐུབ་པའི་དབང་པོས་བྱང་ཆུབ་ཤིང་གི་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་སུ་གཟུགས་ཅན་སྙིང་པོ་ལ་སོགས་པས་བཞེངས་པར་གྲགས་པ་བདུད་འདུལ་མཆོད་རྟེན་ནམ་ བྱང་ཆུབ་མཆོད་རྟེན། ལུམྦིའི་ཚལ་དུ་སྐུ་བལྟམས་པའི་དུས་སུ་ཟས་གཙང་སོགས་ཀྱིས་བཞེངས་པར་གྲགས་པ་བདེ་གཤེགས་འབྱུང་བའམ་པདྨ་སྤུངས་པའི་མཆོད་རྟེན། ཝཱ་རཱ་ཎ་སཱིར་ཆོས་ ཀྱི་འཁོར་ལ་བསྐོར་བའི་དུས་སུ་ལྔ་སྡེ་བཟང་པོས་བཞེངས་པར་གྲགས་པ་ཆོས་འཁོར་མཆོད་རྟེན་ནམ་བཀྲ་ཤིས་སྒོ་མང་མཆོད་རྟེན། མཉན་ཡོད་ཛེ་ཏའི་ཚལ་དུ་མུ་སྟེགས་ཕམ་པར་མཛད་པའི་ དུས་སུ་ལི་ཙ་བིས་བཞེངས་པར་གྲགས་པ་ཆོ་འཕྲུལ་མཆོད་རྟེན། ལྷ་གནས་སུ་ཆོས་གསུངས་ཤིང་མི་ཡུལ་གསལ་ལྡན་དུ་བབས་པའི་དུས་སུ་གསལ་ལྡན་པ་རྣམས་ཀྱིས་བཞེངས་པར་གྲགས་ པ་ལྷ་བབས་མཆོད་རྟེན། ལྷས་སྦྱིན་གྱིས་དགེ་འདུན་རྣམས་ཀྱི་དབང་ལ་དབྱེན་བཅོས་པ་མཆོག་ཟུང་གིས་བསྡུམས་པའི་དུས་སུ་མ་གྷ་དྷ་པ་རྣམས་ཀྱིས་བཞེངས་པར་གྲགས་པ་དབྱེན་ཟླུམ་

མཆོད་རྟེན། ཡངས་པ་ཅན་དུ་དགེ་བསྙེན་ཙུནྡའི་ངོར་སྐུ་ཚེ་ཟླ་བ་གསུམ་བསྲིངས་པའི་དུས་སུ་དེའི་གྲོང་ཁྱེར་བ་རྣམས་ཀྱིས་སམ་ཁ་ཅིག་ཏུ་ལྷ་རྣམས་ཀྱིས་བཞེངས་པར་གྲགས་པ་སྐུ་ཚེ་བྱིན་ རླབས་མཆོད་རྟེན་ནམ་རྣམ་རྒྱལ་མཆོད་རྟེན། གྲོང་ཁྱེར་རྩྭ་ཅན་དུ་མྱ་ངན་ལས་འདས་པའི་དུས་སུ་གྱད་པ་རྣམས་ཀྱིས་བཞེངས་པར་གྲགས་པ་མྱང་འདས་མཆོད་རྟེན་ནོ། །དེ་ལ་པདྨ་སྤུངས་ པའི་མཆོད་རྟེན་ནི་ཛམ་གླིང་འདི་ཉིད་དུ་རྒྱལ་བའི་མཆོད་རྟེན་རྣམས་ཀྱི་ནང་ནས་ཐོག་མ་ཡིན་པར་གྲགས་ལ། དེ་ཡང་མཆོད་རྟེན་རྣམས་ཀྱི་དབྱིབས་ཀྱི་བརྡ་དོན་ནི། རིག་འཛིན་པདྨ་དབང་ ཆེན་གྱིས། ཟླུམ་པོའི་དབྱིབས་སུ་བྱས་པ་ཀུན། །སྤྲོས་པའི་མཚན་མ་ཉེར་ཞིའི་དོན། །གྲུ་བཞིའི་དབྱིབས་སུ་བྱ་བ་ནི། །སྤངས་རྟོགས་ཡོན་ཏན་རྫོགས་པའི་བརྡ། །དགེ་བཅུ་ཐར་པའི་རྨང་ རྟེན་ཡིན། །བང་རིམ་བཞི་པོ་རིམ་པ་བཞིན། །དྲན་པ་ཉེར་བཞག་ཡང་དག་སྤོང་། །རྫུ་འཕྲུལ་རྐང་པ་དབང་པོ་ལྔ། །བུམ་ལྡན་སྟོབས་ལྔ་བུམ་པ་ནི། །བྱང་ཆུབ་ཡན་ལག་བདུན་དུ་མཚོན། ། བྲེ་ནི་འཕགས་ལམ་ཡན་ལག་བརྒྱད། །ཤེས་བཅུ་སྟོབས་བཅུ་མ་འདྲེས་པའི། །དྲན་པ་ཉེར་བཞག་གསུམ་རིམ་བཞིན། །སྲོག་ཤིང་འཁོར་ལོ་བཅུ་གསུམ་མཚོན། །ཐུགས་རྗེ་སྐྱོབ་པ་ཆར་

ཁེབས་གདུགས། །ཉི་ཟླ་འཇིག་རྟེན་མུན་སེལ་འོད། །ཏོག་ནི་འགྲན་ཟླ་བྲལ་བའི་རྟགས། །ཞེས་གསུངས་པ་ལྟར་རོ། །ཆེ་ཆུང་ནི་གདུལ་བྱའི་མོས་པ་དང་ འབྱོར་པའི་རྗེས་སུ་སོང་བས་མཐའ་གཅིག་ཏུ་མ་ངེས་ཏེ་ཆུང་བ་སྐྱུ་རུ་ར་ནས་ཆེ་བ་རྒྱང་གྲགས་དང་དཔག་ཚད་ཀྱི་བར་དུ་གསུངས་སོ། །དེ་བཞིན་བཞེངས་སའི་ས་གནས་ཀྱང་སྤྱིར་བཏང་ལམ་ གྱི་གཞི་མདོར་བྱ་བར་གསུངས་པ་ནི་འཕགས་པའི་གང་ཟག་རྣམས་དང་སངས་རྒྱས་རྣམས་ཀྱི་རིང་བསྲེལ་གྱིས་གཏམས་པའི་མཆོད་སྡོང་ལ་བརྟེན་ནས་སྐྱེ་འགྲོ་རེ་ཟུང་ཙམ་མ་ཡིན་པར་འགྲོ་བ་ མང་པོའི་རྒྱུད་ལ་མཐོང་བ་དང་ཐོས་པ་དང་རླུང་གི་རྫི་ཕྱོགས་ཕོག་པ་ཙམ་གྱིས་ཐར་པའི་ས་བོན་འཇོག་པའི་སླད་དུ་སྟེ་འདུལ་བ་ལུང་ལས། སྔོན་འཕགས་པ་ཤཱ་རིའི་བུའི་རིང་བསྲེལ་རྣམས་ ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འཁྱེར་ཏེ། རང་གི་ཁྱིམ་གྱི་ནང་གི་མཆོག་མཐོན་པོ་ཞིག་ཏུ་བཞག་ནས་དེ་ལ་མཆོད་པ་དང་སྐྱེ་བོའི་ཚོགས་ཆེན་པོ་གཞན་རྣམས་ཀྱིས་ཀྱང་དེར་སོང་སྟེ་ མཆོད་དོ། །དུས་རེ་ཞིག་ཁྱིམ་བདག་རི་བོ་ཞིག་ཏུ་བྱ་བ་ཅུང་ཟད་གཅིག་ལ་སྒོ་བཅད་དེ་སོང་བ་དང་། སྐྱེ་བོའི་ཚོགས་རྣམས་ཀྱིས་མཆོད་པ་བྱ་བར་མ་བྱུང་བར་བདག་ཅག་གི་བསོད་ནམས་ཀྱི་

བར་ཆད་བྱས་སོ་ཞེས་འཕྱ་བ་དེ་ཁྱིམ་བདག་གིས་ཐོས་ནས། བཅོམ་ལྡན་འདས་བདག་གིས་ཤཱ་རིའི་བུའི་མཆོད་རྟེན་ཕྱོགས་སྣང་གཡེལ་ཅན་ཞིག་ཏུ་བགྱིས་ལ་མཆོད་པ་བགྱིད་དུ་སྩོལ་ཞིག་ བཀའ་བསྩལ་པ་གནང་གི་གྱིས་ཤིག་ཅེས་གསུངས་པ་ལྟར་རོ། །དེ་ལྟ་ནའང་དགེ་རྩ་སྒྲུབ་པ་པོ་ནས་སྐབས་སུ་དགོས་པ་གང་ལ་བརྟེན་ནས་བཞེངས་དགོས་པ་དེ་དང་མཐུན་པའི་མདོ་རྒྱུད་ བཀའ་གཏེར་སོ་སོའི་བཞེད་གཞུང་ལ་ཁུངས་བཅོལ་ནས་བསྒྲུབ་པ་ལས་ཞེ་འདོད་གཅིག་ལ་བཀའ་ལུང་རྣམ་པ་མི་འདྲ་བ་ཐམས་ཅད་སྤུངས་ནས་བསྒྲུབ་དགོས་པའང་མ་ཡིན་ལ། སོ་སོའི་སྐྱེ་ བོ་རྣམས་ཀྱིས་དེ་ལྟར་བསྒྲུབ་ཀྱང་མི་ནུས་ཤིང་། མཆོད་སྡོང་ཆེན་མོ་འདི་ཉིད་གཅིག་ལ་མཚོན་ནའང་བཞེངས་བྱ་གདུལ་བྱའི་སྐབས་ཀྱི་མོས་པ་གང་ཡོད་དང་འཚམས་པའི་བཞེངས་ཡུལ་ས་ གནས་འདྲ་མིན་སོ་སོར་བཞེངས་དགོས་པའི་ཚུལ་གསུངས་པ་འོག་ནས་ལུང་འབྱུང་བ་ལས་ཤེས་པར་འགྱུར་རོ། །ད་ནི་གང་དུ་བཞེངས་ཡུལ་སྣོད་བཅུད་ཀྱི་གནས་སྟངས་མདོ་ཙམ་སྨོས་པ་ནི། དེ་ཡང་སོ་སོ་སྐྱེ་བོ་རང་ག་མ་སྲིད་པའི་ཕུན་ཚོགས་ཁོ་ན་ལ་མཐའ་གཅིག་ཏུ་ཡིད་གཞོལ་བ་རྣམས་ཀྱིས་ནི་ལུས་ལ་གོས་རྒྱན་ཀླུབས་ཤེས་པ་དང་། ངག་གི་སྐད་རིགས་མི་འདྲ་བའི་ཐོག་ནས་

ཆགས་སྡང་གི་གཏམ་རྣམ་པ་སྣ་ཚོགས་འཇིག་རྟེན་གཞན་གྱི་རྣ་བར་འཇེབས་པ་སྨྲ་ཤེས་པ་དང་། ཡིད་ཀྱི་ཀུན་རྟོག་དབྱར་གྱི་གནམ་གཤིས་བཞིན་དུ་ཅིར་ཡང་ གཡོ་ཤེས་པ་གཞིར་བཟུང་བའི་ཐོག་ནས་ཡོངས་སུ་བཟུང་བའི་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་རྣམས་སྒོ་ཀུན་ནས་འབད་པ་དང་རྩོལ་བ་མང་པོས་བཟང་པོའི་རྣམ་པ་ཅན་དུ་བཅོས་ཏེ་རང་གཞན་ སྐྱེ་བོ་ཀུན་གྱི་མཐོང་སྣང་ལ་ཕྲ་ལམ་མེ་བ་ཅན་ལ་ཡུལ་བཟང་པོའམ་རྒྱལ་ཁབ་ཆེན་པོར་བརྩི་ཞིང་། གང་ན་རྣམ་པ་དེ་ལྟ་བུ་དང་མི་ལྡན་པའི་ཡུལ་ཞིག་ཡིན་ཕན་ཆད་མཐའ་ཁོབ་ཀྱི་ཡུལ་ཞེས་ སྨྲ་ཞིང་ངན་ངོན་དུ་བལྟ་བར་བྱེད་ལ། དྲང་པོའི་ལམ་སྟོན་པའི་ཐུབ་པ་དྲང་སྲོང་ཆེན་པོས་ནི་ཡུལ་གྱི་བཟང་ངན་ཤར་ལྷོ་ནུབ་བྱང་ལ་སོགས་ཕྱོགས་དང་། རྒྱུ་ནོར་ལ་སོགས་སྲིད་པའི་སྟོབས་ འབྱོར་ཁོ་ནས་ཕྱེ་བ་མ་ཡིན་པར་གང་དུ་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་དར་བའི་ཡུལ་དེ་ལ་ཆོས་ཚིགས་ཀྱི་ཡུལ་དབུས་ཞེས་མཆོག་ཏུ་བསྔགས་ཤིང་། གང་ན་སངས་རྒྱས་ཀྱི་བསྟན་པ་ མེད་པའི་ས་དེར་མཐའ་ཁོབ་ཅེས་སྨད་པར་མཛད་པ་སྟེ། དེས་ན་དེང་གི་དུས་དབང་ལ་གཞིགས་པའི་ལྷོ་ཡི་ལྗོངས་འདི་ཡང་ཆོས་ལྡན་གྱི་ཡུལ་དམ་པར་གནས་པ་ཡིན་ལ། བཀོད་པའི་ཆ་

ནས་གཞལ་ཡང་མ་བཅོས་རང་བྱུང་གི་དངོས་པོ་ཕུན་སུམ་ཚོགས་པས་མཛེས་ཤིང་ཕྱུག་པ་སྟེ། འདི་ལྟར་བྲག་རི་དང་གངས་རི་ལ་སོགས་ཀྱི་བ་གམ་ལྷུན་ཆགས་པས་བརྗིད་པ། གསེག་མ་ དང་འཇག་སྐྱ་ལ་སོགས་དཀོན་ལ་ནེ་ཙོའི་འདབ་གཤོག་ལ་ཅོ་འདྲི་བ་བཞིན་གྱི་ནེའུ་གསེང་དང་རྩྭ་ལྗང་རྒྱས་པ། དུས་བཞིའི་འགྱུར་བ་མངོན་པར་ངོམ་པ་དང་མི་མངོན་འདྲེས་མའི་ཚུལ་དུ་སྣང་ བ་ལྟ་བུའི་ས་ཁད་མཐོ་དམན་དྲོ་གྲང་སྣ་ཚོགས་སུ་སྣང་ཞིང་། དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་པདྨ་དབང་ཆེན་གྱིས། ཨུཏྤལ་སྔོན་པོ་འདབ་མ་བརྩེགས་པའི་རྡུལ། །སྣ་ཚོགས་མེ་ ཏོག་འབྲས་བུས་དུབ་བྱས་པ། །ལྗོན་པ་མཆོག་གི་ཡལ་གའི་བསྟི་སྟང་ནི། །དྲང་སྲོང་རྣམས་ལ་བསིལ་ཡབ་སྦྲེང་བ་བཞིན། །ཞེས་གསུངས་པ་ལྟར། ཙནྡན་དང་། ཤུག་པ་དང་། ཨ་ཀ་རུ་དང་། སེང་ལྡེང་ལ་སོགས་སྨན་ཤིང་གི་བྱེ་བྲག་མི་འདྲ་བ་མང་པོ་དང་། ཁམ་བུ་ཀུ་ཤུ་ཨ་མྲ་སྟར་ཀ་ལ་སོགས་འབྲས་ལྡན་གྱི་ཤིང་གི་རིགས་མང་བ། འབྲས་དང་གྲོ་དང་ནས་དང་ ཁྲེ་དང་སྲན་མ་ལ་སོགས་འབྲུ་རིགས་ཀྱི་བྱེ་བྲག་མང་པོའི་ཐོན་ཁུངས་བཟང་བ། དཔྱིད་ཀྱི་རྒྱལ་མོ་མགྲོན་ལ་ཕེབས་པའི་དུས་སུ་མཐོ་ས་ནས་ཁུ་བྱུག་སྔོན་མོས་མགྲིན་པའི་རྫ་རྔ་འཁྲོལ་ཞིང་།

དམའ་ས་ནས་སྤུ་སྡུག་རྨ་བྱས་ཟློས་གར་རྩེ་བ། ནགས་ཀླུང་སྟུག་པོ་དང་སྤང་གཤོང་གི་བར་རྣམས་སུ་ལྷན་སྐྱེས་ཀྱི་དྲི་བསུང་འཐུལ་བའི་རྩི་སྨན་དང་མེ་ཏོག་རྣམ་ པ་མི་འདྲ་བ་མང་བ། ཡིད་དུ་འོང་བ་དང་བརྗིད་པའི་རྣམ་པ་ལྡན་པའི་བྱ་དང་རི་དྭགས་སྣ་ཚོགས་པ་བག་ཕེབས་པར་རྒྱུ་བ། དལ་འབབ་ཡན་ལག་བརྒྱད་ལྡན་གྱི་མངོན་རྟོགས་ངོམ་པའི་ཆུ་བོ་ དང་ཆུ་ཕྲན་རྣམས་ཛ་ཧཱུའི་བུ་མོ་དང་བསྡོངས་ནས་དཔལ་གྱི་རྡོ་རྗེ་གདན་ལ་ཡོན་ཆབ་འབུལ་དུ་ཆས་པ་སོགས་ངོ་མཚར་གྱི་བཀོད་པ་ཕུལ་དུ་བྱུང་བས་མཛེས་པ་སྟེ། དེ་ལྟ་བུའི་ཡུལ་འདི་ཉིད་དུ་ ཐོག་མར་དམ་པའི་ཆོས་ཀྱི་བསྟན་པ་དར་བར་མཛད་པའི་རྟེན་འབྲེལ་གྱི་སྒོ་འཕར་འབྱེད་པ་པོ་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཏེ། དེས་སེང་གེ་རྫོང་དང་། མཁན་པ་ལྗོངས། སྤ་གྲོ་སྟག་ཚང་དཔལ་གྱི་ཕུག་སོགས་གནས་རི་སྒྲུབ་ཕུག་གྲངས་ལས་འདས་པར་ཞབས་ཀྱིས་བཅགས་ཤིང་། ལྷ་འདྲེ་མ་རུངས་པ་ཐམས་ཅད་དམ་ལ་བཏགས། སྐུ་རྗེས་རྡོ་རྗེ་བརྩེགས་པས་ གཙོས་པའི་ཕྱག་ཞབས་ཀྱི་རྗེས་མང་དུ་བཞག ཛམྦུའི་གླིང་ན་སྲིད་པའི་མངའ་ཐང་གིས་དྲེགས་པའི་རྒྱལ་པོ་དང་། ཁམས་ཀྱི་རྒྱལ་ཕྲན་ལ་སོགས་ཆེ་བཙན་སུ་ཡིས་ཀྱང་ཕྱི་མཐའི་མཐར་

ཡང་དབང་དུ་བསྒྱུར་བའི་སྐལ་པས་ནོངས་པར་བྱེད་ཕྱིར་ལྷོ་རོང་སྦས་པའི་ཡུལ་ཞེས་བཀའ་ཡིས་ཇི་ལྟར་བསྔགས་པ་བཞིན་དོན་ལ་གནས་པར་བྱིན་གྱིས་བརླབས་སོ། །དེ་ལས་བོད་དུ་བདེ་ གཤེགས་ཕག་མོ་གྲུ་པའི་དངོས་སློབ་གྲུབ་ཆེན་ས་ར་ཧ་དང་དགོངས་པ་མཉམ་པའི་གླིང་རས་པདྨ་རྡོ་རྗེའི་སློབ་མ་ཆོས་རྗེ་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེས་བླ་མའི་བཀའ་བཞིན་དགོན་གནས་ བཏབ་པར་བརྩམས་པ་ན་སྣམ་གྱི་ཕུར་འབྲུག་མ་བུ་དགུ་བབས་ཤིང་གྲགས་པས་རྟེན་འབྲེལ་བཟང་པོར་མངོན་པའི་མཚན་མ་རྒྱུ་མཚན་དུ་བྱས་ནས་དེ་ཉིད་དུ་གདན་ས་བཏབ་སྟེ་མཚན་ལ་འབྲུག་ སེ་བ་བྱང་ཆུབ་ཆོས་གླིང་ཞེས་བཏགས། གདན་ས་གཉིས་པ་ར་ལུང་གི་ཆོས་སྡེ་ཆེན་པོའང་བཏབ་ཅིང་། སློབ་མ་ཁྲི་ཚོ་མང་པོ་ལ་རང་རང་གི་སྐལ་བ་བཞིན་གྱི་གདམས་པ་སྦྱིན་ནས་འཁོར་ འགྱེད་རིམ་པ་གསུམ་དུ་བཏང་བ་ལས་ཛམ་གླིང་མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཏུ་གྲགས་པའི་བསྟན་པ་སའི་ཁྱོན་ལ་ཤོང་དཀའ་བ་ཙམ་དུ་དར། གཞན་ཡང་ དབོན་བརྒྱུད་དང་ཆོས་བརྒྱུད་འཛིན་པ་སེང་གེའི་མཚན་ཅན་དགུ། རིགས་གསུམ་རྣམ་འཕྲུལ་སོགས་མཆོག་གི་དངོས་གྲུབ་བརྙེས་པའི་གྲུབ་ཐོབ་ཀྱི་ཚང་ཆེན་པོ་བརྡོལ། ཕྱིས་དབོན་རས་དར་

མ་སེང་གེས་ཆོས་རྗེའི་ཞལ་ཆེམས་བཞིན་ཕ་ཇོ་འབྲུག་སྒོམ་ཞིག་པོ་ལྷོ་ཡི་ལྗོངས་འདིར་འབྱོན་པར་བསྐུལ། དེས་དེ་བཞིན་དུ་བྱོན་ནས་ཐིམ་ཕུའི་ཕུ་ན་རྟ་མགྲིན་ རང་བྱོན་གྱི་ཕུག་པ་ཅན་སར་ཐུགས་རྗེ་ཆེན་པོ་བསྒྲུབས། རྟ་མགོ་ཆོས་དབྱིངས་རྫོང་བཏབ་ཅིང་སྲས་བརྒྱུད་དང་སློབ་བརྒྱུད་མང་པོ་བྱིན་གྱིས་བརླབས་པ་སོགས་འགྲོ་བའི་དོན་ངོ་མཚར་དུ་ཆེ་ བ་མཛད་པ་ལས་སླར་ཡང་ཆོས་བརྒྱུད་ཀྱི་མཚན་ཡུལ་ལ་ཐོགས་ཏེ་ལྷོ་ལྗོངས་འབྲུག་གི་ཡུལ་ཞེས་སྙན་པར་གྲགས། བར་དུ་འབྲུག་སྨྱོན་ཀུན་དགའ་ལེགས་པས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་ པས་ས་གཞི་ཐམས་ཅད་བྱིན་གྱིས་བརླབས་ནས་སྐྱེ་རྒུ་མཐའ་དག་འབྲེལ་ཚད་དོན་ལྡན་གྱི་གནས་ལ་བཀོད། མཐའ་མར་སེམས་དཔའ་ཆེན་པོ་ཕྱག་ན་པདམོ་ངུར་སྨྲིག་འཆང་བའི་ཟོལ་བཟུང་བ་ ཞབས་དྲུང་ངག་དབང་རྣམ་རྒྱལ་བྱོན། དེས་སྲིད་པའི་ཀུན་རྟོག་གིས་འཆིང་བའི་འཇིག་རྟེན་པ་རྣམས་ཀྱི་ལྟར་སྣང་ལ་བོད་ཀྱི་སྡེ་སྲིད་གཙང་པ་སོགས་དང་དགོངས་པ་མ་དན་པའི་རྐྱེན་ལས་ ཞིང་འདིར་ཆིབས་ཁ་བསྒྱུར་བ་ལྟར་བསྟན་མོད། ངེས་པའི་དོན་ལ་ཇི་སྐད་དུ། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱང་། །གདུལ་བར་བྱ་བའི་སྲས་རྣམས་

ལ༑ ༑སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་གསུངས་པ་ལྟར་གདུལ་བྱ་དུས་ལ་བབས་ནས་བྱོན་པ་སྟེ། དེ་ཡང་འགྲོ་བའི་མགོན་པོ་དེ་ཉིད་ཀྱི་རྣམ་ཐར་ཆོས་སྤྲིན་ཆེན་པོའི་དབྱངས་ ལས། གཙོ་བོ་རིག་འཛིན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཀྱི་ལུང་བསྟན་ལྟར་ཡེ་ཤེས་ཀྱི་མགོན་པོས་ཕྲིན་ལས་ཀྱི་བསྐུལ་མ་ཞུས་ཤིང་། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེ་དང་ཕྲིན་ལས་གདུལ་བྱའི་དོན་ལས་མི་ཡོལ་བ་སྟེ་ཞེས་སོགས་འབྱུང་བས་ཤེས་ལ། དེ་ལྟ་བུའི་མགོན་པོ་དེས་ལྷོ་ལྗོངས་འདི་ཉིད་དུ་ ཞབས་ཀྱིས་བཅགས་ནས་བལྟར་མངོན་པ་དང་མི་མངོན་པའི་ཕྱི་ནང་གསང་བའི་དགྲ་སྡེ་མཐའ་དག་ཆོས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་སུ་བཅོམ། ལྷོ་ཁྲིམས་མེད་ལ་ཁྲིམས་དང་། རྫ་ལུང་ མེད་ལ་ལུང་གི་སྲོལ་གཏོད། ལྕགས་རི་བདུད་འདུལ་ཕུག་མོ་ཆེ་དང་། སྤུངས་ཐང་བདེ་བ་ཆེན་པོས་གཙོས་པའི་དགོན་རྫོང་མང་དུ་བཞེངས། ཕྱོགས་ཀྱི་སྤྱི་བླ་རྣམ་བཞི་སོགས་བསྐོ་བཞག་ མཛད་དེ་ལྷ་སྡེ་དང་མི་སྡེའི་བསྟན་པ་བཙུག་པ་སོགས་ཐུགས་བསྐྱེད་གཞན་དྲིང་མི་འཇོག་པའི་རླབས་ཆེན་འཁོར་ལོ་གསུམ་གྱི་ཕྲིན་ལས་རྨད་དུ་བྱུང་བ་བསྐྱངས་ཏེ་ལུགས་ཟུང་ལྷུན་གྱིས་གྲུབ་

པའི་རྒྱལ་ཁབ་དཔལ་ལྡན་འབྲུག་པ་ཕྱོགས་ལས་རྣམ་རྒྱལ་ཞེས་མཚན་དོན་མཐུན་པར་བྱས་སོ། །དེ་བཞིན་དུ་མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་དང་། གྲུབ་ཆེན་ཐང་ སྟོང་རྒྱལ་པོ། པཎ་ཆེན་ནགས་ཀྱི་རིན་ཆེན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། དེའི་སྐྱེ་བ་དེ་མ་ཐག་པ་གཏེར་སྟོན་རྒྱལ་པོ་ལྔ་ཡི་ཡ་གྱལ་རིག་འཛིན་པདམ་གླིང་པ་དང་། ལོ་ཆེན་བཻ་རོའི་ རྣམ་འཕྲུལ་རྡོ་རྗེ་གླིང་པ། རྩེ་ལེ་རིག་འཛིན་སྙིང་པོ། རིག་འཛིན་འཇིགས་མེད་ཀུན་གྲོལ་ལ་སོགས་སྔ་ཕྱིར་ཡོངས་སུ་གྲགས་པ་དང་མ་གྲགས་པའི་བསྟན་འཛིན་གྱི་སྐྱེས་བུ་མང་དུ་བྱོན་ཞིང་ བྱིན་གྱིས་བརླབས་པ་ཡིན་ལ། གཞན་ཡང་སྡེ་སྲིད་མང་རབས་ཤིག་དང་། གྲྭ་ཚང་གི་སློབ་དཔོན་རྣམ་བཞི་སོགས་ཀྱིས་ལུགས་ཟུང་གི་ཆབ་སྲིད་རང་དབང་དུ་བསྐྱངས། དེ་ལས་ཇི་སྐད་དུ། མང་པོ་རྟག་ཏུ་འཐབ་འགྱུར་ཏེ། །གཉིས་པོ་དག་ཀྱང་འགྲན་ཟླར་གྱུར། །ཞེས་པ་ལྟར་ལྷོ་ལྗོངས་འདི་ཉིད་ཀྱི་ནང་ཙམ་དུ་མ་ཡིན་པར་འཇིག་རྟེན་ཀུན་གྱི་འདུས་བྱས་ཆོས་ཉིད་ཀྱི་གཤིས་ལ་ཇི་ལྟར་ གནས་པ་བཞིན་བར་སྐབས་ཤིག་ནས་ས་གནས་ཁོལ་བུར་གནས་པའི་དཔོན་པོ་རྣམས་ནང་མ་མཐུན་པར་གྱུར་ནས་ཕན་ཚུན་གཡུལ་བཀྱེ་བ་སོགས་བྱུང་བ་ན་ཇི་སྐད་དུ་ཆོས་རྗེ་ས་པཎ་གྱིས།

མང་པོས་བཀུར་ནས་ཀུན་བསྐྱངས་པས། །ཀུན་གྱིས་རྒྱལ་པོར་དབང་བསྐུར་རོ། །ཞེས་གསུངས་པ་ལྟར། མི་དབང་འཇིགས་མེད་རྣམ་རྒྱལ་གྱི་སྲས་སྔོན་བསགས་ལེགས་བྱས་ཀྱི་འབྲས་ བུ་དུས་སུ་སྨིན་པ་གོང་སྲས་ཨོ་རྒྱན་དབང་ཕྱུག་བྱོན། ཕྱི་ནང་ཆེ་རྒུ་ཀུན་གྱིས་ལྷོ་ལྗོངས་མཐའ་དབུས་ཀྱི་ཆབ་འབངས་ཀུན་ལ་བཀའ་ཡི་དབང་ལུང་གཅིག་གིས་ཁྱབ་པའི་བརྒྱུད་འཛིན་གྱི་རྒྱལ་ པོར་མངའ་གསོལ། དེ་ནི་དཀོན་མཆོག་གསུམ་ལ་བླ་མར་བྱེད་པ། རི་མོར་བྱེད་པ། ཕུ་དུད་བྱེད་པ། བསྟི་སྟང་བྱེད་པ་ལ་དགའ་བ་ཞིག་ཡིན་པས་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་ རྗེ། རྒྱལ་དབང་མཁའ་ཁྱབ་རྡོ་རྗེ། པད་གླིང་བརྒྱད་པ་བསྟན་པའི་ཉི་མ། རྦ་ཁ་རིག་འཛིན་ཁམས་གསུམ་ཡོངས་གྲོལ། གཏེར་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེ། རྟོགས་ལྡན་ཤཱཀྱ་ཤྲིའི་ དངོས་སློབ་ཨ་ཙ་བླ་མ་སོགས་དམ་པའི་སྐྱེས་ཆེན་འགའ་ཡང་བསྟེན་ཅིང་། ཀྲོང་གསར་བདེ་མཆོག་ལྷ་ཁང་དང་། བུམ་ཐང་སྐུ་རྗེས་ལྷ་ཁང་། མཁན་ལུང་ལ་རྒྱབ་ལྷ་ཁང་། གསུང་སྤྲུལ་ བསྟན་པའི་ཉི་མའི་སྐུ་གདུང་ལྷ་ཁང་། ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་ལྷ་ཁང་འགའ་ཤས་ཀྱིས་གཙོས་པའི་ལྷ་ཁང་ཆེ་ཆུང་མང་པོ་གསར་དུ་བཞེངས་པ་དང་། བུམ་ཐང་བྱམས་པའི་

ལྷ་ཁང་དང་། བོད་ཀྱི་ར་ལུང་དགོན་པ། མཁར་ཆུ་ལྷ་མོ་མཁར་ཆེན་སོགས་ལ་ཞིག་གསོས་ཀྱི་མཐུན་རྐྱེན་སྦྱར་བ་སོགས་བསྟན་རྩ་སྔོན་མེད་གསར་དུ་བསྐྲུན་པ། ཉམས་པ་སྔ་སོར་ཆུད་པ་སོགས་ཀྱི་སྲི་ཞུ་བླ་ལྷག་ཏུ་བསྒྲུབས། སྐྱེ་རྒུ་ཀུན་གྱི་འཕྲལ་ཡུན་ཕན་བདེའི་གཞི་རྩ་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་ཐབས་ལ་བརྩོན་པ་ཁོ་ནར་རག་ ལས་པར་དགོངས་ཏེ་རྒྱ་བོད་ཀྱི་ཕྱོགས་ཀུན་ཏུ་རྒྱལ་བའི་སྐུ་གསུང་ཐུགས་རྟེན་བྱིན་རླབས་ཅན་དང་རིས་མེད་པའི་བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་པ་རྣམས་ལ་ཀུན་ཏུ་བཟང་པོའི་རྣམ་ ཐར་ལ་སྨོན་པའི་མཆོད་པའི་སྤྲིན་ཕུང་གྱ་ནོམ་པས་ཡང་ནས་ཡང་དུ་མཆོད་ཅིང་། ལྷག་པར་ལྷ་ལྡན་ར་ས་འཕྲུལ་སྣང་གི་ཇོ་བོའི་སྤྱན་སྔར་ལོ་རེའི་རྒྱལ་བའི་མཛད་པ་ཆེན་པོ་བཞིའི་དུས་ཆེན་ ནམ་འཁེལ་བ་དང་སྟེས་དབང་མཐུན་པའི་མཆོད་པའི་སྤྲིན་ཕུང་འཕར་མས་གཙོས་པའི་ཟླ་རེ་ངོ་རེ་བཞིན་དུ་སྟོང་མཆོད་མ་ཆག་པར་སྤྲོས། གསུང་ལས་ཀྱང་གཏན་གྱི་བདེ་བ་སྨོས་ཅི། འཕྲལ་སྒང་ཡུལ་ལ་དམག་འཁྲུགས་མི་འབྱུང་བའང་དཀོན་མཆོག་ལ་བློ་གཏད་པ་ཁོ་ནར་རག་ལས་གཤིས་ཁོ་བོའི་གཡུལ་སྤྲོད་པའི་མཚོན་ཆའི་གཙོ་བོ་ནི་དཀོན་མཆོག་མཆོད་པ་ཁོ་ན་ལ་བྱེད་

དོ་ཞེས་གསུངས་པར་གྲགས། སྐབས་དེ་དག་ཏུ་གངས་ཅན་ལྗོངས་ན་བཤད་སྒྲུབ་ཀྱི་བསྟན་པ་མ་ཉམས་པར་གནས་པས་སྔ་ཕྱིར་རང་གི་མངའ་འབངས་ཀྱི་ནང་ནས་སྲིད་པའི་བདེ་བ་ལ་ཡིད་ འབྱུང་བའི་བསམ་པ་དང་ལྡན་ཅིང་བློ་གྲོས་ཀྱི་པདམོ་རྣམ་པར་བཀྲ་བའི་མཁྱེན་ལྡན་མང་པོ་བོད་ཁམས་ཀྱི་ཕྱོགས་སུ་ཡུན་གྱི་མཐུན་རྐྱེན་གྱི་ཡོན་སྦྱར་བ་དང་བཅས་ཏེ་ཕྱི་ནང་གི་རིག་གཞུང་ལ་ སྦྱངས་པ་བྱེད་དུ་བརྫངས། ཁྱད་པར་དུའང་གངས་ལྗོངས་ཆོས་ལྡན་གྱི་ཞིང་ལ་ལྷ་མ་ཡིན་གྱི་འཇུག་པ་མི་བརྩམས་པའི་སླད་དུ་བྱོན་ནས་དབྱིན་བོད་གཉིས་ཀྱི་དབར་ལ་ཞི་མཐུན་ཆིང་ཡིག་ བཞག་པ་ལ་སོགས་རླབས་ཆེན་གྱི་ཕྲིན་ལས་སྔོན་བྱོན་ས་གཞི་ཆོས་བཞིན་སྐྱོང་བའི་རྒྱལ་པོ་རྣམས་ཀྱི་རྟོགས་བརྗོད་ཀྱི་རྗེས་སུ་སོན་པར་མཛད། དེ་ཡི་རིགས་སྲས་མི་དབང་འཇིགས་མེད་ དབང་ཕྱུག་གིས་ཀྱང་། གཏེར་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེ། འཛི་སྒར་མཆོག་སྤྲུལ་ངག་དབང་བསྟན་འཛིན། བན་ཆེན་སངས་རྒྱས་གཉན་པ་སོགས་དམ་པ་རྣམས་ལ་བཀུར་སྟི་མཛད་ ཅིང་། མཆོག་གླིང་གསང་ཐིག་ཕུར་པ་ལ་ཡི་དམ་མཛད་དེ་ཡར་ངོ་མར་ངོའི་དུས་མཆོད་ཆག་མེད་སྲུང་བ་སོགས་དམ་པའི་ཆོས་ལ་ཐུགས་སྣང་མི་དམན་པ་ཕྱོགས། སྤུངས་ཐང་ལ་བཀྲ་ཤིས་

ཆོས་རྫོང་ཇི་ལྟ་བ་བཞིན་གྱི་འཆམ་གོས་གསར་དུ་བསྒྲུབས་པ་དང་། རྒྱ་ཕིབས་ལ་གསེར་སྤྲོན་པ། ཀྲོང་གསར་དུ་འཇིགས་བྱེད་ལྷ་ཁང་གསར་དུ་བཞེངས་པ་ སོགས་མཛད། གཞན་ཡང་ལྷ་ཁང་དགོན་སྡེ་འགའ་ཡང་ཉམས་གསོ་གནང་། ལྷ་སའི་ཇོ་བོའི་སྤྱན་སྔར་གསེར་སྲང་བརྒྱ་དང་ཉི་ཤུ་རྩ་ལྔས་རྗེན་བརྡུང་སྣང་གསལ་སྣོད་མཆོག་རྒྱུན་འཛུག་ མཛད་པ་སོགས་ལུགས་གཉིས་ཀྱི་ཕྲིན་ལས་མཐའ་བཙན་པར་བསྐྱངས། དེའི་སྲས་མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ནས་སྐུ་ན་ཆུང་ངུའི་དུས་ན་ཕྱི་རྒྱལ་གྱི་སྐད་ཡིག་དང་སྲིད་ དོན་ལམ་སྲོལ་སོགས་ལ་སློབ་སྦྱོང་ཅུང་ཟད་གནང་སྟེ། རྒྱལ་སྲིད་ཀྱི་དབང་ལུང་རང་གི་ཕྱག་ཏུ་སོན་པ་ན་སྲིད་ཕྱོགས་ཀྱི་མངའ་ཐང་རྒྱ་བསྐྱེད་པ་ཁོ་ན་ལ་གཅེས་སྤྲས་མཛད་དེ་རྒྱལ་ཁབ་ཀྱི་ དཔལ་ཡོན་དེང་གི་དུས་དབང་དང་འཚམས་པ་ཡར་རྒྱས་སུ་བཏང་། རང་དབང་སྔོན་ཡོད་འབྲུག་གི་རྒྱལ་ཁབ་འདི་ཉིད་དེང་དུས་ཀྱི་ལུགས་དང་མཐུན་པར་ཛམ་གླིང་རྒྱལ་སྤྱིའི་འཐུས་ཚོགས་ སུ་བཅུག་སྟེ་རྒྱལ་ཁབ་རང་བཙན་གྱི་མཚན་གྱི་ཅོད་པན་བཞེས། ཇི་ཙམ་ནས་རང་གི་སྔོན་བསགས་དགེ་བའི་ལས་འཕྲོ་དུས་སུ་སད་པས་ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་ཉམས་ཆག་སྒོག་རལ་དུ་

གྱུར་པ་རྨིང་ནས་གསར་དུ་བཞེངས་ཤིང་། སྐུ་རྟེན་རྒྱལ་བའི་སྣང་བརྙན་མང་པོ་གསར་དུ་བསྒྲུབ་པ། གསུང་རྟེན་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་གླེགས་བམ་ཡོངས་སུ་རྫོགས་པ་རེ་ གསེར་གྱི་ཞུན་མས་བཞེངས་པ། ཐུགས་རྟེན་མཆོད་སྡོང་ཆེན་མོ་འདི་ཉིད་བཞེངས་དགོས་པའི་ཞལ་ཆེམས་གནང་བ་སོགས་དུས་ཡུན་ཐུང་ངུ་ཞིག་གི་ནང་བསྟན་པའི་བཙས་སུ་སྨན་པའི་རྣམ་ དཀར་དགེ་བའི་མཛད་པ་རླབས་ཆེ་བ་བསྒྲུབས་པ་སྟེ། དེས་ན་འགྲོ་མགོན་ངག་དབང་རྣམ་རྒྱལ་སྡེ་སྲིད་དང་བཅས་པ་དང་། རྒྱལ་པོ་རིམ་བྱོན་རྣམས་ཀྱི་ལུགས་གཉིས་ཀྱི་ཕྲིན་ལས་ཇི་དང་ཇི་ བསྐྱངས་མཐའ་དག་འདིར་འབྲི་བར་མི་ལང་བས་དེ་དང་དེ་དག་གི་ལོ་རྒྱུས་བརྗོད་པ་ལ་མཁྱེན་པའི་སྤྱན་རྒྱས་པའི་ལྗོངས་འདིའི་རྒན་རབས་མཁས་པ་རྣམས་དང་། རྣམ་ཐར་རྒྱལ་རབས་ སོགས་གཞན་ལས་རྟོགས་པར་བྱ་བའི་གནས་སོ། །སྤྲིན་སྐྱེས་སྒྲ་ཡི་སྒྲ་ལྡན་བསྟན་པའི་ཚད། །འདབ་ལྡན་གཙོ་བོ་མཁའ་ལ་འཁོར་བ་ཡི། །སྲིད་པར་རྒྱ་མཚོས་ལྷག་པའི་ཉིན་ལམ་བར། ། ཁྱབ་ཅེས་གྲགས་ན་བདག་འདྲས་ཇི་ལྟར་གླེང་། །མཐོན་པོའི་ཁྲི་ལ་འགྱིང་བའི་མི་བདག་གི། །རྒྱ་ཆེའི་རྟོགས་བརྗོད་ཕྲེང་བར་སྒྲིག་པའི་ཚུལ། །དམའ་མོའི་ས་ལ་སྡོད་པའི་ད་རི་དྲས། །

ཁུར་དུ་ལེན་པ་ངལ་བའི་གཞི་རུ་མཐོང་། །འོན་ཏང་ལོ་རྒྱུས་གནམ་རུའི་འཆང་བཟུང་ལ། །བརྟེན་ནས་སྐབས་བབས་གཏམ་གྱི་ཉག་ཕྲན་ཞིག །འཕངས་པ་འདི་ ཀོས་སྔོན་རབས་རིང་པོའི་འབེན། །ཡོངས་རྫོགས་ཕིགས་པ་མིན་ཡང་མོད་མི་དམའ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ཇི་ལྟར་བཞེངས་པ་དངོས་ལ་ གཉིས་ཏེ། རྟེན་དང་བརྟེན་པ་གང་ཞིག་བཞེངས་པ་དང་། དེ་ལས་བྱུང་བའི་ཕན་ཡོན་བསྟན་པའོ། །དེ་ལ་དང་པོ་ནི་དེ་ལྟར་སྔོན་བྱོན་རྒྱལ་བ་གོང་མ་རྣམས་ཀྱིས་ཞབས་སེན་བཀྲ་ཤིས་ཀྱི་རེ་ ཁས་བྱིན་གྱིས་བརླབས་པའི་མཐུ་ལས་ཕྱི་ནང་སྣོད་བཅུད་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པའི་ལྷོ་ཡི་ལྗོངས་འདི་ལ་ཕྱོགས་ཀྱི་ལས་སྒོའི་དབྱེ་བས། ཤར་གདུང་བསམ་ཁ། ལྷོ་དཔག་བསམ་ ཁ། ནུབ་རྔ་ལིང་ཁ། བྱང་སྟག་འཚེར་ཁ་སྟེ་ཁ་བཞི་དང་། དབུས་སྤུ་ན་ཁའམ་སྤུངས་ཐང་ཁ་ཞེས་ཀྱང་གྲགས་པ་ལས་ཕྱི་མ་བྱང་སྟག་འཚེར་ཁའི་སའི་ཆར་གཏོགས་པ། རྣམ་རྒྱལ་ཕོ་ བྲང་མ་ནུའི་བུ་ཡི་ཡུལ་དུ་ཆགས་པ་ལྟ་བུའི་ཀུན་དགའ་ར་བའི་དབུས་ན་མཐོང་ན་མི་མཐུན་པ་མེད་པའི་དེ་བཞིན་གཤེགས་པའི་སྐུ་བརྙན་གསེར་རི་ལྟར་ལྷུན་ཆགས་པར་བཞུགས་ཤིང་གང་གི་ཚེ་

ལྷས་རྩེན་རོལ་པའི་གནས་སུ་ཆུ་འཛིན་གྱི་ཕུང་པོ་ལང་ལོང་དུ་འཁྲིགས་ཏེ་འཛིན་མའི་བཞིན་རས་སྤྲིན་གྱི་མེ་ཏོག་གིས་སྣུམ་པར་བརླན་པའི་དུས་སུ་དམར་སེར་ངུར་སྨྲིག་འཆང་བའི་དགེ་འདུན་ གྱི་སྡེ་རྣམས་པདྨའི་མཚོ་ལ་ངང་མོ་འདུ་བ་ལྟར་མཛེས་པར་བསྟི་བ་ནས་འཁོར་ལོ་གསུམ་གྱི་མཛད་བཟང་བསྐྱངས་ཤིང་། བསོད་ནམས་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་མི་ཡི་དབང་པོ་བཀའ་ ཡི་འཕྲུལ་བློན་དང་བཅས་པས་ཆོས་སྲིད་བདེ་དགེའི་དཔལ་ཡོན་གྱི་སྒོ་འཕར་བརྒྱ་ཕྲག་འབྱེད་པའི་རྒྱལ་ས་བཀྲ་ཤིས་ཆོས་རྫོང་གི་ཉེ་འདབ་ལྷོ་ཕྱོགས་སུ། དཀར་པོ་རྣམ་པར་འཕེལ་བའི་ཚོང་ ཟོང་གང་ཞིག་བསྒྲུབ་ཅེ་ན། ཇི་ལྟར་དེ་བཞིན་གཤེགས་པ་གཅིག་ལ་བྱང་ཆུབ་ཆེན་པོ་དང་། ཐུབ་པའི་དབང་པོ་དང་། བདེ་བར་གཤེགས་པ་དང་། རྫོགས་པའི་སངས་རྒྱས་ལ་སོགས་དོན་ ངོ་བོ་གཅིག་ལ་རྣམ་པའི་ཡོན་ཏན་གྱི་ཆ་ནས་མཚན་སོ་སོར་གསུངས་པ་དང་རྗེས་སུ་མཐུན་པར་ཇི་སྐད་དུ་ཐུགས་སྒྲུབ་གསང་བ་རྒྱ་ཅན་ལས། བདག་འདྲ་རིག་འཛིན་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གྱི༔ གསང་གསུམ་གའུ་སུམ་བརྩེགས་ཞེས་ཀྱང་བྱ༔ མི་འཇིགས་གཡུལ་ལས་རྣམ་རྒྱལ་ཞེས་ཀྱང་

བྱ༔ བདེ་ལེགས་འབྱུང་གནས་བང་མཛོད་ཅེས་ཀྱང་བྱ༔ བདུད་འཇོམས་རྡོ་རྗེ་ཕ་ལམ་ཞེས་ཀྱང་བྱ༔ བདུད་འདུལ་མཆོད་རྟེན་མེ་འབར་ཞེས་ཀྱང་བྱ༔ ཕུར་པའི་ལྷ་ཁང་ཉི་ཟླའི་ཁྱིམ་ཡང་བྱ༔ འཛམ་གླིང་བདེ་བྱེད་དཔའ་མཁར་ཞེས་ཀྱང་བྱ༔ དབུལ་སེལ་ནོར་བུ་སུམ་བརྩེགས་ཞེས་ཀྱང་བྱ༔ སྲིད་འཕེལ་ཡིད་བཞིན་དབང་རྒྱལ་ཞེས་ཀྱང་བྱ༔ བགེགས་འཇོམས་ཡེ་ཤེས་མེ་ཁང་མཛོད་ཀྱང་བྱ༔ ཡུལ་སྐྱོབ་འདོད་འབྱུང་བང་མཛོད་ཅེས་ཀྱང་བྱ༔ ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་གཞལ་ཡས་ཁང་༔ འཇིགས་པ་ཀུན་སྐྱོབ་ལྷ་ཡི་ དཀྱིལ་འཁོར་བསྟན༔ འདི་ཉིད་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ བདུད་ཁ་དྲག་པའི་དམག་འཁྲུགས་གཡུལ་འགྱེད་དུས༔ གྲོང་དང་དགོན་པའི་བྱང་གི་ཕྱོགས་སུ་བཞེངས༔ དམ་སྲི་མོ་བདུད་ རྒྱལ་འགོང་གྲོང་འདྲེ་ཡིས༔ ཡུལ་ཕུག་ཡུལ་འཛིན་གཤིན་བླས་གསོན་གྱོན་དུས༔ གྲོང་དགོན་ཀུན་གྱི་དབུས་སུ་བཞེངས་པར་བྱ༔ ལོ་ཉེས་སད་སེར་ས་བཅུད་ཉམས་པ་ཡིས༔ མུག་ བསྐལ་ཤར་ཚེ་གྲོང་པའི་ལྷོ་རུ་བཞེངས༔ ཚེ་ཚད་མི་སླེབས་དར་ལ་གཤིན་བབས་དུས༔ གྲོང་དགོན་དེ་ཡི་ནུབ་ཀྱི་ཕྱོགས་སུ་བཞེངས༔ རྟ་ཕྱུགས་ནོར་ལུག་ཀུན་འཕེལ་རྒྱས་འདོད་ན༔

མཛོད་སྲུང་དཔལ་ཁ་ལྡན་པའི་ས་རུ་བཞེངས༔ རྒྱལ་པོས་ཡུལ་ཀུན་དབང་དུ་འདུ་འདོད་ན༔ མཐོ་ཞིང་ཡངས་པའི་རི་ཡི་རྩེ་མོར་བཞེངས༔ འབངས་མགོ་རྗེ་ཡིས་མི་ནོན་གནོན་འདོད་ན༔ རྒྱལ་མཚན་རྩེ་ལ་བཞེངས་པས་ནོན་པར་གྱུར༔ དགོན་སྡེས་གྲྭ་འཁོར་དབང་དུ་འདུ་འདོད་ན༔ བྱང་ཤར་མཚམས་སུ་བཞེངས་པས་འདུ་བར་འགྱུར༔ གཤེད་དང་རྒྱལ་འགོང་ཟ་ལམ་ བཅད་འདོད་ན༔ ཁྱིམ་གྱི་སྒོ་ཐེམ་གཡོན་དུ་བཞེངས་པར་བྱ༔ རྨངས་པོ་འཕན་འདོད་ཆུ་ཡི་དཔལ་མཁར་བཞེངས༔ འཇིགས་དང་སྡུག་བསྔལ་སེལ་ཕྱིར་ཁྱིམ་དབུས་བཞེངས༔ ཞེས་ མཚན་གྱི་རྣམ་གྲངས་མང་དུ་བཞུགས་པའི་གཡུལ་ལས་རྣམ་པར་རྒྱལ་བའི་མཆོད་རྟེན་ཆེན་མོ་མངོན་དུ་འདུ་བྱས་སོ། །དེ་ཡང་ཇི་ལྟར་ན་དཔལ་མགོན་ཀླུའི་དབང་པོས། མཐུན་པར་གྱུར་ པའི་ཡུལ་ལ་གནས་པ་དང་། །སྐྱེས་བུ་དམ་པ་ལ་ནི་བརྟེན་པ་དང་། །བདག་ཉིད་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཞེས་གསུངས་ པའི་དོན་ལ་རྣམ་པ་ཀུན་ཏུ་སྐལ་བ་སྦོམ་པོར་བྱེད་པ་རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་མཆོག་ནས་སྤྱིར་ན་ལྗོངས་འདིའི་ས་གནས་མཐའ་དབུས་གང་སར་གཤིན་པོའི་སྒྲིབ་པ་སྦྱོང་སའི་རྟེན་དང་།

གསོན་པོའི་བསོད་ནམས་བསགས་པའི་ཞིང་ས་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་སྦྱོར་དངོས་རྗེས་གསུམ་གཙང་བའི་སྒོ་ནས་མང་དུ་བཞེངས་པར་མཛད་པ་ནི་ ལྷ་མི་ཀུན་གྱི་མཐུན་སྣང་དུ་གྲུབ་པ་ལྟར་ལགས་པ་མ་ཟད་སྨོས་ཀྱིས་ཀྱང་མི་ལང་བས་རེ་ཞིག་དབྱིངས་ལ་མཉམ་པར་བཞག་ནས། སྐབས་ཀྱི་དོན་པོ་མཆོད་སྡོང་ཆེན་མོ་འདི་ཐད་གོང་དུ་སྨོས་པ་ ལྟར་རྒྱལ་པོ་ཞིང་གཤེགས་དེ་ཉིད་ནས་ཛམ་གླིང་སྤྱི་བྱེ་ཡོངས་ལ་སྙིགས་ལྔའི་རང་མདངས་ཀུན་ནས་ཚེས་པའི་དུས་ངན་གྱི་ཡོ་ལང་ཕྱིར་ལ་བསྲིང་ཞིང་། མངོན་མཐོ་ངེས་ལེགས་ཀྱི་གཞི་རྩ་ ངམ་ངམ་ཤུགས་ཀྱིས་འགྲུབ་པའི་སླད་དུ་རིམ་གྲོའི་དཔུང་གང་ཞིག་བསྐྱེད་པ་འོས་ཞེས་རིག་འཛིན་པདམའི་མཁྱེན་གཉིས་ཡེ་ཤེས་ཀྱི་རང་གཟུགས་ལྔ་འགྱུར་བསྟན་པའི་སྲོག་ཤིང་ཡབ་རྗེ་རིག་ འཛིན་བླ་མ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དགེ་ལེགས་རྣམ་པར་རྒྱལ་བའི་སྡེར་སྔ་སོར་ནས་ཐུགས་དམ་བརྟག་པ་ཞུས་ལན་བཀའ་བྲིས་ཞུ་རྒྱ་ཕྱིར་འབུལ་ཞུས་པའི་ནང་གསལ་ལྟར་རང་གི་བསྐྱེད་ ཡུམ་ལ་དེ་ལྟར་རྡོ་ཐོགས་པ་དགོས་ཚུལ་ཞལ་ཆེམས་བསྩལ་བ་བཞིན་དེས་ཀྱང་ཇི་སྐད་དུ་སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་

ནི་དེ་ལྟ་མིན། །ཅེས་གསུངས་པའི་རྗེས་སུ་འགྲོ་ཕྱིར་ཐུགས་ཀྱི་པདམོའི་ཁོང་ནས་ཡི་རང་གི་ཟེའུ་འབྲུ་དངར་མོའི་དྲི་བསུང་ཀུན་ནས་འཐུལ་བ་དང་ཆབས་ཅིག་རང་གི་རིགས་སྲས་མི་དབང་དམ་ པའི་ཐུགས་ལ་བརྣགས་པའི་ལས་སུ་བྱ་བའི་ཁུར་ཆེན་པོ་བདག་ཉིད་ཀྱི་ཕྲག་པར་བླངས་ཏེ་གཏོང་ཕོད་ཀྱི་ཕྱག་རིང་པོར་བརྐྱང་བ་ལ་མངོན་དུ་ཕྱོགས། གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་འཁོར་ ལོས་སྒྱུར་བ་པདམ་འོད་གསལ་མདོ་སྔགས་གླིང་པའི་ཡེ་ཤེས་སྒྱུ་མའི་རང་གཟུགས་འདི་ལ་མགོ་མཁྱེན་བརྩེ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་གྱིས་སྔ་སོར་ནས་སའི་བརྟག་པ་སྔོན་དུ་གཟིགས་ བསྐྱངས་མཛད་ནས། རབ་བྱུང་བཅུ་དྲུག་པའི་ནང་ཚན་རྒྱ་རྩིས་པའི་པ་རི་དྷ་རི་ཞེས་པ་ཡོངས་འཛིན་ཏེ་ཆུ་ཕོ་བྱི་བའི་ལོའི་ཧོར་ཟླ་བརྒྱད་པའི་ཚེས་གསུམ་ཉི་མ་མེ་བཞིའི་འགྲུབ་སྦྱོར་དང་ལྡན་ པའི་དུས་ཚེས་ཕུན་སུམ་ཚོགས་པ། ཕྱི་ལོ་གཅིག་སྟོང་དགུ་བརྒྱ་བདུན་ཅུ་དོན་གཉིས་ཟླ་བ་དགུ་པའི་ཚེས་བཅུའི་ཉིན་གྱི་སྔ་དྲོའི་ཆ་ལ་ས་བསླང་བ། དབང་དུ་བྱ་བ། སྦྱང་བ། བྱིན་གྱིས་ བརླབ་པ། བསྲུང་བ། བཟུང་བ་ལ་སོགས་སྔོན་དུ་འགྲོ་དགོས་པའི་སའི་ཆོ་ག་རྣམས་མཛད་ནས་རྟེན་འབྲེལ་གྱི་སྒོ་འཕར་ཕྱེས། དེ་ལས་ཇི་སྐད་དུ་ཡེ་ཤེས་རྒྱས་པ་ལས། ཇི་ལྟར་སྒྱུ་མའི་

མཁན་པོ་དག །རང་གི་སྤྲུལ་པའི་སྒྱུ་མ་ལ། །དགེ་དང་མི་དགེའི་འདུ་བྱེད་པ། །ཉེས་པ་གང་གིས་མི་གོས་ལྟར། །ཐབས་ལ་མཁས་པས་རྣམ་པར་དཔྱོད། ། ཅེས་པ་ལྟར་རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་བསམ་སྦྱོར་མི་སུན་པའི་འབྱུང་པོ་རྣམས་ཀྱིས་གླགས་བལྟ་བའི་སྐབས་བཅད་པའི་ཕྱིར་ཡབ་རྗེ་རིན་པོ་ཆེ་དང་། མཁྱེན་བརྩེ་རིན་པོ་ཆེ་རྣམ་གཉིས་ནས་ འཁྲུགས་བྱེད་ཀྱི་འགོང་པོ། ལོ་ཉེས་གཏོང་བའི་འགོང་པོ། མི་ནད་གཏོང་བའི་འགོང་པོ། ཕྱུགས་ནད་གཏོང་བའི་འགོང་པོ། ཆག་སྒོ་གཏོང་བའི་འགོང་པོ། ལྟས་ངན་གཏོང་བའི་འགོང་ པོ། དམ་ཉམས་གཏོང་བའི་འགོང་པོ། དབྱེན་སྦྱོར་གཏོང་བའི་འགོང་པོ། བསེ་རག་གཏོང་བའི་འགོང་པོ་སྟེ་སྤུན་དགུ་དང་། དགྲ་སྲི། དུར་སྲི། ཕུང་སྲི། དམ་སྲི་བཅས་ཀྱི་ མནན་པ་རྣམས་བསྡུ་བསྒྲུབ་ཀྱིས་སྔ་ཚགས་སུ་ཚུད་པར་མཛད་པ་རྣམས་མཁྱེན་བརྩེ་རིན་པོ་ཆེ་ནས་ཆེད་ཕེབས་ཀྱིས་མནན་པར་མཛད་པའི་སྟེང་། མཚོན་ཆའི་བསྐལ་པ་ཞི་བའི་སླད་དུ་གྲི་ མདུང་མདའ་གཞུ་སྟ་གྲི་ཐོ་བ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་རྩེ་གསུམ་ལ་སོགས་གོ་ལག་གི་རིགས་ཇི་སྙེད་ཅིག་ཀྱང་མནན་ཏེ་མི་མངོན་པར་རྒྱས་བཏབ་སྟེ། ཁྲག་འཐུང་ཆེན་མོ་ལ་སོགས་

པའི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཐམས་ཅད་ཐམས་ཅད་ཅི་འདོད་པར། །ཐམས་ཅད་ཐམས་ཅད་བསྒྲུབ་པར་བྱེད། །ཅེས་པའི་ཚུལ་གྱིས་རྡོ་རྗེའི་བྲོ་གར་གྱིས་ས་གཞི་ལས་སུ་རུང་བར་ མཛད་ཅིང་། བྱིན་གྱིས་བརླབས་པའི་ཐིག་སྐུད་ཀྱིས་ཇི་ལྟར་བཅུད་ཀྱི་དང་པོ་ཚངས་པ་ཆགས་པ་ལ་སོགས་པའི་རྟེན་ཅིང་འབྲེལ་འབྱུང་གི་ལོ་རྒྱུས་ལ་བརྟེན་པའི་ཡེ་ཐིག་སྔོན་དུ་འགྲོ་བའི་རྗེས་ སུ་ཚངས་ཐིག་གིས་གཙོས་པའི་ཐིག་ཆེན་བརྒྱད་གདབ་པར་མཛད་པ་སོགས་སྟ་གོན་གྱི་ཆོས་རྣམས་གྲུབ་པར་མཛད་དོ། །དེ་ལས་འཇམ་མགོན་མཁྱེན་བརྩེ་དབང་པོའི་མན་ངག་གི་ཐིག་རྩ་ལ་ གཞི་བཅོལ་ཞིང་། མཆོད་སྡོང་གི་ཐིག་རྩའི་རྣམ་བཞག་ཁུངས་ལྡན་གཞན་ལས་ཀྱང་ལེགས་ཆ་བཏུས་པར་མཛད་པའི་ཡབ་རྗེ་རིག་འཛིན་བླ་མའི་དཔེའུ་རིས་ཟུར་བསྩལ་ལ་རྩ་བ་བཟུང་བའི་ ཐོག་ནས་རྒྱ་དཔང་གི་ཆ་ཚད་རྣམས་ཞིབ་མོའི་བློ་ཡིས་ཡང་ནས་ཡང་དུ་ཞུས་དག་དང་བཅས་ཏེ་ལེགས་པར་གཏན་ལ་ཕབ། ནམ་ཕུག་བརྟན་པའི་ཆེད་དུ་སེང་ཁྲི་ཡན་ཆད་རྒྱ་གར་ཨར་ས་སི་ མན་ཀྲི་ལས་བཞེངས་དགོས་བཀའ་ཁྱབ་གནང་བ་བཞིན་ལས་སུ་བྱ་བ་དེ་རིགས་ལ་ཉམས་མྱོང་ཐོན་པའི་རྒྱ་གར་བ་མི་གླས་དགོས་པ་བྱུང་བ་རྣམས་ལ་ཆ་ཚད་འཇོལ་བ་སོགས་ལས་རྙོག་མི་

འབྱུང་བའི་ཆེད་དུ་རང་ལུགས་ཆ་ཆེན་ཆ་ཕྲན་སོགས་འབོད་པ་རྣམས་ལ་རེ་རེ་ཞིང་རྒྱ་དཔང་གི་ཆ་ཚད་ཇི་ཐོབ་ཕྱི་རྒྱལ་ལུགས་ཀྱི་ཕུ་ཀྲུ་ནས་ཨིན་ཅི་ཚུན་ཞིབ་བརྩིས་ ཨང་རྟགས་བཀོད་པ་སོགས་གཏན་འབེབས་བྱས་ཏེ་ཨར་སའི་བཟོ་ལས་འགན་འཛིན་བྱེད་པོར་ངོ་སྤྲོད་ཞིབ་ལྷོངས་བྱས་ཤིང་། ཐོག་མཐའ་བར་གསུམ་གྱི་འགྲོ་གྲོན་གཏོང་ལེན་གྱི་དོ་དམ་ མཛད་པོ་རྒྱལ་ཡོངས་ནང་སྲིད་བློན་ཆེན་བུམ་ཐང་གཏམ་ཤིང་རྒྱ་གར་རྟ་མགྲིན་ནས་ཐུགས་འགན་བཞེས་པས་མདུན་བསུས། ཕོངས་མེད་དྲུང་བགྲེས་སྒྲོལ་མ་ཚེ་རིང་ནས་སྔ་ཕྱིའི་བྱ་སྒོ་འཐུས་ ཤོར་དུ་མ་སོང་བའི་བལྟ་རྟོགས་ཀྱིས་རྟིང་མནན། ལྷོ་ལྗོངས་རྒྱལ་ཁབ་ཀྱི་བཀའ་ཡི་ཆབ་འབངས་སུ་གཏོགས་པའི་སྐྱེ་རྒུ་བརྒྱ་ཕྲག་འགའ་ཤས་ཀྱིས་བསམ་སྦྱོར་དག་པའི་སྦུངས་བསྐྱེད་པ་ ནས། ཇི་སྐད་དུ་གསང་བ་འདུས་པ་ལས། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །བཞུགས་གནས་ཕོ་བྲང་ཡིན་པར་བཤད། །ཅེས་གསུངས་པ་ལྟར་ཕྱི་མཆོད་རྟེན་གྱི་དབྱིབས་ལ་ནང་ གཞལ་ཡས་ཁང་གི་བཀོད་པ་རྫོགས་པའི་རྣམ་པར་བཞེངས་པ་སྟེ། དེ་ཡང་ཕྱིའི་རྩིག་པ་རྣམས་དང་ནང་གི་མ་ཆགས་པདྨ་ཅན་གྱི་ས་ཡི་གྲངས་ལྡན་ཀཱ་བ་རྣམས་ཀྱི་རྩ་བའི་བརྟེན་ས་ལྟ་བུར་

རྨང་གཞིའི་དབུས་ནས་ཏོག་བར་ཨར་སའི་ཀྵ་བ་ཞིག་བཙུགས་པ་དེ་ལ་དབུ་གཙུག་ཏོག་བར་བུམ་གདན་པདྨའི་སྟེང་ནས་འགྲོ་དགོས་པའི་རིགས་ལྔའི་ས་བོན་དང་ཕྲིན་ལས་མི་ཟད་རྒྱན་འཁོར་ ལྔ་ཡི་ཡིག་འབྲུ་འབྱུང་བའི་གྲངས་ལྡན་གྱི་ཐོག་དྲངས་པའི་གཟུངས་ཆེན་སྡེ་ལྔ་དང་དབྱངས་གསལ་ལ་སོགས་གཟུངས་སྔགས་རྣམས་མ་ཚང་བ་མེད་པ་མཐིང་ཤོག་ལ་གསེར་གྱིས་བྲིས་ནས་ བརླན་གཤེར་གྱིས་ཐོ་མི་བརྩམས་པའི་སླད་དུ་ན་བཟའི་ཕྱི་གཡོགས་ལ་ཆུ་ཤོག་དྭངས་མས་ལྕིབས་ཏེ་དབུ་ཞབས་གནས་དང་ཕྱོགས་མཚམས་གང་དུ་གཞུག་དགོས་པ་རྣམས་གཟུངས་འབུལ་ ལག་ལེན་གྱི་ཟིན་བྲིས་ནང་གསལ་བཞིན་མ་འཆོལ་བར་གཞུག་ནས་སྲོག་ཤིང་གི་དོན་པོའང་ཚང་བར་བྱས་སོ། །དེ་ལས་ལྷ་ཁང་གི་གོ་རིམ་ཇི་ལྟར་གྱུར་པ་ནི་ས་འཛིན་གྱི་སྟེང་གི་ཐེམ་སྐས་ དང་པོའི་མཚམས་ནས་གདོང་ཆེན་གྱི་བར་འོག་ཁང་རྡོ་རྗེ་གཞོན་ནུའི་ཕོ་བྲང་། གདོང་ཆེན་ནས་ཚད་མེད་གོང་མའི་བར་བཀའ་བརྒྱད་ལྷ་ཚོགས་ཀྱི་ཕོ་བྲང་། ཚད་མེད་གོང་མའི་སྟེང་ནས་ བུམ་པའི་སྟེང་འཁོར་བར་བླ་མ་དགོངས་པ་འདུས་པའི་ལྷ་ཚོགས་ཀྱི་ཕོ་བྲང་། བྲེའི་ནང་གུ་རུ་མཚན་བརྒྱད་ལྷ་ཁང་ངོ་། །དེ་ལས་ལྷ་ཁང་སྟེང་འོག་བར་གསུམ་གྱི་གཡས་ངོས་ནས་རིམ་པ་

རིམ་པར་བསྐྱོད་དེ་བུམ་པའི་སྟེང་གི་བྲེའི་བར་ཐོན་པའི་སྐས་འཛེག་ཕུན་སུམ་ཚོགས་པའི་གྲངས་ལྡན། གདོང་ཆེན་དང་ཚད་མེད་གོང་མའི་ཕྱིའི་རྩེ་མོ་ཕྱིར་འཕྱར་ བ་དང་། བུམ་པའི་སྟེང་འཁོར་བཅས་སུ་རྡོ་རྗེའི་དྭ་མིག་གི་བསྐོར་བའི་ར་བ་རིམ་པ་གསུམ། འོག་ཁང་གི་ཕྱོགས་བཞིའི་སྒོ་བཞིའི་མཚམས་ནས་ཀྭ་བ་བཞི་བཞིས་བཏེགས་པའི་རྟ་བབ་བང་ རིམ་བཞི་པ་གླང་རྒྱབ་ཆོས་འཁོར་རིམ་དགུར་རི་དྭགས་ཀྱིས་མཚན་པ་ལ་ཉི་ཟླ་ནོར་བུའི་ཏོག་གིས་མཛེས་པ་སྟེ་མཆོད་རྟེན་རྩེ་ལྔའི་དབྱིབས་སོ། །དེ་ལས་ནང་གཞུག་གི་རིམ་པ་ནི་སེང་ཁྲིའི་ལྟེ་ བའི་མཚམས་ན་བསྐལ་པའི་མར་མེ་དང་གནོད་སྦྱིན་གྱི་འཁོར་ལོ་སྲིད་པའི་བང་མཛོད་ཀྱི་དཀོར་ཆས་གཏམས་པའི་གཏེར་བུམ་རིགས་ལྔའི་གྲངས་ལྡན་གྱིས་ཐོག་དྲངས་ས་བདག་འཁྲུགས་ བཅོས་ཀྱི་བུམ་པ། ཀླུ་གཉན་འཁྲུགས་བཅོས་ཀྱི་བུམ་པ། ཡུལ་ལྷ་འཁྲུགས་བཅོས་ཀྱི་བུམ་པ། རྟེན་འབྲེལ་སྤྱི་བཅོས་རི་དབང་བུམ་པ། ཉེས་པ་ཀུན་སེལ་དབང་གི་བུམ་པ། ས་བདག་ སྙིང་གཏེར་གྱི་བུམ་པ། ལྷ་མོ་བརྟན་མའི་ས་བཅུད་སྤེལ་བའི་བུམ་པ། ཞིང་ལྷ་ཚངས་པའི་འབྲུ་སྤེལ་བའི་བུམ་པ། ཛམ་བྷ་ལའི་ནོར་སྤེལ་བའི་བུམ་པ། མཁའ་འགྲོ་ནོར་ལྷའི་བསོད་ནམས་

སྤེལ་བའི་བུམ་པ། དམ་པ་ཆོས་ཀྱི་བུམ་པ། མི་དང་མི་མིན་ཐམས་ཅད་མཐུན་ཅིང་དམ་པའི་བུམ་པ། ཚེ་བསྲིང་བའི་བུམ་པ། རིགས་བརྒྱུད་དར་བའི་བུམ་པ། ནད་སེལ་སྨན་གྱི་བུམ་པ་ སོགས་མདོར་ན་འབྱུང་བཞིའི་འཇིགས་པ་སྲུང་ཞིང་། ལྷ་ཀླུའི་འཁོན་སེལ་བ། སྣོད་བཅུད་ཀྱི་ལེགས་ཚོགས་སྤེལ་བར་བྱེད་པ་སོགས་ཀྱི་བུམ་པ་རྣམ་གྲངས་བཅུ་ཕྲག་གཉིས་ལ་བསེ་རུས་ ལྷག་པ་གཞུག་ཅིང་། དེ་བཞིན་དུ་གདོང་ཆེན་གྱི་ནང་དུ་བཀྲ་ཤིས་གདུགས་ཀྱི་བུམ་པ། བཀྲ་ཤིས་གསེར་ཉའི་བུམ་པ། བཀྲ་ཤིས་གཏེར་གྱི་བུམ་པ། བཀྲ་ཤིས་པདམའི་བུམ་པ། བཀྲ་ཤིས་ དུང་གི་བུམ་པ། བཀྲ་ཤིས་དཔལ་བེའུའི་བུམ་པ། བཀྲ་ཤིས་རྒྱལ་མཚན་གྱི་བུམ་པ། བཀྲ་ཤིས་འཁོར་ལོའི་བུམ་པ། བཀྲ་ཤིས་གཏེར་སྒྲུབ་ཆེན་མོ་སོགས་དང་། གཞན་ཡང་ལམ་རིམ་ པ་གཉིས་ལ་རྣལ་དུ་འབྱོར་བར་བྱེད་ཅིང་། མཐོང་བ་བརྒྱུད་པའི་ཕྱག་ལེན་གཙང་བ་བླ་མ་ཤེས་རབ་རྡོ་རྗེ་དང་། སྔགས་བཙུན་དཀོན་མཆོག་འབྱུང་གནས་གཉིས་ཀྱིས་མན་ངག་གི་གནད་དང་ ལྡན་པས་རྒྱལ་པོའི་མངའ་ཐང་བསྐྱེད་པའི་མངའ་དབང་རིན་ཆེན་འབར་བའི་འཁོར་ལོ། རིགས་བརྒྱུད་རྒྱས་པ་ལྟ་བུ་བཙན་འཛིན་གྱི་འཁོར་ལོ། སཱཙྪ་ལ་བརྟེན་པ་འགྲོ་འདུལ་བསྟན་པ་རྒྱས་

།པའི་ལས་ཚོགས། དགེ་འདུན་འདུ་བའི་འཁོར་ལོ། དགེ་འདུན་མཐུན་པའི་འཁོར་ལོ། ལྷ་ཆེན་བསོད་ནམས་དཔལ་འབར་རླུང་ཞགས་ཀྱི་འཁོར་ལོ། ཟིལ་ གནོན་སེང་གེའི་འཁོར་ལོ། མཛེས་བྱེད་རྨ་བྱའི་འཁོར་ལོ། སྙན་བྱེད་དུང་གི་འཁོར་ལོ། ཡུལ་ཁམས་སྲུང་བ་རྡོ་རྗེའི་ཁྲབ་རིང་གི་འཁོར་ལོ། སྲོག་ཤིང་བརྟན་པའི་ཙཀྲས་གཙོས་པའི་ རྩིབས་དང་མུ་ཁྱུད་ཀྱི་དོ་རའི་ནང་དུ་འཕྲུལ་ཡིག་གསེར་གྱི་མེ་ཏོག་གི་ཕྲ་ཚོམ་བསྟར་བའི་འཁོར་ལོའི་རིགས་སླ་ཆོས་སུ་མ་སོང་བར་གཞུང་བཞིན་ཉེར་བསྡོགས་བྱས་པ་གཞུག་པ་དང་། དེ་བཞིན་དུ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་དང་། འཕགས་པ་འོད་ཟེར་དྲི་མ་ མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་དཀྱིལ་འཁོར་རྣམ་པ་གཉིས་ཀྱང་སོ་སོའི་གཞུང་ལས་བཤད་པ་ལྟར་མངོན་པར་འདུ་བྱས་ཏེ་སྟེང་ཁང་གཉིས་སུ་བཞུགས་སུ་གསོལ་བས་མཚོན་ མདོར་ན་ས་འཛིན་ནས་དབུ་གཙུག་ཏོག་གི་བར་ཇི་ལྟར་གཞུག་པར་བྱ་དགོས་པའི་གཟུངས་སྔགས་འཁོར་ལོའི་རིགས་རྣམས་མ་ཚང་བ་མེད་པ་བཞུགས་སུ་གསོལ་བ་ཡིན་ནོ། །བརྟེན་པ་ལྷ་

ཡི་དཀྱིལ་འཁོར་གྱི་བཀོད་པ་ཇི་ལྟར་བཞུགས་པའི་ཚུལ་ལ། ཇི་སྐད་དུ་མགོན་པོ་ཀླུས། སེམས་བསྐྱེད་སྡོམ་ལྡན་དམ་ཚིག་གཙང་། །དད་ལྡན་དབང་ཐོབ་ཤེས་རྒྱུད་འབྱོངས། །ལག་གི་ འདུ་བྱེད་མཁས་པ་སྟེ། །དེ་བདུན་ལྡན་པས་སྐུ་གཟུགས་བཞེངས། །ཞེས་གསུངས་པ་ལྟར་གྱི་ལྷ་བཟོ་བའི་མཚན་ཉིད་བདུན་པོ་སྒོ་ཀུན་ནས་ཚང་བ་དེང་གི་དུས་དབང་ལ་གཞིག་པའི་རྙེད་པར་ དཀའ་བའི་དངོས་པོའི་རང་བཞིན་དུ་གྱུར་ཀྱང་། གཙོ་བོར་ལས་འབྲས་ལ་ཡིད་ཆེས་དང་། དཀོན་མཆོག་གསུམ་ལ་བླ་མར་བྱེད་པ་ཞེ་གཅིག་ཏུ་མཆིས་པ་རྣམས་ནས་གཙང་བར་འདུ་བྱས་ པའི་ས་ལ་རིན་ཆེན་ཕྱེ་མ་དང་། སྨན་སྤོས་ཀྱི་ཕོན་པོ་གཏོས་ཆེ་བ་སྦྱར་བའི་སྨན་འདམ་ལས་སོར་མོའི་འཕྲུལ་གྱིས་ཇི་ལྟར་བསྐྲུན་པའི་ལྷ་ཚོགས་ནི། འོག་ཁང་སེང་ཁྲིའི་ནང་ཕྱོགས་དུས་རྒྱལ་ བ་སྲས་དང་བཅས་པའི་ཕྲིན་ལས་ཀྱི་ནུས་པ་སྟོབས་སུ་གྱུར་པའི་རང་གཟུགས་མཆོག་ཐུན་གྱི་དངོས་གྲུབ་བདེ་བླག་ཏུ་སྩོལ་བ་ལ་ལྷག་པའི་ལྷ་མཆོག་གཞན་ལས་ཐུགས་རྗེའི་རྩལ་ཤུགས་ལྷག་ པར་མྱུར་ཞིང་། འཕགས་བོད་རིག་འཛིན་གྲུབ་པ་ཡོངས་ཀྱི་ཐུགས་དམ་གསང་བའི་ལྷ་གཅིག་ཕུར་པ་ཕྲིན་ལས་རོལ་པའི་ལྷ་ཚོགས་ཏེ། དེ་ཡང་ཨེ་ཁྲོམ་གྱི་དབུས་སུ་དཔལ་ཆེན་ཆེ་མཆོག་རྡོ་

རྗེ་གཞོན་ནུ་ཡབ་ཡུམ། དེའི་གཡོན་དུ་སྒྲོལ་ཡུམ་ཨེ་ཀ་ཛ་ཊི། ཕྱི་རིམ་འཁོར་ལོ་རྩིབས་བཞིའི་སྟེང་ན་ཀཱི་ལ་རིགས་ལྔ་སྟེ་རྩ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས། དེ་མཐར་འཁོར་ལོ་རྩིབས་བཅུའི་སྟེང་ན་ཧཱུཾ་མཛད་ལ་སོགས་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ཡབ་ཡུམ་སྤྲུལ་པའི་ཟ་གསོད་ཉི་ཤུ་དང་བཅས་པ། དེ་མཐར་ཕྱི་རིམ་ཟླ་གམ་ཉེར་གཅིག་གི་སྟེང་ ན་སྐུ་གསུང་ཐུགས་ཀྱི་སྲས་མཆོག་བདུན་བདུན་རེ་སྟེ་ཁྲ་ཐབས་ཉི་ཤུ་རྩ་གཅིག སྒོ་མ་བཞི། ཕྱི་རིམ་བར་ཁྱམས་ཀྱི་རྩིབས་འཁོར་བཅུ་གཉིས་སུ་ཕུར་སྲུང་དམ་ཅན་བཅུ་དྲུག དེ་མཐར་ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དེ་ལྷ་གྲངས་བརྒྱ་དང་བཅུ་བདུན། གྲུ་ཆད་བཞིར་ཕག་མོ། ཁྲོས་མ། སེང་གདོང་། ཀུ་རུ་ཀུལླེ། ཕྱོགས་བཞིའི་རྟ་བབ་ཀྱི་གླང་རྒྱབ་མིག་གསུམ་སོ་སོའི་ནང་ རྒྱལ་པོ་ཆེན་པོ་བཞི་དང་བཅས་པ་བཞུགས་ཤིང་། བར་ཁང་ཁམས་གསུམ་རྣམ་རྒྱལ་ཕོ་བྲང་ནང་དཔལ་ཆེན་ཆེ་མཆོག་ཕྱག་རྒྱ་འབྲིང་པོའི་སྐུ་རུ་བཞེངས་པ་དགུ་ཀློང་རྔམས་པའི་ཞལ་ཅན་ གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མ་དང་མཉམ་པར་སྦྱོར་བ། དེའི་ཕྱོགས་བཞི་མཚམས་བཞིའི་རིམ་པ་བཞིན་དུ་ཡང་དག་མཐིང་ནག་ཡུམ་ཀྲོ་དྷཱི་ཤྭ་རི་མས་འཁྱུད་པ། གཤིན་རྗེ་མཐིང་ནག་

ཡུམ་བཻ་ཏཱ་དགྲ་སྟས་འཁྱུད་པ། རྟ་མགྲིན་དམར་ནག་ཡུམ་པདྨ་ཟིལ་གནོན་གྱིས་འཁྱུད་པ། ཕུར་པ་མཐིང་ནག་ཡུམ་འཁོར་ལོ་རྒྱས་འདེབས་མས་འཁྱུད་པ། བླ་མེད་ཁྲག་འཐུང་མཐིང་ནག་ ཡུམ་མུ་ཁ་མཐིང་ནག་གིས་འཁྱུད་པ། གསང་བའི་བདག་པོ་རིག་འཛིན་རྡོ་རྗེ་ཆོས་ཡབ་རྐྱང་རྡོ་རྗེ་དྲིལ་བུ་འཛིན་པ། དྲེགས་འདུལ་མཐིང་ནག་ལ་ཡུམ་མཆོག་ཁམས་གསུམ་སྤྱི་འདུལ་གྱིས་ འཁྱུད་པ། སྟོབས་ལྡན་ནག་པོ་ལ་ཡུམ་འབྱུང་ལྔའི་བདག་མོས་འཁྱུད་པ་སྟེ་འཕགས་ཡུལ་རིག་འཛིན་བརྒྱད་དང་བོད་ཀྱི་བཀའ་བབ་སྙིང་གི་བུ་དགུའི་ཐུགས་དམ་གྱི་ལྷག་པའི་ལྷ་མཆོག་རང་ སྣང་རྒྱུད་སྡེའི་དཀྱིལ་འཁོར་ལས་གཞན་སྣང་སྒྲུབ་སྡེའི་ཁྲོ་བོར་ཤར་བའི་དཀྱིལ་འཁོར་གྱི་གཙོ་བོ་རྣམས་དང་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་བཅས་བཞུགས་ཤིང་། སྟེང་ཁང་རྣམ་ པར་རྒྱལ་བའི་ཕོ་བྲང་ནང་རྒྱུའི་ཧེ་རུ་ཀ་དཔའ་བོ་རྟ་མགྲིན་ཡབ་ཡུམ། དེའི་སྤྱི་བོར་འབྲས་བུའི་ཧེ་རུ་ཀ་གཙོ་མཆོག་པདྨ་བཛྲ་རྩལ་ལ་དབྱིངས་ཡུམ་ལྷ་ལྕམ་མནྡ་ར་བས་འཁྲིལ་ཞིང་། དབུ་གཙུག་ན་རིགས་ཀྱི་བདག་པོ་རྒྱལ་བ་འོད་མཚན་སྟོང་འབར་གྱིས་མཛེས་པ། དེའི་མདུན་ནས་བརྩམས་ཏེ་རིམ་བཞིན་ཤར་ཕྱོགས་དཀྱིལ་འཁོར་གྱི་གཙོ་བོ་བུདྡྷ་ཐོད་ཕྲེང་རྩལ་ལ་དབྱིངས་ཀྱི་

ཡུམ་ཆེན་སྔོན་མོས་འཁྱུད་པ། ལྷོ་ཕྱོགས་དཀྱིལ་འཁོར་གྱི་གཙོ་བོ་མི་བསྐྱོད་རྡོ་རྗེ་ལ་དབྱིངས་ཡུམ་བདེ་དབྱིངས་མས་འཁྱུད་པ། ནུབ་ཕྱོགས་དཀྱིལ་འཁོར་གྱི་ གཙོ་བོ་པདྨ་དབང་ཆེན་ལ་དབྱིངས་ཡུམ་རིག་བྱེད་མ་དམར་སྐྱས་འཁྱུད་པ། བྱང་ཕྱོགས་དཀྱིལ་འཁོར་གྱི་གཙོ་བོ་རིག་འཛིན་ཐོད་པ་རྩལ་ལ་དབྱིངས་ཡུམ་ཉི་ཟླ་ཐོད་འཕྲེང་མས་འཁྱུད་པ། ཤར་ལྷོའི་དཀྱིལ་འཁོར་གྱི་གཙོ་བོ་མདོག་དམར་མེ་ཕྲེང་ལ་དབྱིངས་ཡུམ་སྲིད་པའི་བདག་མོས་འཁྱུད་པ། ལྷོ་ནུབ་དཀྱིལ་འཁོར་གྱི་གཙོ་བོ་སངས་རྒྱས་དཔའ་བོ་ལ་དབྱིངས་ཡུམ་སངས་རྒྱས་ དཔའ་མོས་འཁྱུད་པ། ནུབ་བྱང་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ཆེན་རྟ་མགྲིན་ལ་དབྱིངས་ཡུམ་ཨེ་ཀ་ཛ་ཌིས་འཁྱུད་པ། བྱང་ཤར་དཀྱིལ་འཁོར་གྱི་གཙོ་བོ་ལག་ན་རྡོ་རྗེ་ལ་དབྱིངས་ཡུམ་ གསང་དབྱིངས་མས་འཁྱུད་པ་སྟེ་བླ་མ་དགོངས་པ་འདུས་པའི་དཀྱིལ་འཁོར་ཚོམ་བུ་དགུ་ཡི་གཙོ་བོ་རྣམས་དང་། ཁྲོ་བོ་རྣམ་པར་རྒྱལ་བ་ཡབ་ཡུམ། ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོ་ བཅས་དང་། བུམ་པའི་སྒོ་ཁྱིམ་གྱི་ནང་དུ་སྐུ་རྒྱུ་དངུལ་ལས་གྲུབ་པའི་བསྟན་པའི་བདག་པོ་རྒྱལ་བ་དོན་ཀུན་གྲུབ་པ་དད་པས་མོས་པ་རྣམས་ལ་མངོན་པར་དགའ་བའི་ཞལ་སྐྱིན་ཅན་སྲིད་དུ་མི་

བོ་ཆེ་འགྲེང་སྟབས་སུ་གནས་པའི་ཚད་དང་ལྡན་པ་བཅས་བཞུགས་ཤིང་། དབུ་རྩེ་བྲེ་ཡི་ནང་དུ་སྙིགས་མའི་འགྲོ་བ་རྣམས་ཀྱི་སྐྱབས་དང་། རྟེན་དང་། གླིང་དང་། མགོན་དང་། དཔུང་གཉེན་གཅིག་པུ་པར་གྱུར་པ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་སྣང་སྲིད་ཟིལ་གྱིས་གནོན་པའི་ཆ་བྱད་དུ་གཞུགས་པ་ལ་ཡེ་ཤེས་སྒྱུ་མའི་འཕྲུལ་མཚན་བརྒྱད་ཀྱིས་བསྐོར་བ་དང་། ཁ་བ་ཅན་དུ་དམ་པའི་ཆོས་ཀྱི་བསྟན་པ་གཞི་བཞེངས་སུ་མཛད་པའི་མཁན་སློབ་ཆོས་གསུམ། རིགས་ལྡན་པདྨ་དཀར་པོ་ངུར་སྨྲིག་འཛིན་པའི་ཟོལ་དུ་བྱོན་པ་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ངག་ དབང་རྣམ་རྒྱལ། དེ་ལས་ཨོ་རྒྱན་བདེ་ཆེན་གླིང་པའི་གཏེར་ལུང་ལས། མ་འོངས་བོད་ཡུལ་གངས་རི་རྩེ་དགུའི་ཤར༔ རྗེ་ཡི་རིགས་ལས་འབྲོག་བན་རྣམ་རོལ་ནི༔ ཛྙཱ་ནའི་མིང་ལྡན་ སྔགས་ཀྱི་བརྟུལ་ཞུགས་འཆང་༔ ཆ་ལུགས་མ་ངེས་བྱིས་སྤྱོད་ཤེས་རབ་ཅན༔ གཏེར་གསར་འབྱིན་ནམ་གཏེར་རྙིང་བསྟན་པ་སྐྱོང་༔ འབྲེལ་ཚད་རྔ་ཡབ་དཔལ་རིར་འཁྲིད་པ་འབྱུང་༔ ཞེས་རྡོ་རྗེའི་ལུང་གིས་གསལ་བར་བསྔགས་ཤིང་། མཆོད་སྡོང་ཆེན་མོ་འདི་ཉིད་ཀྱི་ཕྱི་ནང་རྟེན་དང་བརྟེན་པར་བཅས་པ་བཀོད་པའི་ཆོ་ག་མཛད་པ་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དགེ་

ལེགས་རྣམ་པར་རྒྱལ་བའི་སྡེ་སྟེ་རིག་འཛིན་བླ་མའི་སྐུ་བརྙན་རྣམས་ཀྱིས་ཀུན་ནས་མཛེས་པའོ། །དེ་ཡང་རྩ་བའི་ལྷ་ཁང་རིམ་གསུམ་སོ་སོའི་ཕྱོགས་དང་ཕྱོགས་ མཚམས་ཀྱི་སྐུ་བརྙན་རྣམས་ཀྱི་ཞལ་གྱི་བསྟན་ཕྱོགས་སོ་སོའི་མངོན་རྟོགས་ནང་གསལ་བཞིན་བཞུགས་སུ་གསོལ་འོས་ཀྱང་། སྐབས་ཀྱི་མཆོད་ཁྲི་སོགས་ས་ཆའི་གོ་ཡུལ་གྱི་བབ་ལ་གཞིག་ པའི་ཕྱག་མཆོད་བསྐོར་བ་ལ་སོགས་བྱ་སྟབས་བདེ་བ་ལ་དམིགས་ནས་ཀུན་ཀྱང་ཞལ་ཕྱིར་བསྟན་དུ་བཞུགས་སུ་གསོལ་བ་ལགས་ཤིང་། དེ་བཞིན་དུ་ལྷ་རྣམས་ཀྱི་མཚན་ཙམ་ལས་སྐུ་མདོག་ ཕྱག་མཚན་ལ་སོགས་འདིར་རེ་རེ་ཞིང་འབྲི་བ་ཡིག་ཚོགས་ལ་འཇིགས་ནས་ལྷུར་མ་བླངས་པ་ཡིན་ན་དོན་གཉེར་ཅན་རྣམས་ནས་ཕྲིན་ལས་ཀྱི་གཞུང་སོ་སོར་གཟིགས་པས་ཁྱབ་བོ། །གཟུངས་ ཀྱི་ངེས་པ་ཇི་ལྟར་བཞུགས་པ་ནི། འོག་ཁང་གི་གཙོ་མཆོག་རྡོ་རྗེ་གཞོན་ནུའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་རྒྱལ་ཡུམ་སྐུ་བགྲེས་ཕུན་ཚོགས་ཆོས་སྒྲོན་ནས་གནང་བའི་སྐུ་རྒྱུ་ཇི་ལྟ་བའི་ལས་ གྲུབ་པའི་སྟོན་པ་མཁྱིད་གང་བ་གཅིག་དང་། མཆོད་རྟེན་མཁྱིད་གང་པ་གཅིག སྐུ་སྟོད་འཆང་བཟུང་ཡན་ཆད་ཇི་ལྟ་བའི་དང་སྐུ་སྨད་ཀྱི་དབལ་གནམ་ལྕགས་ལས་གྲུབ་པའི་གཏེར་ཕུར་ཤིན་ཏུ་

བྱིན་ཅན་མཐོ་གཉིས་མ་སྤུས་ལེགས་གཅིག རྒྱལ་ཡུམ་སྐུ་གཞོན་སྐལ་བཟང་ཆོས་སྒྲོན་ནས་གནང་བའི་བསྙེན་ཕུར་བྱིན་ཅན་གཅིག ཁྲོ་བོ་བཅུ་ཡི་གཙོས་པའི་ལྷ་ཚོགས་བྱིང་ལ་སྐུ་རྒྱུ་བདུད་ རྩི་སྨན་སྒྲུབ་ལས་བཞེངས་པའི་ཡབ་རྗེའི་ཕྱག་མཐེབ་ཀྱི་རྗེས་ལྡན་སློབ་དཔོན་པདྨའི་སྐུ་བརྙན་རེ་རེ། འདི་གྲས་སྟེང་ཁང་བྲེའི་བར་གྱི་ལྷ་ཚོགས་ཡོངས་སུ་རྫོགས་པ་ལ་རེ་རེ་བཞུགས། བར་ཁང་གི་ཆེ་མཆོག་ལ་རྒྱལ་དབང་ཀརྨ་པ་ནས་བསྩལ་བའི་ཕྱག་རྡོར་ལི་མ་གཅིག རྒྱལ་ཡུམ་སྐུ་གཞོན་སྐལ་བཟང་ནས་གནང་བའི་སྒྲོལ་མ་རྒྱ་སྐུ་བྱིན་ཅན་སྤུས་ལེགས་མཐོ་གང་བ་གཅིག ། འཕགས་མཆོག་སྙིང་རྗེའི་དབང་ཕྱུག་མཐོ་གང་པ་གཅིག སྟོན་པ་ཕྱག་གང་པ་གཅིག གཏེར་ཕུར་བྱིན་ཅན་སོར་བཅུ་གཉིས་པ་གཅིག་བཅས་དང་། ཨ་ཞེ་པདྨ་བདེ་ཆེན་ནས་གནང་བའི་ གཏེར་ཕུར་བྱིན་ཅན་གཅིག་བཅས་བཞུགས་ཤིང་། སྟེང་ཁང་གི་གཙོ་བོ་པདྨ་བཛྲ་ལ་སྤུངས་ཐང་ཆོས་སྡེ་ཆེན་པོའི་བླ་གྲྭ་ལྷན་རྒྱས་ནས་གནང་བའི་སྟོན་པ་ཆོས་རྒྱལ་ལི་མ་གཅིག བུམ་སྒོའི་ ནང་བཞུགས་སྟོན་པའི་ཡེ་ཤེས་སེམས་དཔའ་ལ་ཆོས་རྒྱལ་ལི་མ་སྟོན་པའི་སྐུ་བརྙན་མཁྱིད་གང་པ་གཅིག་དང་། ཡང་ཕྱག་གང་པ་གཉིས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཕྱག་ཚ་སྟོན་པ་

སོར་བཞི་པ་གཅིག ལི་རྙིང་གི་སྤྱན་རས་གཟིགས་མཐོ་གང་མ་གཅིག སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་རྡོ་རྗེ་འཆང་མཐོ་གང་བ་གཅིག སྐུ་རྒྱུ་ཆོས་རྒྱལ་ ལི་མ་ལས་གྲུབ་པའི་སྟོན་པ་ཕྱག་གང་པ་གཅིག་དང་སོར་བཞི་པ་གཅིག ཚེ་དཔག་མེད་ལི་སྐུ་མཁྱིད་གང་བ་གཅིག སྐུ་རྒྱུ་རྡོ་ཀ་མ་རུ་པ་ལས་གྲུབ་པའི་དཔལ་མགོན་ཀླུ་སྒྲུབ་ཀྱི་ཕྱག་བཟོ་རྗེ་ བཙུན་སྒྲོལ་མ་མཁྱིད་གང་བ་གཅིག འཁོར་ཉེ་སྲས་བརྒྱད་ཀྱིས་བསྐོར་བའི་འོད་དཔག་མེད་གཅིག རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་ཕྱག་བཟོ་ལྕགས་ཕུར་གསེར་ཚག་ཅན་ཤིན་ཏུ་སྤུས་ ལྡན་བྱིན་ཅན་གཅིག གནམ་ལྕགས་རྡོ་རྗེ་གཏེར་མ་སྤུས་ལྡན་གཅིག སྐུ་རྒྱུ་བོད་ལི་ལས་གྲུབ་པའི་འགྲོ་མགོན་ཞང་གི་སྐུ་སོར་བཞི་པ་གཅིག སྐུ་རྒྱུ་ལི་ལས་གྲུབ་པའི་ཛམྦྷ་ལའི་སྐུ་མཁྱིད་ གང་བ་གཅིག སྐུ་རྒྱུ་རྡོ་ནག་ལ་རང་བྱོན་དུ་ཤར་བའི་མགོན་པོའི་སྐུ་བརྙན་གཅིག སངས་རྒྱས་འོད་སྲུང་གི་རིང་བསྲེལ་བྱ་མོའི་སྒོང་བ་ཙམ་པ་གཅིག སྐུ་རྒྱུ་རྡོ་བའི་སྟེང་ན་གསལ་བའི་ རིག་འཛིན་པདྨ་གླིང་པའི་ཕྱག་རྗེས་གཅིག ཇོ་བོ་རྗེའི་ཕྱག་ཚ་རིགས་འདུས་རྡོ་རྗེ་སེམས་དཔའི་སྐུ་བརྙན་གཅིག་བཅས་དང་། གཉྫི་རའི་ནང་སྐུ་རྒྱུ་ལི་ལས་གྲུབ་པའི་སྟོན་པའི་སྐུ་བརྙན་མཐོ་

གང་ལྷག་ཙམ་ཞིག་བཅས་བཞུགས་སོ། །དེ་ཡང་ལྷ་ཁང་གི་སྐུ་རྟེན་རྣམས་བླ་མེད་ཀྱི་རྒྱུད་སྡེ་དང་སྒྲུབ་སྡེའི་ཁོངས་སུ་གཏོགས་པས་རྟེན་གཙོ་ལྷ་སོ་སོའི་ཡེ་ཤེས་སེམས་དཔའ་རྣམས་ཀྱང་ རིགས་དང་མཐུན་པའི་སྐུ་རྟེན་ནམ། ཕྱག་མཚན་རིགས་འཇུག་དགོས་པ་ལ་ཕལ་ཆེར་མཆོག་གི་སྤྲུལ་སྐུ་ཆགས་བྲལ་གྱི་རྣམ་པར་སྣང་བའི་སྟོན་པའི་སྐུ་བརྙན་ཞེ་གཅིག་གཞུག་པ་མི་རིགས་སོ་ སྙམ་དུ་བསམ་པར་ཡང་མི་བྱ་སྟེ། གང་ཞེ་ན་སྤྱིར་ཐེག་པ་ཆེན་པོ་ལྟར་ན་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དུ་འདོད་དགོས་པ་དང་། དེ་ཡང་རྣམ་པའི་ཆ་ནས་དབྱེ་བ་ལས་དོན་ཡེ་ཤེས་ཀྱི་ ངོ་བོ་གཅིག་གི་ཀློང་ལ་དབྱེར་མེད་པ་དང་། ཁྱད་པར་རྩོད་དུས་ཀྱི་འགྲོ་བ་རྣམས་ཀྱི་མ་འདྲིས་པའི་མཛའ་བཤེས་སུ་བྱོན་པ་སྟོན་པ་ཐུགས་རྗེ་ཅན་འབའ་ཞིག་ཏུ་ངེས་ཤིང་། ཡེ་ཤེས་སེམས་ དཔའི་བདག་ཉིད་དུ་བཞུགས་སུ་གསོལ་བ་འདི་དག་ཀྱང་གཟུངས་གཞུག་དང་བྱིན་རླབས་ཀྱི་བབ་མ་ཉམས་པའི་ལོ་རྒྱུས་ཡང་དག་པའི་ཁུངས་སོགས་ལ་བརྟེན་པའི་རྒྱུ་མཚན་ཡོད་པའི་ཕྱིར་ན་ཇི་ སྐད་དུ་དཔལ་ལྡན་ཕྱོགས་ཀྱི་གླང་པོས། རྣམ་པར་རྟོག་པ་མ་གཏོགས་པའི། །འཁོར་བ་ཞེས་བྱ་ཡོད་མ་ཡིན། །རྣམ་རྟོག་དེ་དང་བྲལ་བ་ན། །ཁྱོད་ནི་རྟག་ཏུ་མྱ་ངན་འདའ། །ཞེས་

གསུངས་པ་ལ་དྲན་པ་ཉེ་བར་བཞག་ན་ཐར་པ་ཆ་མཐུན་གྱི་དགེ་རྩ་བསྐྱེད་པ་ཆུད་མི་གཟོན་པ་ལ་ཕན་པ་ཡིན་ནོ། །ནང་གཞུག་རིང་བསྲེལ་ཇི་ལྟར་བཞུགས་པ་ནི་དེ་ ཡང་ཐབས་ལ་མཁས་པའི་མདོ་ལས། སངས་རྒྱས་བཅོམ་ལྡན་བཅོས་མ་མིན། །དེ་བཞིན་གཤེགས་རྣམས་མ་སྐྱེས་ཏེ། །རྡོ་རྗེ་ལྟ་བུར་མཁྲེགས་པའི་སྐུ། །སྤྲུལ་པའི་སྐུར་ཡང་སྟོན་པར་ མཛད། །ཡུངས་འབྲུ་ཙམ་གྱི་རིང་བསྲེལ་ཀྱང་། །འབྱུང་བར་འགྱུར་བ་ཡོངས་མེད་དེ། །རུས་པ་ཁྲག་དང་ཤ་མེད་ན། །རིང་བསྲེལ་ཡོད་པར་ག་ལ་འགྱུར། །སེམས་ཅན་རྣམས་ལ་ཕན་ པའི་ཕྱིར། །ཐབས་ཀྱི་རིང་བསྲེལ་བཞག་པར་མཛད། །ཅེས་དང་། བཀའ་གདམས་གླེགས་བམ་ལས། བྱང་ཆུབ་སེམས་ལས་རིང་བསྲེལ་འཛག །བསྐྱེད་རིམ་ཅན་ལ་ལྷ་སྐུ་འབྱུང་།། འཁོར་བ་མི་སྤོང་སེམས་དཔའ་ལ། །ཐུགས་དང་ལྗགས་ནི་འབྱུང་བ་ཡིན། །ཅེས་གསུངས་ཤིང་། དེ་བཞིན་དུ་རྣལ་འབྱོར་པ་ཕྱིར་མི་ལྡོག་པའི་རྟགས་སུ་རིགས་ལྔའི་སྐུ་ཡི་རང་བྱོན་དང་ གདུང་ཆེན་རྣམ་ལྔ་ཡང་འབྱུང་བར་གསུངས་ཏེ་དགོངས་པ་ཟང་ཐལ་ལས། ཤ་དང་རུས་པ་ཡན་ལག་དང་༔ འབྱུང་འདུས་ལྔ་རུ་རྟེན་དུ་འབྱུང་༔ ཤ་རཱི་རཾ་དང་ཆུ་རཱི་རཾ༔ བ་རཱི་རཾ་དང་ཉ་རཱི་

རཾཿ པཉྩ་རཾ་དང་ལྔ་ལྡན་གདུང་༔ རིགས་ལྔའི་གདུང་དང་སྐུ་ཡང་འབྱུང་༔ ཆོས་སྐུ་ཐོབ་པའི་རྟགས་ཡིན་ནོ༔ ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་དབྱེ་ན་གཟུངས་སྔགས་ཆོས་སྐུའི་ རིང་བསྲེལ། གདུང་རུས་སོགས་སྐུ་གདུང་རིང་བསྲེལ། དབུ་ལོ་ཕྱག་སེན་སོགས་སྐུ་བལ་གྱི་རིང་བསྲེལ། ཤ་རཱི་རཾ་སོགས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཏེ་རིང་བསྲེལ་རྣམ་བཞིར་ གྲགས་ཤིང་། དེ་ལ་རིང་བསྲེལ་ནི་གང་ཟག་མཆོག་དང་སྡིག་ཅན་ལྟ་བུའི་རིགས་ལའང་འབྱུང་བ་དང་། གདུང་ནི་གང་ཟག་མཆོག་ལས་གཞན་ལ་མི་འབྱུང་བར་གསུངས་པའི་རྗེས་སུ་དཔྱད་ བཟོད་པ་ལ་མཁས་པར་བྱ་དགོས་པ་ཡིན་གཤིས་ཡབ་རྗེ་རིག་འཛིན་བླ་མས་སྔོན་བྱོན་རྒྱལ་བ་གོང་མའི་གདན་ས་ཁག་དང་། གང་གི་རིགས་ཀྱི་བདག་པོ་རྣམས་ཀྱི་རྟེན་ཁྲོད་ལས་ཕྱག་ཏུ་ཇི་ ལྟར་འབྱོར་བའི་སེལ་མེད་ཁུངས་ལྡན་གྱི་དམ་རྫས་རིགས་རྣམས་སྡེ་ཚན་དུ་བསྡུ་བསྒྲུབས་མཛད་པ་གཤམ་གསལ་དཀར་ཆག་རྣམས་ཀྱི་ནང་དུ་གསལ་བ་བཞིན་མ་ཚང་བ་མེད་པ་བཞུགས་སུ་ གསོལ་བ་སྟེ་དེ་དག་ནང་གསེས་སུ་རྣམ་གྲངས་ཤིན་ཏུ་རྒྱ་ཆེན་པོ་བཞུགས་པ་མཐའ་དག་འདིར་རེ་རེ་བཞིན་སྨོས་པས་མི་ལང་གཤིས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཕྱོགས་བསྡུས་དམ་རྫས་

ཏོག་གི་བློ་གྲོས་དང་། ཆོས་ཀྱི་རིང་བསྲེལ་ཕྱོགས་བསྡུས་དམ་རྫས་གསེར་ཞུན་ཆེན་མོ། དབུ་ཀླད་དང་གདུང་རུས་ཕྱོགས་བསྡུས་དོན་གྲུབ་རིལ་བུ་དམ་རྫས་ གཡུ་ཞུན་འཁྱིལ་བ་དང་། སྐུ་ཤ་ཕྱོགས་བསྡུས་རིལ་བུ་དམ་རྫས་ས་ལེ་སྦྲམ་གྱི་རིགས་རྣམས་བསྡུས་པ་སྐུ་གདུང་རིང་བསྲེལ། སྐུ་བལ་རིང་བསྲེལ་ཕྱོགས་བསྡུས་དམ་རྫས་འཇའ་འོད་ འཁྱིལ་བ་སྟེ་རིང་བསྲེལ་རྣམ་བཞིའི་དཀར་ཆག་འབྲེལ་ཚད་དོན་ལྡན་དང་། མྱོང་གྲོལ་དམ་རྫས་བདུད་རྩི་ལྔའི་དཀར་ཆག་གྲུབ་པའི་བཅུད་ལེན། གཏེར་ཆེན་མཆོག་གྱུར་གླིང་པས་གནས་ མཆོག་འོག་མིན་ཀརྨའི་དཔལ་གྱི་དེའུ་ནས་སྤྱན་དྲངས་པའི་གཟི་བརྗིད་བསྐྱེད་པ་སྐུ་ཡི་རིལ་བུ་དམ་རྫས་ཉི་མའི་སྙིང་པོ། ཚངས་དབྱངས་བསྐྱེད་པ་གསུང་གི་རིལ་བུ་དམ་རྫས་ཟླ་བའི་བདུད་རྩི། བདེ་ཆེན་བསྐྱེད་པ་ཐུགས་ཀྱི་རིལ་བུ་དམ་རྫས་དགའ་བཞིའི་ཐིག་ལེ་སྟེ་སྐུ་གསུང་ཐུགས་ཀྱི་རིལ་བུའི་དཀར་ཆག་བྱིན་རླབས་དབྱིག་གི་སྙིང་པོ། བུམ་གཏེར་སོགས་ཕྱི་ནང་རྟེན་དང་བརྟེན་པར་ བཅས་པ་གང་སར་འགྲོ་བའི་ས་སྣ་ཆུ་སྣ་ལ་སོགས་འབྱུང་བཅུད་རིལ་བུའི་དཀར་ཆག་ཕན་བདེའི་མྱུ་གུ་སོགས་དཀར་ཆག་ཟུར་བཞུགས་རྣམས་ལ་ཅིས་ཀྱང་གཟིགས་པར་ཞུ་ཞེས་གསོལ་བ་

ལན་བརྒྱར་འདེབས་པ་ཡིན་ཏེ། གང་ཞེ་ན་མདོ་སྡེ་པདྨ་དཀར་པོ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རབ་ཏུ་འབྱུང་བའམ་ཁྱིམ་ན་གནས་པ་གང་དག་ཁ་ཅིག་རིང་བསྲེལ་ཡུངས་འབྲུ་ཙམ་ ལ་བསྟི་སྟང་དུ་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་ན་ཀུན་དགའ་བོ་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ཏེ་ཐ་མ་ཡོངས་སུ་ མྱ་ངན་ལས་འདའ་བར་ང་སྨྲའོ་ཞེས་གསུངས་པ་བཞིན་མདོ་རྒྱུད་བཀའ་གཏེར་གཞན་ལས་ཀྱང་རྒྱུ་མཚན་ཕན་ཡོན་དང་བཅས་པ་ཚད་མེད་པ་གསུངས་པ་ལ་རྒྱུ་མཚན་ཤེས་པའི་དད་པའི་ས་བོན་ བསྐྲུན་དགོས་པའི་ཕྱིར་རོ། །དེ་བཞིན་དུ་སྐུ་རྣམས་རབ་ཏུ་བྱེད་པའི་གཟུངས་ནི་ངེས་དོན་རྟོགས་པའི་དབང་ཕྱུག་ཕྱག་རྫོགས་བསྟན་པའི་བདག་པོ་གྲུབ་དབང་ཤཱཀྱ་ཤྲཱིའི་ཐུགས་སྲས་ཀྱི་དྭངས་ མའི་གྲས་སུ་བཞུགས་ཤིང་། རང་གཞན་གྱི་ཡུལ་གྲུ་མང་པོར་འགྲོ་བའི་བསོད་ནམས་ཀྱི་ཞིང་ས་རྟེན་གསུམ་རྣམ་མང་བསྐྲུན་པར་མཛད་པ་བླ་མ་བསོད་ནམས་བཟང་པོ་ནས་སྐྱེ་འགྲོ་སྤྱི་བྱེའི་ བསྟན་དོན་ལ་རྒྱ་མཚོར་ཆུ་ཐིག་གི་འབྲེལ་མཚོན་ཞབས་འདེགས་སུ་དགོངས་ཏེ་དགུང་ལོའི་བབ་ལ་གཞིག་པའི་སྐུ་ངལ་ལ་མ་འཛེམ་པར་གཟུངས་ཆེན་སྡེ་ལྔས་གཙོས་པའི་སྤྱི་དང་བྱེ་བྲག་གི་

གཟུངས་ཡིག་རྣམས་ཚང་ལ་མ་ནོར་བ་གཟུངས་འབུལ་ལག་ལེན་གྱི་ཟིན་བྲིས་ནང་དུ་ཇི་ལྟར་གསལ་བ་བཞིན་ཕྱག་ལེན་གཙང་དག་ཏུ་བཏབ་པ་མ་ཟད། ཆོས་ འཁོར་རྣམ་ལྔ་ཏོག་དང་བཅས་པར་ཚ་གསེར་སྒྲོན་རྒྱུའི་རིགས་ལའང་སྲི་ཞུ་གང་ལྕོགས་བསྒྲུབ་པར་མཛད་པ་སྟེ་དེ་དག་གི་ཚུལ་ཞིབ་པ་འདིར་སྤྲོས་ན་ཡི་གེ་མང་བའི་རྒྱུ་ལས་མ་འདས་སྟབས་ གཟུངས་ཀྱི་སྐོར་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསུངས་གཟུངས་འབུལ་གྱི་ལག་ལེན་ཟིན་བྲིས་གཞིར་བཞག་ནས་མཛད་པ་ཡིན་ལ། དེ་ལས་ཇི་སྐད་དུ་སམྦུ་ཊིར། དུལ་ཞིང་ དད་ལྡན་ལང་ཚོར་བབ། །དབང་པོ་རྣམ་གསལ་རྣམ་རྟོག་མེད། །ཁྲོ་མེད་ལྐོག་འཕྱས་མེད་པ་དང་། །ཤིན་ཏུ་མཁས་ལ་སྤྲོ་བ་དང་། །བཟོད་ལྡན་སྙིང་རྗེ་ཆེར་ལྡན་པ། །ཞེས་གསུངས་པ་ བཞིན་གྱི་མཚན་ཉིད་ཚང་བའི་རི་མོ་མཁན་རྣམས་ཀྱི་འཛིན་བྱེད་ཡལ་ག་ལྔ་ཡི་འཕྲུལ་གྱིས་ལྡེབས་སུ་བྲིས་པའི་རི་མོའི་རིམ་པ་ཇི་ལྟར་བཞུགས་པ་ནི། སྟེང་ཁང་བུམ་པའི་ནང་ཡས་གཟིགས་ སྟེང་འཁོར་གྱི་ཆ་ལ་གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་གྱིས་དབུ་བྱས་པའི་རྒྱུད་ལུང་མན་ངག་གསུམ་དང་། བླ་མ་དགོངས་པ་འདུས་པའི་བླ་བརྒྱུད་དང་བཅས་པ་གཡས་གཡོན་

བཞུགས་ཕྱོགས་ཀྱི་ཕྲེང་བ་སྤེལ་ལེགས་པས་ཁོར་ར་ཁོར་ཡུག་ཏུ་ཀུན་ནས་མཛེས་ཤིང་། དེ་ལས་ས་ཆའི་གོ་ཡུལ་གྱི་བབ་ལས་ཟུར་དུ་འཕྲོས་པ་སྒོ་ཁྱིམ་ནང་གི་གཡས་ངོས་ཤར་གྱི་རྒྱང་ ལོགས་སུ་དམ་པའི་རིགས་ཅན་དྲ་མ་ལྔ་དང་རྒྱལ་པོ་ཛཿ སོགས་ལུང་ཨ་ནུ་ཡོ་གའི་བརྒྱུད་པའི་བླ་མ་རྣམས་དང་། བྱང་གཟིགས་ཀྱི་ཆ་ལ་ཅོག་རོ་བཟའ་ཀླུའི་རྒྱལ་མཚན་གྱི་རྣམ་འཕྲུལ་གཏེར་ སྟོན་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་བོ་ལྷ་བྲན་གར་བྱེད་པ་འདྲ་བ་ནས་སྤྱན་དྲངས་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལྷ་ཚོགས་ཏེ། དེ་ཡང་ཕྱག་རྒྱ་རྣམ་བཞིའི་གྲངས་ཀྱི་རྗེས་ འགྲོའི་ཀྭ་བའི་དབར་གྱི་རྒྱང་ལོགས་གསུམ་ལ་དམ་པའི་སྟངས་དཔྱལ་དང་། རྣམ་སྣང་ཡབ་ཡུམ་གྱིས་ཐོག་དྲངས་རིགས་བཞིའི་གཙོ་འཁོར་དྲུག་དྲུག་དང་། འགྲོ་འདུལ་སྤྲུལ་སྐུ་ཐུབ་དྲུག་ སྒོ་བ་ཡབ་ཡུམ་བརྒྱད་དེ་ཞི་བ་བཞི་བཅུ་རྩ་གཉིས་དང་། ཁྲག་འཐུང་གཙོ་བོ་རིགས་ལྔ་ཡབ་ཡུམ་བཅུ། ཀོ་རི་མ་དང་སིངྷ་མ་བརྒྱད་བརྒྱད། སྒོ་མ་བཞི། དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགས་ ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དེ་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལོའི་མངོན་རྟོགས་ལྟར་དང་། མར་མི་དྭགས་གསུམ་བཅས་སོ། །བར་

ཁང་ནང་ཤར་ངོས་ནས་བརྩམས་ཏེ་བྱང་ངོས་བར་རྒྱང་ལོགས་རིམ་པ་བདུན་ལ་རིམ་པར་གཡས་སྐོར་ནས་གཟིགས་པའི་ཆ་ལ་ལྷ་སྲས་མཆོག་གྲུབ་རྒྱལ་པོ་འགྲོ་ བའི་དོན་དུ་སྲིད་པ་ཉེ་བར་བཟུང་བ་ཡར་རྗེ་ཨོ་རྒྱན་གླིང་པས་བོད་ཀྱི་ཡར་ལུང་ཤེལ་བྲག་གི་རྒྱབ་ཕྱོགས་ཨོ་རྒྱན་ཆེན་པོས་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པའི་གནས་མཆོག་པདྨ་ཤེལ་ཕུག་གི་ སྒོ་སྲུང་ཁྱབ་འཇུག་ཆེན་པོའི་རྩ་ཞལ་གསུམ་ནས་སྤྱན་དྲངས་པའི་ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་གཙོ་བོ་ཆེ་མཆོག་གིས་གཙོས་པའི་ཡང་དག་དང་། རྡོ་རྗེ་ཕྲེང་བ། ཕྱག་ན་རྡོ་རྗེ། རྡོ་རྗེ་རྩལ་རྫོགས། རྡོ་རྗེ་ཐོད་ཕྲེང་། བདེ་མཆོག་འཁོར་ལོ། གཤིན་རྗེ་གཤེད་པོ། རཏྣ་རྩལ་རྫོགས། དཔའ་བོ་རྟ་མགྲིན། ཀྱེ་ཡི་རྡོ་རྗེ། གསང་བ་འདུས་པ། པདྨ་རྩལ་རྫོགས། ཆེ་མཆོག་ཡོན་ཏན། དུས་ཀྱི་འཁོར་ལོ། མཁའ་ཀློང་འཁྱིལ་བ། ཀརྨ་རྩལ་རྫོགས། མངོན་རྫོགས་རྒྱལ་པོ། རྡོ་རྗེ་གཞོན་ནུ། དྲེགས་པ་འདུལ་བ། སྟོབས་ལྡན་ནག་པོ་སྟེ་ཕྱོགས་ མཚམས་སྤྲུལ་པ་ཉི་ཤུའི་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་རྣམས་དང་། དེ་དག་གི་བར་རྣམས་སུ་དེང་དུས་ཀྱི་རིགས་སྔགས་འཆང་བའི་རྒྱལ་པོ་སྔ་འགྱུར་བསྟན་པའི་ཤིང་རྟ་ཨོ་རྒྱན་འགྲོ་

འདུལ་གླིང་པའི་དུས་གསུམ་སྐུ་ཡི་ཟློས་གར་གྱི་ཕྲེང་བའི་རྣམ་པ་གསལ་བར་བྱེད་པའི་སྣང་བརྙན་ཆ་ཚང་དང་། གང་གི་དགོངས་གཏེར་རྩ་བ་གསུམ་གྱིས་ཐོག་དྲངས་བསམ་ལྷུན་མན་ངག་ བཅུ་གསུམ་དང་། ཐུགས་སྒྲུབ་བར་ཆད་ལམ་སེལ་གྱི་ལྷ་ཚོགས། ཁ་བའི་ལྗོངས་ཀྱི་དབང་དུས་སུ་རྟོགས་པ་བརྙེས་པའི་གྲུབ་ཐོབ་རྗེ་འབངས་ཉེར་ལྔ། ཤར་གྱི་གཡོན་ཕྱོགས་བྱང་ངོས་ཀྱི་ ལྡེབས་སུ་གཏེར་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེས་ཕྲིན་ལས་ལྷ་མཆོག་རྡོ་རྗེ་ཕུར་བུའི་སྒྲུབ་གནས་ཀྱི་རྒྱལ་པོ་སེང་གེ་རྫོང་གི་མཚོ་རྒྱལ་གསང་བའི་ཕུག་ནས་གདན་དྲངས་པའི་ཚེ་སྒྲུབ་འཆི་ མེད་སྲོག་གི་ཐིག་ལེའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སོ། །འོག་ཁང་གི་རྒྱང་ལོགས་རྣམས་སུ་མགོན་ཆེན་དགུ་ཡིས་གཙོས་པའི་ལེགས་ཉེས་ཀྱི་སྟངས་འཛིན་ཅིང་། དམ་ཚིག་གི་རྗེས་ གཅོད་པའི་སྤྱི་དང་བྱེ་བྲག་གི་བཀའ་སྲུང་རྣམས་དང་། ལྷ་བརྒྱད། ཀླུ་བརྒྱད། གཟའ་བརྒྱད། རྒྱུ་སྐར་ཉེར་བརྒྱད། འཇིགས་བྱེད་དགུ། ཕྱོགས་སྐྱོང་བཅུ་ལ་སོགས་པ་དམ་ཚིག་ཅན་གྱི་ ཕྲིན་ལས་བསྒྲུབ་པའི་བཀའ་སྡོད་ཕོ་ཉ་དཔལ་མགོན་བདུན་ཅུ་རྩ་ལྔའི་ཚོགས་ཀྱིས་ཀུན་ནས་རྔམས་པ་དང་། ཞི་བའི་ཚུལ་ལ་སོགས་པའི་རྣམ་འགྱུར་དང་ཆ་བྱད་གཅིག་ཏུ་མ་ངེས་ཐ་དད་པས་

བསྟན་པ་དེ་འཛིན་དང་བཅས་པར་མེལ་ཚེ་གཡེལ་བ་མེད་པར་བགྱིས་ཤིང་། ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ཀྱི་ལས་ཐོགས་མེད་དུ་ བསྒྲུབ་པ་ལ་རིངས་པའི་ཚུལ་གྱིས་བཞུགས་པ་སྟེ། དེ་དག་གི་མཚན་བྱང་འདིར་རེ་རེ་བཞིན་ཞིབ་ཏུ་སྤྲོས་པའི་ཡི་གེའི་གོ་སྐབས་མ་ཐོབ་པས་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ ཐུགས་ཉམས་སུ་བསྟར་བས་ཁྱབ་བོ། །དེ་ལས་འདིར་དངོས་རྫས་ཀྱི་རིམ་པ་ཇི་ལྟར་སོང་བ་དང་། མཆོད་རྫས་ཀྱི་རིམ་པ་ཇི་ལྟར་བསྒྲུབས་པ། དད་ལྡན་གཞན་ནས་མ་བསྐུལ་དང་བླང་གི་ འབྲེལ་པ་ཇི་ལྟར་བཞག་པ་རྣམས་འགོད་འོས་ཀྱང་ཡིག་རྫོབ་ལ་འཇིགས་ནས་ཟུར་དུ་བཀོད་པ་ཡིན་པས་དེར་གཟིགས་པས་འཐུས་སོ། །དེ་ལས་ཇི་སྐད་དུ་ཆ་ཚད་ཀྱི་རབ་ཏུ་བྱེད་པ་ལས། ཀུན་ནས་ལྷག་བསམ་རབ་དཀར་ལུས། །ཁྲེལ་ཡོད་ངོ་ཚའི་གོས་རྒྱུན་ལྡན། །དད་དང་གཏོང་ཕོད་མཆོད་ཚོགས་ཀྱིས། །ལྷ་དང་བཟོ་བོ་དབྱེར་མེད་མཆོད། །ཅེས་པ་ལྟར་ལྷ་བཟོ་བས་ གཙོས་པའི་ལས་བྱེད་ཆེ་ཕྲ་ཚང་མར་རང་གི་མངའ་འབངས་སུ་གཏོགས་པས་ཅི་དགར་བཀོལ་དུ་གཏུབ་བོ་སྙམ་དུ་མ་ཡིན་པར་རང་རང་གི་ལས་ཀའི་འགན་ཁུར་ཆེ་ཆུང་ལ་གཞིག་པའི་ཕོགས་

དོད་དང་། ཐོག་མཐའ་བར་གསུམ་གྱི་གནང་སྦྱིན་ཚུན་གྱིས་མགུ་བར་བྱས་ཤིང་། ཕྱོགས་བཅུའི་བདེ་གཤེགས་སྲས་དང་བཅས་པས་དབྱིངས་ནས་དགྱེས་པའི་སྤྱན་རས་འགོག་ཏུ་མེད་པ་ གཟིགས་པས་ཞི་བ་དང་བདེ་ལེགས་ཆེན་པོས་ཀུན་དགའ་ཞེས་པ་འབྱུང་བ་གསུམ་ལྡན་ཤིང་ཕོ་སྟག་ལོའི་ཧོར་ཟླ་བཞི་པའི་ཚེས་དགུ་ཉིན་དགེ་ཚོགས་རིན་པོ་ཆེའི་ཕུང་པོ་བསྒྲུབས་པའི་བྱ་བ་གང་ ཡིན་པ་མཐར་ཕྱིན་ཏོ། །དེ་ལྟར་མཐར་ཕྱིན་ནས་ཀྱང་སློབ་དཔོན་ཆེན་པོས། ཕྱི་རབས་རྟེན་གསུམ་བཞེངས་པ་རྣམས། །གྲུབ་དང་རབ་གནས་དུས་མཉམ་བྱ། །ཞེས་གསུངས་པ་ལྟར་རབ་ཏུ་ གནས་པའི་བྱ་བ་ལ་དགེ་ལེགས་ཀྱི་འབྲས་བུ་སྟེར་བའི་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་ཇི་སྐད་དུ་རྒྱུད་ལས། བསྙེན་རྫོགས་རྟགས་ལྡན་རྣལ་འབྱོར་པས། །གཟིགས་པས་ རབ་ཏུ་གནས་པ་ཆགས། །ཕྱི་ནང་སྣང་སྲིད་སྣོད་བཅུད་ཀུན། །ཡེ་ནས་ཆོས་སྐུའི་ངོ་བོར་གནས། །བདེར་གཤེགས་དབྱིངས་ལས་མ་གཡོས་ན། །རྣམ་དག་རྟེན་མཆོག་བླ་ན་མེད། ། ཅེས་དང་ཨོ་རྒྱན་ཆེན་པོས། རྟེན་འབྲེལ་ཀུན་གྱི་རྒྱལ་པོ་ནི། །སྐྱེ་མེད་རྟོགས་པའི་གདིང་ལྡན་ན། །དགོངས་པ་དབྱིངས་སུ་གཏོད་ཙམ་གྱིས། །ལས་ཀྱི་ཚོགས་ཀུན་འབད་མེད་འགྲུབ། །

ཅེས་ཇི་ལྟར་གསུངས་པའི་དོན་ལ་གནས་པ་སར་སྨིན་པའི་ཡབ་རྗེ་ལ་རིག་འཛིན་ཆེན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་། བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་རྣམས་ ཀྱིས་ཐོག་དྲངས་པའི་ས་ལ་ཆུད་པ་དང་། ས་ལ་གནས་པའི་རིག་པ་འཛིན་པ་རྣམས་ཀྱིས་ལྷ་ཁང་སྟེང་འོག་བར་གསུམ་དུ་མཆོད་པའི་སྤྲིན་ཕུང་གྱ་ནོམ་པ་དང་བཅས་ཏེ་སྟ་གོན་གྱི་ཆོས་རྣམས་ སྔོན་དུ་འགྲོ་བས་བཀའ་དགོངས་ཕུར་གསུམ་གྱི་དཀྱིལ་འཁོར་གཉན་པོའི་ཞལ་ཕྱེ་ནས་རྟེན་དམ་ཚིག་གི་གཟུགས་བརྙན་ལ་བརྟེན་པ་ཡེ་ཤེས་ཀྱི་འཁོར་ལོ་གཉིས་སུ་མེད་པར་བསྟིམ་པ་སོགས་ རྟེན་དང་བརྟེན་པར་བཅས་པ་ལ་ལྷག་གནས་ནན་ཏན་གྱི་ཆོ་གས་རབ་ཏུ་གནས་པར་མཛད་ཅིང་། དེ་ཡང་རབ་ཏུ་གནས་པའི་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནས་བཟོ་བོ་ རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་དང་རྒྱུད་ལས། དེ་རྗེས་བུ་སློབ་ཡོན་བདག་ལ། །བུམ་དབང་བཀྲ་ཤིས་རྫས་བཞི་དང་། ། སྣ་བདུན་རྫས་བརྒྱད་དབང་བསྐུར་བྱ། །ཚོགས་འཁོར་བཟང་པོས་ཞལ་ཡང་བསྲོ། །བཀྲ་ཤིས་སྐྱིད་པས་ལྷ་བྲོ་བྱ། །ཞེས་གསུངས་པ་ལྟར་ཡོན་བདག་བསྒོ་བ་དང་རྗེས་སུ་འབྲེལ་བའི་མཐའ་

རྒྱས་ཀྱི་བྱ་བ་ཚང་ལ་ནོར་བ་མེད་པས་ཕྱོགས་དུས་རྣམ་པ་ཐམས་ཅད་དུ་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པར་མཛད་པ་ཡིན་ནོ། །མཛེས་སོ་དགུང་ན་ཉ་རྒྱས་ཟླ་བའི་དཔལ། །གཟིགས་ ཤིག་ས་ན་བདེ་གཤེགས་ཆོས་སྐུའི་རྟེན། །གཉིས་ཀ་འགྲོ་བའི་མིག་གི་བདུད་རྩི་སྟེ། །སྙིང་ལ་ཡེ་ཤེས་མཆོག་སྦྱིན་མཆོད་སྡོང་ཆེ། །གཏོང་ལ་དགའ་བ་མིན་པ་རྣམས་ཀྱི་སྒོ། །ཁ་གསག་ སློང་མོའི་གཏུན་བུས་མ་དཀྲོགས་ཤིང་། །གནོད་སྦྱིན་ཤིང་རྟ་གྲོགས་སུ་སྦྲན་མིན་པར། །ཆོས་ཀྱི་རྒྱལ་མོའི་བསོད་ནམས་མཐུ་ལས་སོ། །རིང་ནས་ངལ་བརྒྱས་བསགས་པ་སྒྱུ་མའི་ནོར། ། ཡུན་ཐུང་ཚེ་འདིའི་རྨི་ལམ་དགའ་སྟོན་ལ། །གཏོང་བའི་འབྱོར་ལྡན་རྣམས་ཀྱིས་འཁྲེན་སྲིད་ཀྱང་། །ལྷ་རྣམས་དབྱིངས་ནས་དགྱེས་པའི་མེ་ཏོག་འཐོར། །ཨ་ཡེ་དེང་དུས་འབྱོར་པས་དྲེགས་ པ་ཕལ། །མཐའ་བཞིའི་རྒྱ་ཡི་ར་བ་རིབས་པའི་ནང་། །འཇིགས་སླ་སྲིད་པའི་གནས་ཁང་བརྩེགས་པ་ལ། །དོན་ལྡན་ཉིད་དུ་རློམ་པའི་གཏམ་སྒྲོགས་ན། །མངོན་མཐོའི་གཟིངས་ཀྱི་བ་དན་ དཀར་པོའི་ངོགས། །ལྷག་བསམ་གཙང་མའི་རླུང་གིས་རབ་བསྐུལ་ནས། །ཚོགས་ཟུང་རིན་ཆེན་རྒྱ་མཚོའི་གླིང་ཉིད་དུ། །བགྲོད་པའི་ཚུལ་འདི་དོན་ཡོད་ཅི་ཕྱིར་མིན། །ཁྱིམ་བདག་དཔལ་

སྐྱེས་ངུར་བའི་སྒྲ་ཅན་ལ། །གྱུར་པའི་དུས་སུ་ནོར་སྐྱོང་གཏུམ་པོ་ཡིས། །དེད་པའི་ཚེ་ན་སཙྪའི་ཁང་བུའི་མཐར། །བསྐོར་ནས་འབྲོས་པ་ཙམ་གྱིས་འབྲས་འབྱིན་ ན༑ ༑མཚན་ཉིད་ལྔ་ལྡན་མི་ཡི་ལུས་བཟུང་བས། །དགེ་བའི་ལོ་ཏོག་འཁྲུངས་པའི་སོ་ནམ་ལ། །བརྟེན་ཚེ་འབྲས་བཟང་སྨིན་པ་བསྙོན་མེད་ཕྱིར། །ཀུན་ཏུ་ཕུ་དུད་བགྱིད་ལ་སུ་མི་བརྩོན། ། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ཕན་ཡོན་བསྟན་པ་ནི། དེ་ཡང་བདེ་བ་དང་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་གང་ལས་བྱུང་བ་ངོ་མ་ཤེས་ན་ལས་འབྲས་ལ་ ཡིད་ཆེས་མི་རྙེད། ལས་འབྲས་ལ་ཡིད་ཆེས་མ་རྙེད་ན། ཕན་ཡོན་ལ་ཡིད་ཆེས་ཀྱང་མི་རྙེད་དེ། དཔེར་ན། ཚེ་འདིའི་རང་དོན་ཉི་ཚེ་བ་རེ་བསྒྲུབ་པའི་སླད་དུ་རིམ་གྲོ་སད་སུད་རེ་བསྒྲུབ་ ནའང་སྔོན་གྱི་ལས་སམ་འཕྲལ་གྱི་རྐྱེན་གྱིས་མི་འདོད་པ་རེ་ཐོག་ཏུ་བབ་པ་ན་ཡིད་ཆད་དེ་དཀོན་མཆོག་མཆོད་ཀྱང་ཐུགས་རྗེ་མི་འདུག ལས་འབྲས་ནི་མི་བདེན་ངེས་པ་འདྲ་སྟེ། གཞན་འདི་ དང་འདི་ནས་དགེ་བ་འདི་དང་འདི་ལྟ་བུ་བསྒྲུབས་ཀྱང་དེ་ལ་ཕན་པ་གང་ཡང་མེད་ཀྱི་སྟེང་། ད་ལྟ་ལམ་འགྲོ་ཞན་པ་དང་། དབུལ་ཞིང་ཕོངས་པ། མི་བདེ་མི་སྐྱིད་པ་འདི་དང་འདི་ལྟ་བུ་བྱུང་།

གཞན་འདི་དང་འདི་ལྟ་བུ་ཞིག་ནས་རྟག་ཏུ་སྡིག་པའི་ལས་ལ་འབད་ཀྱང་ད་ལྟ་ལམ་འགྲོ་ཆེ་བ། འབྱོར་བ། བདེ་བ། སྐྱིད་པ་འདི་དང་འདི་ལྟ་བུ་མཆིས་སྙམ་དུ་བསམ་པ་ནི། རྒྱུ་དང་འབྲས་ བུའི་གོ་རིམ་མ་ཤེས་པས་ནོངས་པ་སྟེ། འདི་ལྟར་རང་རེ་ལྐོག་གྱུར་གྱི་ཡུལ་ལ་དཔྱོད་པའི་བློ་མཐུ་ཞན་པའི་སོ་སོའི་སྐྱེ་བོ་རྣམས་ཀྱི་སྣང་ངོར་གང་དང་གང་ཡིན་ཡང་རྒྱུ་རྐྱེན་མ་ཚོགས་པའི་ སྐབས་སུ་ལས་དང་ལས་ཀྱི་འབྲས་བུ་བལྟར་མི་མངོན་པའི་ཚུལ་དུ་གནས་ཏེ་མཐོང་བའི་ཆོས་སུ་མ་གྱུར་པ་ལ་བརྟེན་ནས་ལས་འབྲས་མི་བདེན་པ་ལྟ་བུ་མཐོང་མོད། དེ་ལྟར་མ་ཡིན་ཏེ། གང་གི་ཚེ་རྒྱུ་རྐྱེན་འཛོམ་པའི་དུས་སུ་འབྲས་བུ་ཆུད་མི་ཟ་བར་ངེས་པ་ཉིད་དུ་སྨིན་པར་འགྱུར་བ་ནི་འདི་ལྟར་ཞིང་ལ་ས་བོན་བཏབ་པ་ལས་ལོ་ཐོག་དང་། དུག་འཐུངས་པ་ལས་ནད་དང་། སྨན་བསྟེན་པས་ནད་ལས་གྲོལ་བ་སོགས་ལ་དཔྱད་པས་ཤེས་སུ་རུང་ལ། རྐྱེན་ཆུ་ལུད་དྲོད་གཤེར་སོགས་ལ་ཕྱོགས་ཙམ་ཡང་བརྟེན་མ་དགོས་པར་ས་བོན་གདབ་མ་ཐག་ཏུ་མྱུ་གུ་འཁྲུངས་ པའང་འཇིག་རྟེན་ཀུན་གྱིས་མཐོང་བའི་ཆོས་སུ་མེད་ན་ཚེ་རབས་སྔ་མ་སྔ་མའི་ལས་ཀྱི་རྣམ་སྨིན་མྱོང་མ་དགོས་པར་ད་རིང་གི་རྒྱུ་ཡི་འབྲས་བུ་ད་རིང་རང་ལ་སྨིན་དགོས་པའི་ཁྱབ་པ་མེད་ལ།

རྣམ་པ་གཅིག་ཏུ་ན་ཚེ་འདིར་དགེ་བ་བསྒྲུབ་པ་ལ་སྤྲོ་བའི་གང་ཟག་གང་ཞིག་ལ་ནད་དང་ན་ཚ་དབུལ་ཕོངས་ལ་སོགས་མི་མཐུན་པ་ཤས་ཆེར་བྱུང་བའང་ལས་ འབྲས་མ་བདེན་པས་མ་ཡིན་པར་བདེན་པའི་མངོན་རྟགས་ཀྱང་ཡིན་པ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ལས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་འདི་ལྟ་ བུའི་མདོ་སྡེའི་ཚིག་འདི་དག་ལེན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱས་པ་དེ་དག་ནི་མནར་བར་འགྱུར། ཤིན་ཏུ་མནར་བར་འགྱུར་རོ། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་དེ་དག་ནི་ཚེ་རབས་སྔ་མའི་མི་དགེ་བའི་ལས་ངན་སོང་དུ་སྐྱེ་བར་འགྱུར་བ་གང་དག་བྱས་པ་དེ་དག་ཚེ་འདི་ཉིད་ལ་མནར་བས། ཚེ་རབས་སྔ་མའི་མི་དགེ་ བའི་ལས་ངན་སོང་དུ་སྐྱེ་བར་འགྱུར་བ་གང་དག་བྱུང་བར་འགྱུར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །འོ་ན་ལས་བཟང་ངན་གྱི་རྗེས་སུ་འབྲས་ བུ་བཟང་ངན་འབྱུང་བའི་རྒྱུ་གང་ཞིག་ལས་བྱུང་བ་ཡིན་སྙམ་ན། འཁོར་འདས་བདེ་སྡུག་བཟང་ངན་ལ་སོགས་པའི་ཆོས་ཐམས་ཅད་རྒྱུ་མེད་པར་ངོ་བོ་ཉིད་ལས་བྱུང་བའམ། རྒྱུ་རྟག་པ་

གཅིག་པུ་རང་དབང་ཅན་གཞན་ཞིག་གིས་བྱས་པ་ལ་སོགས་མ་ཡིན་པར་སེམས་ཀྱིས་བྱས་པ་སྟེ། ཇི་ལྟར་ན་སེམས་ཀྱིས་བག་ཆགས་སྣ་ཚོགས་བསགས་པ་ལས་ལས་ཀྱི་འབྲས་བུ་སྣ་ཚོགས་ འབྱུང་བ་ནི་བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་ཉོན་མོངས་ལས་ལས་བྱུང་། །ལས་ནི་སེམས་ལས་བྱུང་བ་ཡིན། །སེམས་ནི་བག་ཆགས་རྣམས་ཀྱིས་བསགས། །བག་ཆགས་བྲལ་ན་ བདེ་བ་སྟེ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་བག་ཆགས་བྲལ་ན་ཞེས་པ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ས་ལ་ཡིན་མོད། དེ་ཐོབ་པར་ བྱེད་པའི་རྒྱུ་རྣམ་དཀར་དགེ་བའི་བག་ཆགས་བཟང་པོ་ཀུན་ཀྱང་བྲལ་དགོས་སོ་གསུངས་པ་ནི་མིན་ཏེ། མཆོག་གཟིགས་ཏིལླི་པས། བུ་སྣང་བ་རྟེན་ཅིང་འབྲེལ་འབྱུང་འདི། །དོན་སྐྱེ་བ་མེད་ པར་མ་རྟོགས་བར། །ཚོགས་གཉིས་ཤིང་རྟའི་འཕང་ལོ་དང་། །འབྲལ་བ་མ་བྱེད་ན་རོ་པ། །ཞེས་གསུངས་པས་ཤེས་ལ། བག་ཆགས་ཞེས་པ་གང་ཞེ་ན། དཔེར་ན་ཐལ་བའི་ཞབས་སུ་ མེ་མདག་བག་ལ་ཉལ་དུ་ཆགས་པའམ། ཆུ་བྱ་མཚོ་སྟེང་དུ་འཕུར་བ་ན་དེའི་གྲིབ་མ་ཡུལ་གྱིས་བསྐལ་པས་དེའི་ལུས་སུ་བག་ལ་ཆགས་ནས་རེ་ཞིག་མ་མངོན་པ་ལྟ་བུ་སྟེ། འོན་ཏེ་ཐལ་

ཞབས་སུ་བག་ལ་ཉལ་བའི་མེ་ཉིད་རྐྱེན་ཤིང་སོགས་དང་འཕྲད་ན་མེ་ཡི་ཕུང་པོར་ཕྱི་རོལ་ན་མངོན་མཚན་དུ་འབར་བའམ། ཆུ་བྱ་མཚོ་སྟེང་དུ་བབ་པ་ན་ཡུལ་རྐྱེན་ མཚོ་དང་ཉེ་བར་འཕྲད་པའི་སྟབས་ཀྱིས་གྲིབ་མའང་མངོན་དུ་སྣང་བ་ལྟར་སེམས་ཀྱི་སྟེང་ན་རྒྱུ་སྔོན་སོང་གི་བག་ཆགས་བཟང་ངན་གང་དང་གང་ཞིག་བཞག་པ་རྣམས་ཉེ་བར་ལེན་པའི་རྐྱེན་ དང་མ་འཕྲད་ཀྱི་རིང་ལ་བལྟར་མངོན་པ་མེད་པར་བག་ལ་ཆགས་ནས་གནས་ཀྱང་། ནམ་བག་ཆགས་བཟང་ངན་གང་དང་གང་ལ་དེ་དང་དེའི་རྐྱེན་དང་འཕྲད་པའི་དུས་སུ་འབྲས་བུ་ཆུད་མི་ཟ་ བར་སྨིན་པ་ནི་ཇི་སྐད་དུ། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་ པར་འགྱུར། །ཞེས་གསུངས་སོ། །གཞན་ཡང་སེམས་ཀྱིས་ལས་བསགས་ཤིང་། ལས་བཟང་ངན་གྱི་རྗེས་སུ་འབྲས་བུ་བདེ་སྡུག་མི་བདེན་བཞིན་དུ་མྱོང་བ་ནི་རྨི་ལམ་ལ་དཔྱད་པས་ཀྱང་ ཤེས་ཏེ། འདི་ལྟར་རང་གཞན་སོ་སོའི་སྐྱེ་བོ་རྣམས་ནས་ཚོང་དང་སོ་ནམ་ལ་སོགས་རྣམ་ཀུན་རང་ཉིད་གང་ལ་ཤིན་ཏུ་ཞེན་ཅིང་ཆགས་པའི་ལས་ལ་ཉི་མ་བསྟར་ཆགས་སུ་བྲེལ་བ་ན་རེ་ཞིག་

ནས་བག་ཆགས་ཀྱི་མཐུ་བརྟས་པའི་ཚེ་ཉིན་མོ་རང་ཉིད་ཀྱི་ལས་གང་བྱེད་པ། ཡུལ་གང་དུ་སྡོད་པ། ཕྱོགས་གང་དུ་འགྲོ་བ། གྲོགས་སུ་དང་འགྲོགས་པ་སོགས་མཚན་མོ་རྨི་ལམ་དུ་འབྱུང་ བ་ཁོ་ནས་ཀྱང་མཚོན་ནུས་པས་དེའི་ཕྱིར་དྲན་པ་ཉེར་བཞག་ལས། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །བདེ་སྡུག་ཉིད་དུ་སྣང་བ་ནི། །སེམས་ཀྱིས་སྤྲུལ་ཞིང་སེམས་ཀྱིས་བྱས། ། སེམས་ལས་ཅུང་ཟད་ཡོད་མ་ཡིན། །དཔེར་ན་རྨི་ལམ་ཇི་བཞིན་ནོ། །ཞེས་དང་། དེ་བཞིན་དུད་འགྲོའམ་མི་རྣམས་ནས་ཚེ་རབས་སྔ་མ་རྣམས་སུ་སྐྱེ་བ་གང་བླངས་ཤིང་། ལས་དང་ལས་ ཀྱི་འབྲས་བུ་གང་ལ་སྤྱད་པའི་བག་ཆགས་འཐུག་པོའི་གོམས་ཤུགས་ཀྱི་མངོན་རྟགས་བཙས་མ་ཐག་ནས་ཀྱང་ཤེས་པ་ནི་སློབ་དཔོན་དཔའ་བོས། བློ་ཡི་མཐུ་སྟོབས་གསལ་བ་མེད་པ་དང་། ། དབང་པོ་རྣམས་ཀྱང་བླུན་པའི་རང་བཞིན་ཅན། །བཙས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར། །ཁ་ཟས་ཟ་བར་རྩོམ་པར་བྱེད་པ་དང་། །ནུ་ཞོ་འཐུང་བར་རྩོམ་པར་བྱེད་པ་ཡང་། །དེ་དག་ཚེ་ རབས་གཞན་ལ་གོམས་པའི་མཐུ། །ཞེས་གསུངས་པས་མཚོན་ནུས་སོ། །ཡང་སེམས་ནི་སྟོང་པ་དངོས་མེད་ཡིན་ལ། དེ་ལ་དགེ་སྡིག་གི་ཕན་གནོད་གང་ཡང་མེད་དོ་སྙམ་ན། འདི་ལྟར་

བསོད་ནམས་ཀྱིས་ཕན་བཏགས་པ་དང་། བསོད་ནམས་མ་ཡིན་པའི་གནོད་པ་མེད་པ་སོགས་ནི་སངས་རྒྱས་ཀྱི་ས་ན་ཡིན་པ་ལས་བདག་གཞན་བཟང་ངན་བདེ་ སྡུག་ལ་སོགས་གཟུང་འཛིན་གཉིས་སྣང་གི་འཁྲུལ་པ་མ་ཟད་པའི་རང་རེ་སེམས་ཅན་རྣམས་ཀྱི་ངོ་ཁ་ན་མིན་ཏེ། ཇི་ལྟར་ན་གནས་ཚུལ་དོན་དམ་པའི་རིག་ངོ་ན་སྟོང་ཡང་སྣང་ཚུལ་ཀུན་རྫོབ་ཀྱི་ ངོས་ནས་ནམ་མཁའ་ལས་སྤྲིན་ནམ། ཆུ་ལས་ཆུ་རླབས་བྱུང་བ་བཞིན་དུ་སྟོང་ཉིད་ཅི་ཡང་མ་ཡིན་པའི་རྩལ་རྟེན་འབྱུང་འགགས་པ་མེད་པའི་ཆོ་འཕྲུལ་དུ་ཅིར་ཡང་ཤར་བའི་ཆོས་རྣམས་ལ་ བདེན་ཞེན་ཡོད་ཀྱི་རིང་ལ་དགེ་སྡིག་གི་ཕན་གནོད་ཀྱང་ཡོད་དེ་ཐེག་ཆེན་ཚུལ་འཇུག་ལས། འདི་ལྟར་ཇི་སྲིད་ཆུ་ཀླུང་གི་གནོད་པ་ཡོད་པ་དེ་སྲིད་དུ། གྲུ་གཟིངས་ཀྱིས་ཀྱང་ཕན་འདོགས་པའི་ བྱ་བ་བྱེད་ལ། ཆུ་ཀླུང་གི་གནོད་པ་དང་བྲལ་ཏེ་སྐམ་ས་ལ་འགྲོ་བ་དེའི་ཚེ་གྲུ་གཟིངས་ཀྱིས་ཀྱང་ཕན་འདོགས་པའི་བྱ་བ་མི་བྱེད་དོ། །དེ་བཞིན་དུ་གནས་ངན་ལེན་གྱི་ལས་ཀྱི་གནོད་པ་ཡོད་པ་དེ་ སྲིད་དུ། བསོད་ནམས་ཀྱི་ལས་ཀྱིས་ཀྱང་ཕན་འདོགས་པར་བྱེད་ལ། གང་གི་ཚེ་གནས་ངན་ལེན་གྱི་གནོད་པ་མེད་པ་དེའི་ཚེ་བསོད་ནམས་ཀྱི་ལས་ཀྱིས་ཀྱང་ཕན་འདོགས་པའང་མེད་དོ། །

གང་ཕན་གནོད་ཐམས་ཅད་དང་བྲལ་བ་དེ་ཉིད་བྱང་ཆུབ་ཅེས་སངས་རྒྱས་ཀྱིས་ཀྱང་གསུངས་ཏེ་འདི་སྐད་དུ། དཔེར་ན་ཆུས་གང་ཆུ་ཀླུང་གི། །ཕ་རོལ་འགྲོ་བའི་འགྲོ་གང་དག །རྩྭ་དང་ཤིང་ ལ་སོགས་བསྡུས་ནས། །ཆུ་ལས་བརྒལ་བའི་གཟིངས་བྱས་ཏེ། །དེ་ལ་འཇུས་ཏེ་ལེགས་བརྒལ་ནས། །བོར་ཏེ་བདེ་བར་འགྲོ་བ་ལྟར། །དེ་བཞིན་འཁོར་བའི་ཕ་རོལ་གྱི། །ཆོས་ཀྱི་ལམ་ནི་ བསྐྱེད་ནས་ཀྱང་། །ཆོས་དང་ཆོས་མིན་རྣམ་སྤངས་ནས། །བྱང་ཆུབ་བདེ་བར་ཐོབ་པ་བཞིན། །ཞེས་གསུངས་པའམ། སྒྱུ་མ་འདྲ་བའི་དངོས་པོ་ཀུན། །འབྱིན་དང་སྡུད་པར་བྱེད་པ་པོ། ། དེས་ན་དེ་ལ་སྡིག་མི་འགྱུར། །བསོད་ནམས་དག་ཀྱང་དེ་བཞིན་ནོ། །གང་ལ་བསོད་ནམས་སྡིག་མེད་པ། །དེ་ལ་བྱང་ཆུབ་རབ་ཏུ་གསུངས། །ཞེས་གསུངས་པ་ལྟ་བུ་ཡིན་ཏེ་ཞེས་འབྱུང་ བས་ཤེས་ལ། འོ་ན་སེམས་ཅན་རྣམས་ནི་རྟག་ཏུ་ལས་དང་ཉོན་མོངས་པའི་རང་བཞིན་ཉིད་ཡིན་པས་དགེ་བ་ཇི་ལྟར་བསྒྲུབ་ཀྱང་འབྲས་བུ་བདེ་བ་ཐོབ་པའི་དུས་དཀའོ་སྙམ་ན། ལོག་ལྟ་ལ་ སོགས་ཉོན་མོངས་རྣམས་རང་གི་ངོ་བོས་གྲུབ་པ་ཞིག་ཡིན་ན་དགེ་བའི་རྩ་བ་བསྐྱེད་པ་སོགས་ལ་འབད་ཀྱང་འབྲས་བུ་བདེ་བ་མི་འབྱུང་བ་བདེན་དུ་རུང་ཡང་། ཉོན་མོངས་རང་གི་ངོ་བོ་རྟག་ཏུ་

ཚུགས་ཐུབ་ཏུ་གྲུབ་པའམ་ཡུལ་ལ་མི་ལྟོས་པ་ཞིག་མ་ཡིན་ཕྱིར་རྒྱུ་ཡང་དག་པའི་ལྟ་བ་ལ་དད་ནས་རྣམ་པར་དཀར་བའི་དགེ་རྩ་ལ་འབད་ན་འབྲས་བུ་བདེ་བ་འབྱུང་ བ་གདོན་མི་ཟ་བ་ནི་དཔེར་ན་རྒྱུ་ས་བོན་རང་གི་ངོ་བོ་བདེན་གྲུབ་ཏུ་ཚུགས་ཐུབ་པ་མེད་པས་འབྲས་བུ་བསྐྱེད་པའི་བྱ་བ་བྱེད་པ་བཞིན་ནོ། །དེ་ཡང་ས་བོན་ཁ་བ་ལས་འབྲས་བུ་ཁ་བ། ས་བོན་ མངར་མོ་ལས་འབྲས་བུ་མངར་མོ་ལ་སོགས་རྒྱུ་རིགས་འདྲ་ལས་འབྲས་བུ་རིགས་འདྲ་འབྱུང་བ་བཞིན་དུ་སྔོན་བསགས་ཀྱི་ལས་བཟང་ངན་གྱི་རྗེས་སུ་རྣམ་སྨིན་གྱི་འབྲས་བུ་བཟང་ངན་ལྟར་ འབྱུང་བ་ནི་རང་རེ་རིགས་མཐུན་མི་གཅིག་ལ་མཚོན་ནའང་ལུས་བདེ་བ་དང་མི་བདེ་བ། དབང་པོ་ཚང་བ་དང་མ་ཚང་བ། གཟུགས་བྱད་མཛེས་པ་དང་མི་མཛེས་པ། གཤིས་བཟང་བ་དང་ མི་བཟང་བ། ནོར་དབུལ་བ་དང་ཕྱུག་པ། གོ་ཐོབ་མཐོ་བ་དང་དམའ་བ། ཚེ་ཐུང་བ་དང་རིང་བ་ལ་སོགས་ལས་ཀྱི་བགོ་སྐལ་སོ་སོ་སོ་སོར་སྤྱོད་པ་འདི་ཁོ་ནས་མཚོན་ནུས་ཏེ་དེའི་ཕྱིར་ཀླུ་ སྒྲུབ་ཀྱིས། དེ་འདྲའི་ས་བོན་ཐམས་ཅད་ལས། །རྒྱུ་དང་འདྲ་བའི་འབྲས་བུ་འབྱུང་། །ས་བོན་མེད་པ་འབྲས་ཡོད་པ། །ཤེས་ལྡན་གང་གིས་སྒྲུབ་པར་ནུས། །ཞེས་གསུངས་ཤིང་།

དེས་ན་རྒྱུ་འབྲས་བུ་ལ་ལྟོས། འབྲས་བུའང་རྒྱུ་ལ་ལྟོས། རྒྱུ་འབྲས་བུར་འཕོ་བ་མེད་ལ། འབྲས་བུ་མ་འགགས་པར་སྨིན་པ་བཞིན་མཐའ་གཉིས་ལ་མི་གནས་པའི་སྟོང་དང་རྟེན་འབྱུང་གི་རྒྱུ་ འབྲས་བསླུ་བ་མེད་པ་ནི། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པ། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པ། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་ སོ། །ལས་ལ་ངོ་བོའི་ཆ་ནས་དབྱེ་བ་དང་། འབྲས་བུ་འཕེན་ཚུལ་གྱི་ཆ་ནས་དབྱེ་བ་དང་། འབྲས་བུ་མྱོང་ཚུལ་གྱི་སྒོ་ནས་དབྱེ་བ་གསུངས་པ་རྣམས་ལ་ཞིབ་ཏུ་མ་བསམ་ན་རྒྱུ་འབྲས་ཀྱི་རྣམ་ དབྱེ་མ་ཤེས་པས་དགེ་སྡིག་ངོ་མི་ཤེས་ལ། དགེ་སྡིག་ངོ་མ་ཤེས་ན་དགེ་བ་རྣལ་མ་ཞིག་མི་འགྲུབ་སྟེ། དེ་ལ་འབྲས་བུ་མྱོང་ཚུལ་གྱི་དབང་དུ་ན། ཚེ་འདི་ལ་སྡིག་པ་ཚབ་པོ་ཆེ་གང་ཞིག་བྱས་ པའི་འབྲས་བུ་ཚེ་འདི་ཉིད་རང་ལ་སྡུག་བསྔལ་མྱོང་བའམ། ཚེ་འདི་ལ་དགེ་བ་རྒྱ་ཆེན་པོ་བསྒྲུབས་པའི་འབྲས་བུ་ཚེ་འདི་ཉིད་རང་ལ་མངོན་མཐོའི་དཔལ་གྱིས་འབྱོར་པ་ལྟ་བུ་མཐོང་ཆོས་མྱོང་ འགྱུར་གྱི་ལས། མཚམས་མེད་ཀྱི་ལས་བསགས་པ་ལྟ་བུ་ཤིན་ཏུ་ཚབ་ཆེ་བའི་ལས་ཀྱི་རྣམ་སྨིན་ངན་པ་སྐྱེ་བ་ཕྱི་མར་ངེས་པ་ཉིད་དུ་མྱོང་ངེས་པ་སྐྱེས་ནས་མྱོང་འགྱུར་གྱི་ལས། དེ་དག་ལས་

སྐྱེ་བ་གཞན་ལ་མྱོང་བའི་ལས་བསགས་པ་ལན་གྲངས་གཞན་དུ་མྱོང་འགྱུར་གྱི་ལས་དང་གསུམ་དུ་གསུངས་ཤིང་། དེ་ཡང་དགེ་སྡིག་གཉིས་ཀྱི་འབྲས་བུ་གང་ལྕི་ བ་སྔོན་དུ་མྱོང་ཞིང་། ལྕི་ཡང་མཉམ་ན་འཆི་ཁའི་མཚམས་སྦྱོར་གང་གིས་ཉེ་བ་དེ་སྔོན་དུ་མྱོང་། མཚམས་སྦྱོར་མཉམ་ན་སྔར་གང་གོམས་ཤུགས་ཆེ་བ་དེ་སྔོན་དུ་མྱོང་ཞིང་། གོམས་ ཤུགས་ཀྱང་མཉམ་ན་སྔོན་དུ་གང་བྱས་པའི་གོ་རིམ་བཞིན་སྔ་ཕྱི་མ་འཆོལ་བར་མྱོང་བར་གསུངས་ཏེ་ཇི་སྐད་དུ། ལས་ཀྱི་འབྲས་བུ་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་གང་། །སྔར་ བྱས་གང་ཡིན་དེ་དག་ནི། །ཐོག་མ་ཉིད་དུ་སྨིན་པར་འགྱུར། །ཞེས་སོ། །མདོར་ན་རྒྱུ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་ལས་ཀྱི་འབྲས་བུ་ངན་སོང་གསུམ། རྒྱུ་བསོད་ནམས་ཆ་མཐུན་ གྱི་དགེ་རྩས་འབྲས་བུ་མངོན་མཐོའི་གོ་འཕང་། རྒྱུ་བྱང་ཆུབ་ཀྱི་ལམ་ལ་ཞུགས་ནས་ཐར་པ་ཆ་མཐུན་གྱི་དགེ་རྩ་བསྐྱེད་པས་འབྲས་བུ་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་འགྲུབ་པས། དེའི་ཕྱིར་ སྟོན་པས་ཀྱང་ཐོག་མ་ཉིད་དུ་གདུལ་བྱ་ཐུན་མོང་གི་སྣང་ངོར་འཁོར་བའི་རྒྱུ་ཀུན་འབྱུང་གི་བདེན་པ་དང་། དེའི་འབྲས་བུ་སྡུག་བསྔལ་གྱི་བདེན་པ། མྱང་འདས་ཀྱི་རྒྱུ་ལམ་གྱི་བདེན་པ་དང་།

དེའི་འབྲས་བུ་འགོག་པའི་བདེན་པ་སྟེ་བདེན་པ་བཞི་ལ་བརྟེན་ནས་རྒྱུ་དང་འབྲས་བུའི་རྣམ་པར་བཞག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པའོ། །དེ་ལྟ་ན་ཇི་སྐད་དུ། ཆོས་རྣམས་ཐམས་ ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་བཞིན་ཉིད་དུ་འགྲུབ། །ཅེས་གསུངས་པའི་དོན་ལ་སྙིང་ནས་ངེས་པ་རྙེད་པར་བྱས་ནས་གང་ མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། ཐ་ན་རླུང་གི་རྫི་ཕྱོགས་རེག་པ་ཙམ་གྱིས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཀྱི་ས་བོན་ཉེ་བར་བསྐྲུན་པའི་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་རི་ མོར་བྱེད་པ། ཕུ་དུད་བྱེད་པ། བསྟི་སྟང་བྱེད་པ། ཕྱག་བྱེད་པ་ལ་སོགས་པར་བརྩོན་པར་བྱས་ན་ལས་འབྲས་བསླུ་བ་མེད་པའི་མཐུ་ལས་འཕྲལ་ཡུན་ཀུན་ཏུ་དོན་དང་ལྡན་པ་ཡིན་ནོ་ཞེས་ འདོམས་ནས་ཕན་ཡོན་དངོས་ལུང་གིས་གསལ་བར་བསྟན་པ་ནི་འཕགས་པ་རྨད་དུ་བྱུང་བའི་མདོ་ལས། ཀུན་དགའ་བོ་འཛམ་བུའི་གླིང་ཡང་ལྟ་ཞོག ཤར་གྱི་ལུས་འཕགས་གླིང་ཡང་ལྟ་ ཞོག ནུབ་ཀྱི་བ་ལང་སྤྱོད་ཀྱང་ལྟ་ཞོག བྱང་གི་སྒྲ་མི་སྙན་ཡང་ལྟ་ཞོག ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་ཅེས་བྱ་བ་ཡང་ལྟ་ཞོག ཀུན་དགའ་བོ། སྟོང་

གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་ བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་གཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་ བས་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་སྐྱུ་རུ་རའི་འབྲུ་ཙམ་དུ་བྱས་ལ། ཁབ་ཙམ་གྱི་སྲོག་ཤིང་ བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུང་འབྲུ་ཙམ་གྱི་རིང་བསྲེལ་བཙུགས་ན་དེ་ནི་དེ་བས་བསོད་ནམས་ཆེའོ། ། ཞེས་དང་། ཕན་ཡོན་བཅོ་བརྒྱད་ཐོབ་པར་ཡང་གསུངས་ཏེ་ཇི་སྐད་དུ། ལས་རྣམ་པར་འབྱེད་པའི་མདོ་ལས། བྲམ་ཟེ་ཁྱེའུ་ནེ་ཙོ་ལ་བཀའ་བསྩལ་པ། དེ་བཞིན་གཤེགས་པའི་མཆོད་རྟེན་ བཞེངས་པའི་ཕན་ཡོན་བཅོ་བརྒྱད་ཡོད་དེ། བཅོ་བརྒྱད་པོ་གང་ཞེ་ན། རྒྱལ་པོའི་ཁྱིམ་དུ་སྐྱེ་བ་དང་། གཟུགས་བཟང་བ་དང་། མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་དང་། རྟེན་དུ་

འགྱུར་བ་དང་། ཕྱོགས་བཅུར་བརྗོད་པ་དང་། སྒྲ་དང་ཚིགས་སུ་བཅད་པ་རྒྱ་ཆེན་པོར་མངོན་དུ་འབྱུང་བར་འདོད་པ་དང་། ལྷ་དང་མིས་མཆོད་པར་འགྱུར་བ་དང་། ནོར་མང་པོ་དང་ལྡན་ པར་འགྱུར་བ་དང་། ཚེ་དང་ལྡན་པར་འགྱུར་བ་དང་། ལུས་རྡོ་རྗེའི་ཚོགས་ལྟར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་ སྟེ། བཅོ་བརྒྱད་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་བཞེངས་པའི་ཕན་ཡོན་ཡིན་ནོ། །ཞེས་དང་། ཆོ་འཕྲུལ་རྣམ་པར་བསྟན་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་མང་ངོ་། །སེམས་ཅན་རྣམས་ཀྱི་བསམ་ པ་ཇི་ལྟ་བུ། ཇི་ལྟར་འདུལ་བ་དང་། དགེ་བའི་རྩ་བ་ཇི་ལྟ་བུ་དང་། སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་ཀྱི་སྤྱོད་པ་མཁྱེན་ནས་ཆོས་སྟོན་ཏེ། སེམས་ཅན་ཁ་ཅིག་ནི་བྱང་ཆུབ་སེམས་ དཔས་འདུལ། ཁ་ཅིག་ནི་ཉན་ཐོས་ཀྱིས་འདུལ། ཁ་ཅིག་ནི་རང་སངས་རྒྱས་ཀྱིས་འདུལ། ཁ་ཅིག་ནི་ལྷས་འདུལ། ཁ་ཅིག་ནི་བརྒྱ་བྱིན་གྱིས་འདུལ། ཁ་ཅིག་ནི་ཚངས་པས་འདུལ།

ཁ་ཅིག་ནི་ཀླུས་འདུལ། ཁ་ཅིག་ནི་རྫུ་འཕྲུལ་ཆེན་པོས་འདུལ། ཁ་ཅིག་ནི་རྒྱལ་པོས་འདུལ། ཁ་ཅིག་ནི་ཏིང་ངེ་འཛིན་གྱིས་འདུལ། ཁ་ཅིག་ནི་ཆོས་ཉན་པས་ འདུལ། ཁ་ཅིག་ནི་ཆོ་འཕྲུལ་གྱིས་འདུལ། ཁ་ཅིག་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པས་འདུལ། ཁ་ཅིག་ནི་རིང་བསྲེལ་གྱིས་འདུལ། ཁ་ཅིག་ནི་མཆོད་རྟེན་བྱེད་དུ་འཇུག ། གཙུག་ལག་ཁང་དང་། སྐྱེད་མོས་ཚལ་བྱེད་དུ་གཞུག་པའི་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་སྐུ་གཟུགས་བྱེད་དུ་གཞུག་པ་དང་། རི་མོ་དང་། གསེར་དང་། དངུལ་དང་། ར་གན་གྱིས་སྐུ་གཟུགས་བྱེད་དུ་གཞུག་པའི་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་དགེ་སློང་གི་དགེ་འདུན་ལ་མཆོད་པ་དང་བཀུར་བསྟི་བྱ་བའི་དགེ་བའི་རྩ་བར་ སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་མདོ་སྡེ་འབྲི་བ་དང་། འབྲིར་གཞུག་པ་དང་། བཀླག་པ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་མར་མེ་དང་། སྤོས་དང་། མེ་ཏོག་དང་དྲི་དང་ཕྲེང་ བ་དང་དོ་ཤལ་ལ་སོགས་པས་བརྒྱན་པ་ལ་སྤྲོ་བ་བསྐྱེད་པས་འདུལ་བ་ཡིན་ཏེ་ཞེས་དང་བསླབ་བཏུས་ལས། མི་མཇེད་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་འདོད་ཡོན་ལྔའི་སྦྱིན་

པ་བྱིན་པ་ལས། དགེ་བསྙེན་རྣམ་དག་གཅིག་ལ་བསྙེན་བཀུར་བ་བསོད་ནམས་ཆེས་ཁྱད་པར་འཕགས་སོ། །དེ་ཐམས་ཅད་ལས་ནི་དགེ་ཚུལ་གཅིག་ལའོ། །དེ་ཐམས་ཅད་ལས་ནི་དགེ་སློང་གཅིག་ལའོ། ། དེ་ཐམས་ཅད་ལས་ནི་རྡོ་རྗེ་འཛིན་པ་གཅིག་ལའོ། །དཔེ་གཅིག་ཏུ་ཚིག་རྐང་གཉིས་ལྷག་མཆན། དེ་ཐམས་ཅད་བསྙེན་བཀུར་བ་ལས་ནི་སྐུ་གཟུགས་མཚན་ཉིད་དང་ལྡན་པ་མཚོན་གང་པ་ཞིག་བཞེངས་པ་བསོད་ནམས་ཆེས་ ཁྱད་པར་འཕགས་སོ། །ཞེས་སོགས་གསུངས་སོ། །འོ་ན། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་ མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཞེས་གསུངས་པ་མ་ཡིན་ནམ་སྙམ་ན། ཆོས་ཉིད་ཀྱི་ངོ་བོ་ཅིར་ཡང་མ་གྲུབ་པ་སྟོང་པའི་ཡེ་ཤེས་ཀྱི་ཆ་ ནས་དེ་ལྟར་ཡིན་ཀྱང་། སྟོང་པའི་རང་གདངས་མ་འགགས་པ་རང་བཞིན་གསལ་བའི་ཡེ་ཤེས་ཅིར་ཡང་འཆར་བའི་ཆ་ནས་གཟུགས་སྐུ་འབྱུང་སྟེ། དྲང་སྲོང་ཆེན་པོ་གང་ལ་ལ་ཞིག་ བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ད་ལྟ་བཞུགས་པ་ལ་མཆོད་པ་བྱེད་པ་དེའི་ཕན་ཡོན་རྣམས་ནི་མཚུངས། མཉམ་ཞིང་འདྲའོ་ཞེས་ང་འཆད་དོ། །དེའི་ཅིའི་ཕྱིར་ན།

དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་མིན་གྱི། གཟུགས་ཀྱི་སྐུས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །གང་ལ་ལ་ཞིག་ང་འདུག་པའམ། ཡོངས་ སུ་མྱ་ངན་ལས་འདས་པ་ལ་མཆོད་ན་སེམས་མཚུངས་པའི་ཕྱིར་འདི་གཉིས་ལ་བསོད་ནམས་ཀྱི་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །ཞེས་དང་། བཀའ་འཁོལ་མར་བཅོམ་ལྡན་འདས་ཀྱིས་ བཀའ་བསྩལ་པ། ང་ཡི་འཁོར་ནི་རྣམ་བཞི་ཡི། །ད་ལྟ་ང་ལ་མཆོད་བྱས་དང་། །མ་འོངས་པ་ན་དད་པ་ཡི། །གཟུགས་བརྙན་རྣམས་ནི་མཆོད་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། ། བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །ཅེས་ཏེ་སངས་རྒྱས་བྱིན་རླབས་ཏེ། །སོ་སོ་སྐྱེ་བོས་ཤེས་མ་གྱུར། །དེ་ཕྱིར་སངས་རྒྱས་མ་བྱོན་པའི། །ཞིང་ན་སྐུ་གཟུགས་ཡོད་མིན་ཞིང་། ། མཐའ་འཁོབ་ཀླ་ཀློ་རྣམས་ན་མེད། །བསྟན་པ་ནུབ་ན་ཡོད་མིན་ཞིང་། །མུ་སྟེགས་བྱོལ་སོང་སོགས་མི་མཐོང་། །དེ་ཕྱིར་སྐུ་གཟུགས་སྤྲུལ་པ་ཡིན། །ཞེས་དང་། དེ་བཞིན་དུ་ཆོས་དཀོན་ མཆོག་གི་རྟེན་ལའང་འདྲ་བར་གསུངས་ཏེ་ཕལ་ཆེན་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ནི་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །

ཞེས་སོགས་གསུངས་པས་ཤེས་ལ། སེམས་དང་བས་ལྟ་ཅི་སྨོས། ཉོན་མོངས་པའི་ཚོར་བས་འཁྲུགས་བཞིན་དུ་རྒྱལ་བའི་རྟེན་ལ་མཇལ་ཡང་དོན་དང་ལྡན་པར་གསུངས་ཏེ་དམ་ཆོས་པདྨ་ དཀར་པོ་ལས། བདེ་གཤེགས་སྐུ་ནི་རྩིག་ངོས་བྲིས་པ་ལ། །དང་བའི་སེམས་ཀྱིས་ཐལ་མོ་སྦྱར་བའམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །འཁྲུགས་བཞིན་པ་ཡི་སེམས་ཀྱིས་ བལྟ་ན་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །ཞེས་དང་། གཞན་ཡང་སྐུ་རྒྱུ་བཟང་ལ་ཡེ་ཤེས་སེམས་དཔའ་བྱིན་རླབས་ཅན་བཞུགས་ཤིང་། ཆ་ཚད་རབ་གནས་སོགས་ ལྡན་པའི་རྒྱལ་བའི་སྐུ་གསུང་ཐུགས་རྟེན་རྣམས་ལ་དད་པས་མཆོད་ན་བྱིན་རླབས་འཇུག་པ་སྨོས་ཅི། སྐུ་རྒྱུ་ངན་ཞིང་ཆ་ཚད་སོགས་ཚུལ་བཞིན་མི་ལྡན་པ་ལྟ་བུར་སྣང་ཡང་རུང་སྟེ་རྒྱལ་བའི་ གསང་བ་གསུམ་གྱི་རྟེན་ཞིག་ཡིན་ཕྱིན་དད་པས་བཞེངས་པའམ་མཆོད་ན་ཕན་ཡོན་ཐོབ་པར་གསུངས་ཏེ་དམ་པའི་ཆོས་པདྨ་དཀར་པོ་ལས། གང་གིས་མཆོད་རྟེན་རྡོ་ལས་བྱས་པ་དང་། ། གང་གིས་ཨ་ཀ་རུ་དང་ཙནྡན་ནམ། །གང་གིས་སྨན་ཤིང་མཆོད་རྟེན་བྱས་པ་དང་། །ལ་ལས་ཤིང་ངམ་གཞན་ལ་བྱས་པ་དང་། །ས་དང་སོ་ཕག་ལ་ནི་སོགས་པ་ཡིས། །རྒྱལ་བའི་མཆོད་

རྟེན་དགའ་ཞིང་བྱས་པ་དང་། །དེ་བཞིན་ས་རྡུལ་ཕུང་པོ་དག་ལས་ཀྱང་། །མྱ་ངམ་དགོན་པ་དག་ཏུ་བྱས་པ་དང་། །བྱིས་པའི་རྩེད་མོར་དེ་དང་དེ་དག་ཏུ། ། གང་གིས་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོར་བྱས་པ་དང་། །གཞན་དག་གཟུགས་བརྙན་དག་ཏུ་འབྲི་བྱེད་པ། །དེ་རྣམས་ཀྱིས་ནི་བྱང་ཆུབ་འཐོབ་པར་འགྱུར། །ལ་ ལས་དེ་བཞིན་རིན་ཆེན་གཟུགས་བྱས་ལ། །སུམ་ཅུ་རྩ་གཉིས་མཚན་དང་ལྡན་པའི་གཟུགས། །གང་གིས་དེ་ཕྱིར་བྱས་པ་དེ་དག་ལ། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། ། ལ་ལས་དེ་ནི་རིན་ཅེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་དང་འཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་པ། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། ། རོ་ཉེ་དང་ནི་ལྕགས་སམ་ས་ཡང་རུང་། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ཏེ། །ལྟ་ན་སྡུག་པ་འཇིམ་པ་ལ་བྱེད་བཅུག །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། ། གང་གིས་རྩིག་ངོས་གཟུགས་ཀྱི་རི་མོ་དང་། །བསོད་ནམས་རྒྱ་ཆེན་ཡོན་ཏན་རྫོགས་པའི་སྐུ། །གང་གིས་བྲིས་སམ་འབྲི་རུ་བཅུག་ཀྱང་རུང་། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་

འགྱུར། །སྐྱེས་བུ་རྒན་ནམ་འོན་ཏེ་གཞོན་ཡང་རུང་། །གང་དག་ལ་ལ་དེ་ན་སློབ་པའི་ཚེ། །རྩེད་མོ་དག་དང་གསང་བ་བྱེད་པ་ན། །རྩིག་ངོས་སེན་མོ་ཤིང་བུས་གཟུགས་བྲིས་པ། །དེ་དག་ ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །ཞེས་དང་། བཤེས་སྤྲིངས་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། ། ཅེས་སོགས་གསུངས་པས་ཤེས་ལ། དེ་བཞིན་ལྟ་བ་མཐོ་མཐོ་མོའི་མཚན་མ་མེད་པའི་ཉམས་ལེན་གཞན་བྱ་རྒྱུ་མ་བྱུང་ནའང་དེ་བཞིན་གཤེགས་པའི་སྐུ་བརྙན་ལ་དྲི་མ་མེད་པའི་སེམས་ཀྱིས་རྩེ་ གཅིག་ཏུ་མཇལ་བར་བྱས་ན་མཉམ་བཞག་ཏུའང་འགྲོ་སྟེ་འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱི། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། ། དམིགས་པ་དེ་ལ་གང་གིས་སེམས་འཇོག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་བཞག་ཅེས་བྱ། །ཞེས་དང་། ཡེ་ཤེས་རྒྱས་པ་ལས། གང་གིས་རྒྱལ་བའི་དཀྱིལ་འཁོར་མཆོག ཐིག་དང་ཚོན་གྱིས་འབྲི་བྱེད་པ། །ཕྱོགས་བཅུའི་སངས་རྒྱས་ཞིང་རྣམས་ཀུན། །རིན་ཆེན་བདུན་སྦྱིན་བསོད་ནམས་ལས། །དེ་ཡི་ཕུང་པོ་དཔག་ཏུ་མེད། །ལས་རྣམས་འགྲུབ་ཅིང་རྒྱལ་བས་

དགོངས། །དཀྱིལ་འཁོར་བསམ་ཡས་མཐོང་བར་འགྱུར། །ཞེས་སོ། །དེ་ཡང་ཐོག་མེད་ནས་ད་ལ་ཐུག་གི་བར་དུ་མ་རིག་པའི་སྨྱོ་ཆུ་བཏུང་བཏུང་བར་འཁོར་ བ་ན་གནས་པའི་རང་རེ་སེམས་ཅན་རྣམས་ཀྱིས་ནི་ལས་འདི་མ་བསགས་བྱ་བ་མེད་ཅིང་། རང་རེས་མི་དྲན་པ་མ་གཏོགས་སྐྱེ་བ་སྔོན་རོལ་མང་པོར་མཚམས་མེད་ཀྱི་ལས་ཀྱང་ལན་གྲངས་ མང་པོར་བསགས་ཡོད་པ་གོར་མ་ཆག་ལ། དེས་ན་དེ་དང་དེ་དག་གིས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་ལ་བར་དུ་གཅོད་པ་ཡིན་གཤིས་རང་དྲིན་རང་ལ་ཆེ་བར་འདོད་པ་དག་གིས་ནི་སྒྲིབ་ པ་སྦྱོང་བའི་ཐབས་སུ་བརྩོན་པ་ཁོ་ན་གལ་ཆེ་ཞིང་། དེ་ཡང་ལེགས་བཤད་ལས། ངན་སོང་གསུམ་གྱི་སྡུག་བསྔལ་ནི། །མ་བྱུང་བ་ནས་གསོ་བར་བྱ། །གནམ་ལྕགས་མགོ་ལ་བབས་པ་ ལྟར། །ཐོག་ཏུ་བབས་ན་ཅི་བྱར་ཡོད། །ཅེས་དང་། ཨོ་རྒྱན་ཆེན་པོས། མཚན་བྱང་མགོ་ལ་དབང་བསྐུར་བཞག་དུས་ཕྱིས། །མཐོ་རིས་དྲན་ཏེ་དེ་ལ་དཀའ་ལས་ཡོད། །ཅེས་སོགས་ གསུངས་པ་དྲན་པར་བྱས་ནས་དུས་བརྒྱ་ཟ་མ་ལན་གཅིག་གི་དཔེ་བཞིན་དལ་འབྱོར་མི་ལུས་ལན་གཅིག་ཐོབ་ཅིང་། རང་ལ་རང་དབང་ཡོད་པའི་དུས་སུ་རང་གི་འཁོས་ཀ་དང་འཚམས་པའི་

ཚོགས་བསགས་སྒྲིབ་སྦྱོང་ལ་ཅི་ནས་ཀྱང་བརྩོན་པ་གལ་ཆེ་སྟེ། དེ་ཡང་མདོ་རྒྱུད་རྣམས་ནས་སྒྲིབ་པ་སྦྱོང་བའི་ཐབས་ཇི་སྙེད་ཅིག་གསུངས་པ་ལས་ཀུན་ལས་མཆོག་ཏུ་གྱུར་པ་ཞི་ཁྲོ་ན་རཀ་ དོང་སྤྲུགས་ཀྱི་མན་ངག་ལྟར་ཕྱི་ཡོ་བྱད་ཚོགས་ཀྱི་བསྐང་བཤགས། ནང་ཕུང་པོ་རྟེན་གྱི་བསྐང་བཤགས། གསང་བ་བྱང་ཆུབ་སེམས་ཀྱི་བསྐང་བཤགས་གསུམ་ལ་བརྩོན་དགོས་པར་ གསུངས་ལ། དེ་ལྟ་བུའི་གནས་ལ་བརྩོན་པའི་བསྐྱེད་རྫོགས་ཀྱི་གནད་མ་ཤེས་པ་རྣམས་ནས་རང་གིས་ཡོན་སྦྱར་ཏེ་གང་ཟག་ཁྱད་པར་ཅན་གཞན་ལ་བྱེད་དུ་འཇུག་ཀྱང་རུང་གཤིས་དུས་གཏན་ དུ་མ་འགྲུབ་ནའང་ཉ་སྟོང་ཆོས་བརྒྱད་ལ་སོགས་དུས་བཟང་རྣམས་སུ་རྟེན་ཁྱད་པར་ཅན་འདི་ལྟ་བུ་བཞུགས་པ་རྣམས་ཀྱི་སྤྱན་སྔ་ན་ངེས་པར་བསྒྲུབ་དགོས་ཤིང་། གང་དག་འབྱོར་འཁོས་ དམན་པས་དེ་ལྟར་བསྒྲུབ་རྔོ་ཐོགས་པ་མ་བྱུང་ནའང་ཞི་ཁྲོའི་རྟེན་བྱིན་རླབས་ཅན་དག་གི་དྲུང་དུ་སྡིག་ལྟུང་ལ་སྙིང་ནས་འགྱོད་པ་དྲག་པོས་ཕྱག་དང་བསྐོར་བ་ལ་བརྩོན་ན་ཕན་ཡོན་ཆེས་ཆེ་བ་ཐོབ་ སྟེ། གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆག་ཀུན་ཀྱང་བྱང་འགྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱང་། །ན་རཀ་གནས་ཀྱང་དོང་སྤྲུགས་

ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་དང་། གདན་བཞིའི་བཤད་རྒྱུད་ལས། མཚམས་མེད་ལྔ་ཡི་ལས་ཅན་ཡང་། །ཚོན་རྩི་མཐོང་བས་རྣམ་ པར་གྲོལ། །ཞེས་སོ། །དེ་ལྟ་བུའི་མཚམས་མེད་ཀྱི་ལས་བསགས་པ་ལྟ་བུའང་འབྱུང་བར་གསུངས་པ་མི་བདེན་ནོ་སྙམ་དུ་མི་བསམ་པར་འོག་ནས་འབྱུང་བའི་གླེང་གཞིའི་སྐབས་ཀྱི་ལོ་རྒྱུས་ ལ་བརྟེན་ནས་ཡིད་ཆེས་པའི་གནས་སུ་བཟུང་བར་བྱ་ཞིང་། དེ་ཡང་དགོངས་འདུས་རྣམ་བཤད་དུ་དྲངས་པ་འདི་ལྟར་ཏེ། འདོད་ཁམས་ཀྱི་གནས་རིགས་འདི་ན༔ བྲམ་ཟེ་དུང་གི་ཕྲེང་བ་ ཅན་ཞེས་བྱ་བ༔ གོས་སུ་དུང་གི་ཕྲེང་བ་གྱོན་པ་རྫུ་འཕྲུལ་དང་ལྡན་པ་ཞིག་ལ༔ སློབ་མ་རྒྱལ་པོའི་ཕྲུག་གུ་ཞིག་ཡོད་པ་ལ༔ བྲམ་ཟེས་སློབ་སྦྱོང་རྫོགས་པར་བྱས་ཏེ༔ རིག་པའི་གནས་ལྔ་ ལ་མཁས་པ་གྱུར་པ་དང་༔ རྒྱལ་པོའི་ཕྲུག་གུས་བསམས་པ་ལ༔ ངའི་གོང་ན་བྲམ་ཟེ་འདི་མ་གཏོགས་པ་གཞན་མེད་པས༔ འདི་ངའི་གོང་དུ་མི་བཏང་ངོ་སྙམ་སྟེ༔ བྲམ་ཟེ་ལ་རྒུན་ཆང་ བླུད་ནས༔ ར་རོ་བ་དང་བརྒྱལ་བ་ལ༔ མིག་ཁབ་ཀྱིས་གཙགས༔ ལྕེ་ལྕགས་ཀྱུས་དྲངས་ཏེ་བཅད༔ ལུས་རུས་སྦལ་གྱི་ཁྲག་གིས་བྱུགས༔ བུད་མེད་མང་པོས་ཀྱང་ལུས་བརྫིས༔

སྒྱིད་པ་ཡང་བཅད་དེ་བཞག་པ་ལས༔ ནངས་པར་བྲམ་ཟེ་དྲན་པ་བག་ཅིག་རྙེད་ནས༔ མིག་ཕྱེ་བས་ཀྱང་ལོང་ནས་མེད༔ དྲུང་ན་སུ་འདུག་འབོད་པར་བྱས་པས་ཀྱང་ལྕེ་མེད༔ ལངས་ ནས་འགྲོ་བར་བྱས་པས་ཀྱང་སྒྱིད་པ་བཅད་པ་དང་༔ བུད་མེད་མང་པོས་ལུས་བརྫིས་པས་ཀྱང་འགུལ་བར་མ་ནུས༔ ལུས་རུས་སྦལ་གྱི་ཁྲག་གིས་བྱུགས་པས་ཀྱང་ཆུ་བུར་དང་རྐོང་པོ་མང་ དུ་བྱུང་སྟེ་ལུས་ཀྱང་འཁུམས༔ དྲན་པ་ཡང་ཉམས་པ་སྙམ་བྱེད་དོ༔ དེ་ནས་བྲམ་ཟེའི་བསམས་པ་ལ་བདག་འདི་ལྟར་ཉོན་མོངས་པར་གྱུར་པ༔ ཚེ་རབས་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ ཞིག་ཡིན་ནམ༔ འོན་ཏེ་ཕྲག་དོག་གི་གོང་དུ་ཤོར་བ་ཞིག་གིས་བྱས་སམ་བརྟགས་པས༔ སློབ་མ་རྒྱལ་པོའི་ཕྲུག་གུས་བྱས་པར་རིག་ནས༔ བྲམ་ཟེས་དམོད་བོར་བ༔ རྒྱལ་པོའི་ཕྲུག་གུ་ ཁྱོད་ངས་སློབ་སྦྱོང་རྫོགས་པར་བྱས་ནས་ང་ལ་འདི་འདྲ་བའི་ལས་ངན་བྱེད༔ ཁྱོད་ཀྱང་སྲོག་གི་ལན་ཆགས་ཞིག་གིས་ཚེ་ཐུང་ལ༔ སེམས་ཅན་ལུས་སྲུལ་པོ་ཞིག་ཏུ་སྐྱེས་ལ༔ དེའི་ལུས་ ལ་ཡང་མིག་མེད་པ་དང་༔ ལྐུགས་པ་དང་༔ མཛེ་དང་༔ ཤུ་བ་དང་༔ ལུས་ལ་ཤ་ཟ་མོ་སྟོང་གི་ཚང་འཆའ་བ་དང་༔ རྐང་པ་ཆད་པ་དང་༔ ཚེ་འཕོས་ནས་ཀྱང་དམྱལ་ཁམས་བཅུ་

དུག་གི་ཁ་འཁོར་ནས༔ ཐར་བའི་དུས་མེད་པར་གྱུར་ལ༔ ཚེ་རབས་ཐམས་ཅད་དུ་འཕགས་པའི་ཞལ་ཉི་ཟེར་ཙམ་ཡང་མི་མཐོང་ཞིང་༔ བྱང་ཆུབ་ཀྱི་མྱུ་གུ་ བསྐམ་པར་གྱུར་ཅིག༔ ཅེས་དམོད་བོར་བས༔ བྲམ་ཟེ་ཉིད་ཀྱི་ངན་སེམས་ཀྱིས་དམོད་པས༔ དུར་ཁྲོད་ཀྱི་ཤན་པ་ཁྲ་མགོ་དཀར་པོ་ཞིག་ཏུ་སྐྱེས་སོ༔ དེའི་མོད་ལ་རྒྱལ་པོའི་ཕྲུག་གུ་དེ་ ཡང་ཤི་བར་གྱུར་ཏེ༔ བྲམ་ཟེའི་རིགས་ལ་བུ་ལ་དུང་བ་ཞིག་ཏུ་སྐྱེས་སོ༔ བུ་འདོད་པའི་དོན་དུ་མོ་དང་ཕྱ་དང་པྲ་ལ་སོགས་པ་བྱས་ཏེ༔ ལན་ཆགས་ཀྱི་དབང་གིས༔ དུར་ཁྲོད་ཀྱི་ཤན་པ་ ཁྲ་མགོ་དཀར་པོ་ཞིག་ཡོད་དེ༔ དེ་ཚེ་འཕོས་ནས་བུར་སྐྱེ་བར་མཐོང་ངོ་༔ ལོ་མང་དུ་ལོན་པ་དང་ཕ་བྱུང་ནས་བྱ་བ་མང་པོ་བསགས་ནས་བསད་པས༔ བུར་སྐྱེས་པ་ལས་བུ་དེའི་མགོ་ལ་ ལྕགས་ཀྱི་འཛེར་པ་ཞིག་སྐྱེས་ཏེ༔ སྤྱི་བོ་ནས་མཆེད་པས་ཐོད་པ་ཇི་བཞིན་ཁེབས་ཏེ༔ མདངས་ཡང་ཤོར༔ སྐྱེད་ཡང་མེད་དོ༔ མོ་བདར་བྱས་པས་རིམ་གྲོས་མ་ཕན་ཏེ༔ ཕས་ལན་ ཆགས་ཀྱི་དབང་གིས་མ་བཟོད་དེ༔ ལྕེས་བལྡག་པས་ཆུང་ངུ་སོང་དེ༔ མདངས་དང་ཡང་ཤིན་ཏུ་ལྡན༔ སྐྱེད་ཀྱང་ཤིན་ཏུ་ཆེ་བར་གྱུར་ཏེ༔ བུ་དེའི་མིང་བྲམ་ཟེ་མི་ཡི་ཐོད་པ་ཅན་ཞེས་

གྲགས་སོ༔ དེ་ནས་འཛེར་པ་ཟད་པ་དང་ཕ་ལྕེ་རྡོལ་ཏེ་ཤི་བར་གྱུར་ཏོ༔ རང་གིས་ཉེས་བྱས་དང་བྲམ་ཟེའི་དམོད་པས༔ སེམས་ཅན་གྱི་ནང་ན་ཡང་ལུས་སྲུལ་པོ་གཅེར་བུ་ཅན་བྱ་བར་སྐྱེས་ ནས༔ ལུས་ལ་ནད་སྣ་ཚོགས་དང་༔ ཤ་ཟ་མོ་སྟོང་གི་ཚང་འཆའ་བ་དང་༔ བྱང་ཆུབ་ཀྱི་མྱུ་གུ་སྔོ་བསྐམས་སུ་གྱུར་ཏེ༔ འགྲོ་བ་རིགས་དྲུག་གི་ལུས་དང་༔ སྡུག་བསྔལ་དུས་གཅིག་ཏུ་ མྱོང་ནས༔ ཤིན་ཏུ་སྡུག་བསྔལ་བར་གྱུར་ཏོ༔ དེ་ནས་ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཡེ་ཤེས་ལས་ཐུགས་རྗེ་བྱམས་པས་འགྲོ་བའི་དོན་མཛད་དེ༔ བདེ་བར་གཤེགས་ པ་རྣམས་ཀྱི་ཐུགས་ཀྱིས་སྤྲུལ་པ་ལས༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་༔ ཀུན་རིག་རྣམ་པར་སྣང་མཛད་གཉིས་སུ་སྤྲུལ་ཏེ༔ ཀུན་ཏུ་བཟང་པོའི་བྱིན་རླབས་ལས་རྡོ་རྗེ་ སེམས་དཔར་སྤྲུལ་ཏེ༔ རྣམ་པར་སྣང་མཛད་ཀྱི་བྱིན་རླབས་ལས༔ ཕྱག་ན་རྡོ་རྗེར་སྤྲུལ་ནས༔ ཀུན་ཏུ་བཟང་པོ་དང་ཀུན་རིག་གིས༔ རྡོ་རྗེ་སེམས་དཔའ་དང་ཕྱག་རྡོ་རྗེ་ལ་བཀའ་སྩལ་པ༔ འདོད་ཁམས་ཀྱི་གནས་རིགས་མ་གི་ན༔ སློབ་མས་སློབ་དཔོན་ལ་ཉེས་པ་བྱས་པའི་རྣམ་སྨིན་ནི༔ སེམས་ཅན་ལུས་སྲུལ་པོ་གཅེར་བུ་ཅན་བྱ་བ་ཞིག༔ སྡུག་བསྔལ་སྣ་ཚོགས་ཀྱིས་

།གདུངས་ནས༔ བྱང་ཆུབ་ཀྱི་མྱུ་གུ་བསྐམས་ཏེ༔ ཚེ་འཕོས་ནས་ཀྱང་དམྱལ་ཁམས་བཅུ་དྲུག་ལས་མི་ཐར་བས༔ དེ་ལས་ཁྱེད་གཉིས་ཀྱིས་ལྡོག་ཅིག༔ དེ་ལས་མ་ལྡོག་ན་ལས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་ངན་སོང་དུ་ལྟུང་བ་ནི་སླར་ཡང་ཐར་སྲིད་ཀྱི༔ སློབ་དཔོན་ལ་སློབ་མས་ཉེས་པ་བྱས་པའི་རྣམ་སྨིན་ནི༔ ཐར་པའི་དུས་མེད་དོ༔ ཞེས་བཀའ་སྩལ་པ་དང་༔ དེ་ནས་རྡོ་རྗེ་སེམས་དཔའ་དང་ལག་ན་རྡོ་རྗེས་གསོལ་པ༔ འདུལ་བའི་དུས་ལ་བབ་ན་བདག་གིས་ལྡོག་པའི་ཐབས་བསྟན་དུ་གསོལ༔ ཞེས་ཞུས་པས༔ ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ༔ རིགས་ཀྱི་བུ་རྣལ་འབྱོར་གྱི་སྤྱི་ཁྲུས་ན་རཀ་དོང་སྤྲུགས་འགྱོད་ཚངས་ཀྱི་རྒྱལ་པོ་སེམས་ཅན་དེ་ཡི་རྣ་བར་སྒྲོགས་ལ༔ ལུས་ངག་ཡིད་གསུམ་གྱི་ སྒོ་ནས་འགྱོད་ཚངས་བྱེད་དུ་ཆུག་ལ་ལྡོག་ཅིག༔ ཀུན་རིག་རྣམ་པར་སྣང་མཛད་ཀྱིས་ལག་ན་རྡོ་རྗེ་ལ་རིགས་ཀྱི་བུ་ཕྱི་ནང་གསང་བ་གསུམ་གྱི་དབང་བསྐུར་ལ་ལྡོག་ཅིག༔ ཅེས་བཀའ་སྩལ་པ་ དང་༔ དེ་ནས་དཔལ་རྡོ་རྗེ་སེམས་དཔའ་དང་ལག་ན་རྡོ་རྗེས༔ བྲམ་ཟེ་མི་ཡི་ཐོད་པ་ཅན་དང་༔ སེམས་ཅན་ལུས་སྲུལ་པོ་དེ་ཡི་གམ་དུ་བྱོན་ནས༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔

བྲམ་ཟེ་མི་ཡི་ཐོད་པ་ཅན་དང་༔ སེམས་ཅན་ལུས་སྲུལ་པོ་ཁྱེད་གཉིས༔ སྔོན་ཚེ་ཡང་སྔ་ལ་སློབ་དཔོན་དང་སློབ་མ་དམ་ཚིག་ཉམས་པ་བསྐལ་པའི་མཐར་སྡུག་བསྔལ་ལས་མི་ཐར་བས༔ བཤགས་ཚངས་གྱིས་ཤིག་ཅེས་བཀའ་སྩལ་པ་དང་༔ བྲམ་ཟེ་མི་ཡི་ཐོད་པ་ཅན་གྱིས༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དང་༔ ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ༔ བདག་ཅག་རྣམས་ལ་ཉེས་པ་ལས་བཤགས་ཐབས་བསྟན་དུ་གསོལ༔ ཞེས་གསོལ་བ་དང་༔ ལག་ན་རྡོ་རྗེས་རིམ་པ་བཞིན་དུ་དབང་བསྐུར་བས༔ བྱང་ཆུབ་ཀྱི་མྱུ་གུ་སྔོ་བསྐམས་སླར་ གསོས་ཏེ༔ བྲམ་ཟེ་མི་ཡི་ཐོད་པ་ཅན་དང་༔ སེམས་ཅན་ལུས་སྲུལ་པོ་དང་༔ ཕྱོགས་བཅུའི་གསང་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་ཕོ་མོ་རྣམས༔ ཀུན་གཞི་བྱང་ཆུབ་སེམས་དང་ འཕྲད་པར་བྱས་ཏེ་འབད་པས༔ མཇུག་རིག་འཛིན་རྣམ་པ་ལྔ་རིམ་གྱིས་བགྲོད་པར་གྱུར་ཏོ༔ ཞེས་འབྱུང་བ་ལ་ཡིད་ཆེས་རྙེད་པར་བྱའོ། །ཁྱད་པར་དགོངས་འདུས་འདི་ཉིད་ཡུལ་སྤྱི་དང་། བྱེ་བྲག་གོང་དུ་རིག་འཛིན་སངས་རྒྱས་གླིང་པའི་ལོ་རྒྱུས་སྐབས་དྲངས་པ་ལྟར་ལྷོ་ལྗོངས་འདི་ཉིད་ཟབ་ཆོས་འདི་ཉིད་ཀྱི་གདུལ་ཞིང་དུ་གྱུར་པ་སྟེ་གཏེར་གཞུང་ལས། བསྟན་པ་འདི་འཕེལ་

ཕྱོགས་ལ་རྣམ་པ་གཉིས༔ སྤྱིར་ནི་སྔགས་ཀྱི་བསྟན་པ་དར་བའི་ཕྱོགས༔ ཁྱད་པར་ལྷོ་རོང་མཐའ་ཁོབ་མདོ་ཁམས་དང་༔ མེ་ཉག་ལི་ཡུལ་དབུས་སྡེ་གཙང་ རོང་དང་༔ ལེ་ལེ་རུ་བཞིའི་ཡུལ་དགུའི་ཕྱོགས་སུ་དར༔ དུམ་བུར་འཐོར་ལ་ཕྱོགས་ཀྱི་རྣམ་ངེས་མེད༔ དེ་དག་རྣམས་སུ་བསྟན་པ་འདི་འཕེལ་ཞིང་༔ ཞེས་དང་༔ ཡབ་སྲས་རྣམས་ཀྱིས་ ཡང་ཡང་ཞུས་པའི་དོན༔ རྒྱལ་བ་རྣམས་ཀྱི་དགོངས་དོན་མདོ་རྒྱུད་ཀྱི༔ གནད་སྡུད་ཨོ་རྒྱན་ཟབ་གཏེར་རིག་འཛིན་རྣམས༔ གྲོལ་ལམ་ཟབ་ཆིངས་མན་ངག་བསྐྱེད་རྫོགས་མཐིལ༔ དགོངས་འདུས་གསེར་ཞུན་མཁའ་འགྲོའི་སྙིང་ཁྲག་ཕྱུང་༔ ཞེས་གསུངས་ཤིང་། འདིའི་དབང་ལན་གཅིག་ཐོབ་པས་ཀྱང་གསང་སྔགས་ཀྱི་དབང་ཡོངས་རྫོགས་ཐོབ་པ་དང་མཚུངས་ཤིང་། ལུང་ལན་གཅིག་ཐོས་པས་ཀྱང་གསུང་རབ་ཡན་ལག་བཅུ་གཉིས་ཐོབ་པ་དང་འདྲ་བར་དབུགས་དབྱུང་བ་སོགས་ཕན་ཡོན་དཔག་ཏུ་མེད་པ་གསུངས་ན་ཉམས་སུ་ལེན་པའམ་སྤྱི་བོས་བཀུར་ན་ལྟ་ ཅི་སྨོས་ཏེ། སྨོན་ལམ་གང་ཐེབས་འདི་འཕྲད་དོན་དང་ལྡན༔ ཞེས་དང་། འདི་མཐོང་ཐོས་རེག་ལས་ཅན་སྐལ་ཚོགས་བསགས༔ མི་ནུབ་རྒྱལ་བའི་བསྟན་པ་བཟུང་ནས་ཀྱང་༔ མོས་

བྱེད་བསྒྲུབ་རྣམས་སངས་རྒྱས་སྨོས་ཅི་དགོས༔ ཞེས་སོགས་གསུངས་སོ། །དེ་བཞིན་དུ་སྒྲུབ་སྡེ་བཀའ་བརྒྱད་ལ་འཇམ་དཔལ་སྐུ་ཡི་འཁོར་ལོ་རྣམ་པ་བཞིའི་དགོངས་པ། པདྨ་གསུང་རྟ་ སྐད་ཐེངས་གསུམ་གྱི་དགོངས་པ། ཡང་དག་ཐུགས་རུ་ལུ་འབྲུ་བརྒྱད་ཀྱི་དགོངས་པ། ཆེ་མཆོག་ཡོན་ཏན་བདུད་རྩི་རྣམ་དག་གི་དགོངས་པ། ཕུར་པ་ཕྲིན་ལས་ཐལ་འབྱིན་རྣམ་པ་བཞིའི་ དགོངས་པ། མ་མོ་རྦོད་གཏོང་རྩ་རླུང་ཐིག་ལེའི་དགོངས་པ། འཇིག་རྟེན་མཆོད་བསྟོད་རྟེན་གསུམ་གྱི་དགོངས་པ། དམོད་པ་དྲག་སྔགས་འབོད་རྦད་བསད་གསུམ་གྱི་དགོངས་པ། བླ་མ་རིག་འཛིན་བསྙེན་སྒྲུབ་རྣམ་བཞིའི་དགོངས་པ་སྟེ་རང་རང་གི་དགོངས་པའི་དོན་གྱིས་ཁོག་དབུབ་ནས་དེ་དང་དེ་དག་སོ་སོའི་སྒྲུབ་གཞུང་བཞིན་ཉམས་སུ་བླངས་ན་འབྲས་བུ་ཕན་ཡོན་ མཆོག་ཐུན་གྱི་དངོས་གྲུབ་འགྲུབ་པ་སྨོས་ཅི། སྒྲུབ་པ་ཆེན་པོའི་མཚན་ཙམ་འཛིན་པ་ལའང་ཕན་ཡོན་ཇི་ལྟར་ཐོབ་པ་ནི་ཨོ་རྒྱན་ཆེན་པོས། གསང་སྔགས་དོན་གྱི་སྙིང་པོ་འདི་ཁོ་ན། །སྒྲུབ་ ཆེན་འདི་ཡི་མིང་ཙམ་སུ་གང་འཛིན། །ཨོ་རྒྱན་ང་དང་སྙིང་ཁྲག་གཅིག་ཏུ་འདྲེས། །ཞེས་གསུངས། དེ་བཞིན་དུ་བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པ་མི་འབྱུང་ཞིང་། མཆོག་ཐུན་གྱི་

དངོས་གྲུབ་ལ་རང་དབང་དུ་སྤྱོད་པར་འདོད་པ་རྣམས་ཀྱིས་ནི་ལྷ་མཆོག་རྡོ་རྗེ་ཕུར་བུ་ཁོ་ན་ལ་བརྟེན་དགོས་པའང་དམིགས་སུ་གསུངས་ཏེ། སྤྱིར་ཡི་དམ་གྱི་གཙོ་ བོ་རྡོ་རྗེ་ཕུར་པ་ལ་བྱ༔ ཡི་དམ་གཞན་བསྒྲུབ་ཀྱང་རྡོ་རྗེ་གཞོན་ནུ་སྲུང་མའི་ཚུལ་དུ་བསྒྲུབ༔ ཅེས་དང་། འདི་ཉིད་ཀྱི་ཁ་བྱང་ལས། སྤྱིར་ནི་ལྔ་བདོ་དུས་ཀྱི་ཐ་མའི་ཚེ༔ ཕྲིན་ལས་ལས་ཀྱི་ གདུལ་བྱ་དུས་བབས་པས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་མ་གཏོགས་པ༔ ལྷ་གཞན་བསྒྲུབ་ཀྱང་ལམ་དུ་འགྲོ་དཀའ་ཞིང་༔ གྲུབ་འབྲས་མངོན་དུ་འགྱུར་བ་ཤིན་ཏུ་དཀོན༔ བདག་འདྲ་རིག་ འཛིན་པདམ་ཐོད་ཕྲེང་ངས༔ གངས་ཅན་བོད་ཀྱི་ས་གནས་ཐམས་ཅད་དུ༔ ཕུར་རྒྱུད་འདྲ་མིན་བརྒྱ་ཙམ་གཏེར་དུ་སྦས༔ སྙིང་པོའི་ཡང་ཞུན་བཅུད་དུ་འདྲིལ་བ་ཡི༔ གདམས་པའི་མཆོག་ གྱུར་འདི་ལས་ཡོད་རེ་ཀན༔ ཉམས་སུ་ལེན་པའི་ལས་ཅན་སྐལ་ལྡན་རྣམས༔ འབྲེལ་བ་ཙམ་གྱིས་རིག་འཛིན་གྲལ་དུ་འཁོད༔ འདི་ཉིད་སྒྲུབ་རྒྱུན་འཛིན་པའི་ཡུལ་དེ་རུ༔ བདེ་ལེགས་ ཀུན་འབྱུང་ཕྱོགས་ལས་རྣམ་རྒྱལ་འགྱུར༔ ཞེས་གསུངས་ཤིང་། ཁྱད་པར་དུའང་མཆོད་སྡོང་ཆེན་མོ་འདི་ཉིད་བསྟན་སྤྱིའི་རིམ་གྲོར་ལུང་གིས་བསྔགས་པ་ལྟར་འགྲུབ་ན་དགོངས་གཞི་

དགོས་པའི་ཕན་ཡོན་ཀྱང་ཆེས་ཆེ་བ་ནི་ཐུགས་སྒྲུབ་གསང་བ་རྒྱ་ཅན་ལས། འདི་ཉིད་བཞེངས་ཏེ་བསྙེན་བཀུར་མཆོད་བསྟོད་པས༔ ཡུལ་དེར་བཀྲ་ཤིས་བདེ་ལེགས་འཐོབ་པར་འགྱུར༔ རྒྱལ་པོའི་མངའ་འོག་འཁོར་འབངས་འདུ་བ་དང་༔ རྗེ་ཁམས་འདི་ཉིད་ཕྱོགས་ལས་རྣམ་པར་རྒྱལ༔ ནོར་འདོད་ལོངས་སྤྱོད་འབྱོར་པ་འཕེལ་ཞིང་རྒྱས༔ སྲིད་འདོད་སྲིད་སྨིན་མི་སྤུས་ མཆོག་དང་ལྡན༔ དགོན་གྱི་གྲྭ་འཁོར་དབང་སྡུད་དར་ཞིང་རྒྱས༔ ནད་རིམས་ཀུན་ཞི་ཚེ་ཚད་མཐའ་རུ་ཕྱིན༔ དབང་སྡུད་ཟིལ་གནོན་དགྲ་ལས་རྣམ་པར་རྒྱལ༔ གེགས་ཀྱི་ཚང་སྤྲུགས་ རྗེས་མེད་ཟློག་འགྱུར་རོ༔ ཕྱི་མ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར༔ ཆོས་འཁོར་འོག་མར་ཐུབ་དབང་སྐུ་འབག་བཞེངས༔ འདི་འདྲའི་ཡུལ་སྐྱོབས་ནོར་བུ་འདོད་འབྱུང་ནི༔ སྟོང་གསུམ་ས་སྟེང་བསྐོར་ཀྱང་རྙེད་རེ་ཀན༔ ཨ་མ༔ ཡ་མཚན་རྨད་བྱུང་ཕོ་བྲང་ཁྱད་འཕགས་འདིས༔ དགྲ་དཔུང་ཀུན་འཇོམས་བགེགས་དཔུང་ཐལ་བར་རློག༔ ཕ་རོལ་རྒོལ་བ་ ཐམས་ཅད་འཇོམས་པར་འགྱུར༔ ལོ་ཉེས་ཕྱོགས་ཉེས་མུ་གེའི་འཇིགས་ལས་སྐྱོབས༔ དམ་སྲི་བདུད་ནག་འབྱུང་པོའི་དལ་ཁ་ཡིས༔ སྔགས་པའི་དམ་ཉམས་དགེ་བཙུན་སྡོམ་ཉམས་ཀུན༔

རྣམ་རྒྱལ་ཁང་བཟང་འདི་ཡིས་བཟློག་འགྱུར་རོ༔ མ་འོངས་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ རྣམ་འཇོམས་རྣམ་རྒྱལ་གཞོམ་བྲལ་མཆོད་རྟེན་འདི༔ དཀར་དམར་ རྒྱལ་མཚན་འདྲ་བའི་རྩེ་མོར་བཞེངས༔ ཡར་ཐང་ཞིང་གི་སྙིང་གར་བཞེངས་པར་བྱ༔ ཀ་ཐང་མགྲིན་པ་སེ་ཐང་མཇུག་མར་བཞེངས༔ གསེར་གྱི་རྒོད་ཐང་དབང་ཤར་མཛུབ་ལ་བཞེངས༔ ཤྭ་རི་སྲིན་མོའི་སྙིང་ཁ་ལ་བཞེངས་བྱ༔ གདུག་གུ་མགོ་ཐོག་ལྷ་རྩེའི་བྱང་དུ་བཞེངས༔ སེར་དགོན་ལྟག་སྟེང་དང་ནི་བྱང་དུ་བཞེངས༔ སྟག་དགོན་བྱང་དང་ལམ་གྱི་འོག་ཏུ་བཞེངས༔ བྲག་ཆེན་དགོན་གྱི་དཀྱིལ་དུ་བཞེངས་པར་བྱ༔ ཀཿཐོག་དམ་སྲི་ཡ་མར་ཕྱོགས་སུ་བཞེངས༔ རུ་དམ་བདུད་མོ་བདུན་སྟེང་འོག་ཕྱོགས་བཞེངས༔ དཔལ་ཡུལ་ར་ཙཱའི་རྒྱུག་ལམ་ཕྱོགས་སུ་ བཞེངས༔ བེའུ་ཐོག་ལྷ་བདུད་མཚམས་སུ་བཞེངས་པར་བྱ༔ བསམ་ཡས་བྱང་དང་འབྲི་གུང་ནུབ་ཏུ་བཞེངས༔ རྡོ་རྗེ་བྲག་གི་བྱང་དང་སྨིན་གླིང་ཤར་དུ་བཞེངས༔ སེ་རའི་འབྲས་ཕྱོགས་ འབྲས་ཀྱི་སེར་ཕྱོགས་བཞེངས༔ ཡར་ལུང་མདུན་རིའི་ཕྱོགས་དང་གཡས་ལུང་ནུབ༔ འུད་ལུང་དགོན་དཀྱིལ་ཀཿགནམ་རྒྱལ་པོའི་བྱང་༔ སྟོད་ལུང་མཚུར་ཕུའི་ལྷོ་དང་རྗེ་ཕྱོགས་

བཞེངས༔ སྟག་ལུང་འོག་དང་རྒོད་ཚངས་གཡས་སུ་བཞེངས༔ འབྲུག་པའི་ཡར་དགོན་ཕྱོགས་བཞིར་བཞེངས་པར་བྱ༔ ཞེས་གསུངས་པ་སྟེ། གང་ལྟར་ཡང་ཕན་ཡོན་བསམ་གྱིས་མི་ ཁྱབ་པ་མཐའ་དག་འདིར་སྨོས་ཀྱིས་མི་ལངས་པས་མདོ་རྒྱུད་བསྟན་བཅོས་རྣམས་སུ་གཟིགས་པས་ཁྱབ་བོ། །མདོར་ན་ཕྱི་མཆོད་སྡོང་ལ་ནང་བཀའ་དགོངས་ཕུར་གསུམ་གཙོ་བོར་གྱུར་པའི་ གསང་སྔགས་བཀའ་གཏེར་ཞི་ཁྲོ་རབ་འབྱམས་བསྟན་བསྲུང་དང་བཅས་པའི་བཀོད་པ་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་རྟེན་དང་བརྟེན་པར་བཅས་པ་འདི་ལྟ་བུ་མཇལ་དུ་ཡོད་པ་ནི་ཤིན་ ཏུ་སྐལ་བ་བཟང་པོ་ཡིན་པས་དེས་ན་སྒྲུབ་ཐབས་ཀུན་ཏུ་བཟང་པོ་ལས། ཐ་མལ་རྣམ་རྟོག་ཀུན་ལས་གཞན་པ་ཡི། །སྲིད་པའི་སྡུག་བསྔལ་ཅི་ཡང་ཡོད་མ་ཡིན། །ཅེས་གསུངས་པ་དྲན་པར་ བྱས་ནས། བཀོད་པ་ལེགས་མོད་ས་རྡོའོ། །རིན་ཐང་ཆེ་མོད་བེམ་པོའོ། །ལྷ་ཚོགས་མང་མོད་འདི་དང་འདི་ལྟ་བུའོ་སྙམ་པ་ལ་སོགས་མ་དག་པའི་སྣང་བ་སྤངས་ནས་དད་པས་ཕྱག་མཆོད་ བྱ་བ་ལ་བརྩོན་པ་གལ་ཆེ་ཞིང་། ལར་ཀུན་མཁྱེན་འཇིགས་མེད་གླིང་པས། གྲུབ་པའི་ཉམས་མྱོང་ལག་ལེན་དང་། །མཁས་པའི་ལུང་རིགས་རྣམ་དག་གིས། །ཕྲག་དོག་ཅན་འདུལ་མི་ནུས་

ཏེ། །ཐུབ་པ་མཆོག་དང་ལྷས་སྦྱིན་བཞིན། །ཞེས་གསུངས་པ་ཐུགས་ཤིན་ཏུ་མད་པར་སྣང་བའི་སྟེང་། དེང་སྙིགས་ལྔའི་རང་མདངས་ཀུན་ནས་ཚེས་པའི་དུས་ དབང་གིས་ཡུལ་གཉེན་པོའི་ཡོན་ཏན་མ་ཤེས་པའམ། ཤེས་ཀྱང་ལྷ་མ་ཡིན་གྱི་ཀུན་རྟོག་གི་གནས་མལ་སྙིང་ལ་བཅངས་ཤིང་། སྨྲ་བདུད་ལྕེ་ལ་ཞུགས་ནས་འདི་ནི་འདི་འདྲའོ། །འདི་ནི་འདི་ འདྲ་མིན་ནོ། །འདི་འདྲ་འབྱུང་ན་ལེགས་རྒྱུ་ལ་དེ་འདྲ་མ་མཆིས་སོ་ཟེར་བ་ལ་སོགས་རང་ཉིད་ཀྱི་གང་བསམ་པ་དང་མཐོང་བ་དང་ཐོས་པ་དག་ལས་གཞན་གྱིས་བྱས་ཚད་ཐམས་ཅད་མ་དག་ པའི་ཕྱོགས་སུ་བསླན་ཏེ་ལས་དང་པོ་དག་ཡང་དག་པའི་ལྟ་བ་ལ་དཀྲི་བའི་ཚབ་ཏུ་སླར་ལ་ལོག་ལྟ་སྐྱེས་བཅུག་ནས་དགེ་རྩ་ཆུད་གསོན་པར་བྱེད་དུ་འཇུག་པའང་ཇི་སྙེད་ཅིག་འབྱུང་སྲིད་པས་དེས་ ན་དགེ་བ་འདོད་པ་རྣམས་ཀྱིས་ཅལ་སྒྲོག་གི་རྗེས་སུ་མ་རྒྱུགས་པར་དྲང་སྲོང་གི་གཏམ་ཐར་པའི་ཐེམ་སྐས་ལས། རྒྱལ་བའི་སྲས་ཀྱི་བསླབ་པ་གསུམ། །ཐམས་ཅད་བསྒྲུབ་པར་དཀའ་ན་ ཡང་། །དགེ་སེམས་སྐད་ཅིག་གཅིག་སྐྱེས་ཀྱང་། །དེ་ཡང་རྟོགས་པའི་བསྟན་པ་ཡིན། །ཅེས་ཇི་ལྟར་གསུངས་པའི་རྗེས་སུ་ཡིད་ཕྱོགས་ནས་མ་དག་པའི་སྣང་བ་སྤངས་ཏེ་གང་ཡང་དགེ་

བའི་ལམ་དུ་བསྒྱུར་བ་གལ་ཆེ་ལ། དག་མ་དག་གི་སྣང་བའང་རང་གི་བློ་ལས་ཕྱི་རོལ་ཡུལ་གྱི་སྟེང་ནས་མཐའ་གཅིག་ཏུ་གཞལ་དགོས་པའང་མ་ཡིན་ཏེ། དེ་ཡང་དྲི་མ་མེད་པར་གྲགས་པའི་ མདོ་ལས། ཚེ་དང་ལྡན་པ་ཤཱ་རིའི་བུ་ན་རེ། ངས་ནི་བཅོམ་ལྡན་འདས་ཀྱི་ཞིང་འདི་མཐོ་དམན་དང་གཅོང་རོང་དང་གཡང་ས་དང་ལྗན་ལྗིན་གྱིས་གང་བར་མཐོང་ངོ་ཞེས་ཟེར་རོ། །སངས་ རྒྱས་མྱ་ངན་མེད་པའི་ཞིང་ནས་འོངས་པའི་ཚངས་པ་རལ་པ་ཅན་ན་རེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་སྐད་མ་ཟེར་ཅིག ཁྱོད་རང་གི་སེམས་ལ་མཐོ་དམན་ཡོད་པར་ཟད་དེ། བཅོམ་ལྡན་ འདས་ཀྱི་ཞིང་ལ་ནི་ཡོངས་སུ་མ་དག་པ་མེད་དོ། །ངས་ནི་བཅོམ་ལྡན་འདས་ཀྱི་ཞིང་འདི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་ཀྱི་རིན་པོ་ཆེའི་གཞི་བཀོད་པ་ཕུན་སུམ་ཚོགས་པ་བཞིན་དུ་ དག་པར་མཐོང་ངོ་ཞེས་ཟེར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་སངས་རྒྱས་ཀྱི་ཞིང་འདི་ཤར་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེའི་རྒྱན་བཀོད་པའི་ཞིང་ཁམས་བཞིན་དུ་ སྣང་བར་མཛད་ནས། ཤཱ་རིའི་བུ་ལ་བཀའ་སྩལ་པ། ཉི་མ་དང་ཟླ་བས་མ་ནོངས་ཀྱི། དམུས་ལོང་རྣམས་ཀྱིས་ནོངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། དེ་བཞིན་དུ་ངའི་

སངས་རྒྱས་ཀྱི་ཞིང་འདི་ནི་ཤར་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེ་རྒྱན་བཀོད་པའི་ཞིང་ཁམས་བཞིན་དུ་རྟག་ཏུ་འདི་འདྲ་བ་སྟེ། ཁྱེད་རྣམས་ཀྱིས་མ་མཐོང་ངོ་། ། དཔེར་ན་ལྷའི་བུ་རྣམས་རིན་པོ་ཆེའི་སྣོད་གཅིག་གི་ནང་ནས་བདུད་རྩིའི་ཟས་ཟའང་། ཇི་ལྟར་བསོད་ནམས་བསགས་པ་བཞིན་དུ་བདུད་རྩིའི་རོ་སོ་སོར་མྱོང་བར་འགྱུར་རོ། །དེ་བཞིན་དུ་ སངས་རྒྱས་ཀྱི་ཞིང་གཅིག་ཏུ་སྐྱེས་ཀྱང་ཇི་ལྟར་ལས་དག་པ་དེ་བཞིན་དུ། སངས་རྒྱས་ཀྱི་ཞིང་ཡང་མ་དག་པ་དང་དག་པར་མཐོང་ངོ་ཞེས་གསུངས་སོ། །ཡང་ནང་རྟེན་ལྷ་སྐུ་ཕལ་ཆེར་ ཐབས་ཤེས་ཡབ་ཡུམ་གྱི་ཕྱག་རྒྱ་དང་འབྲེལ་བ་ཤ་སྟག་ཉིད་པས་གདུལ་བྱ་བློ་དམན་ཐུན་མོང་ནས་དབང་པོ་ཡང་རབས་དང་སྐལ་བ་མཉམ་པ་མཇལ་དུ་བཏུབ་པར་བྱས་པ་འདི་ལྟར་མི་རུང་ཞིང་། འཇིག་རྟེན་སྐྱེ་བོ་ཕལ་གྱིས་ཀྱང་ཁྲེལ་བའི་གནས་སུ་མི་འགྱུར་རམ་སྙམ་ན་ཇི་སྐད་དུ། ཅིག་ཅར་པ་ཡི་སྨན་ཆེན་དེ། །རིམ་གྱིས་པ་ཡི་དུག་ཆེན་ཡིན། །ཅེས་དང་། སྤྱོད་འཇུག་ལས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་དང་། བདེན་གཉིས་ལས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པ་ཉིད་དུ་མཐོང་། །ཞེས་

གསུངས་པ་བཞིན་ཟབ་མོའི་ལམ་ལ་སྐལ་བ་མེད་པ་རྣམས་ཀྱི་སྣང་ངོར་དེ་ལྟར་བདེན་མོད། འོན་ཏེ་སྟོན་པ་དེ་བཞིན་གཤེགས་པས། ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་གྱི། །ཐར་པ་རང་ ལ་རག་ལས་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་རུང་དང་མི་རུང་རང་གི་བློ་ཚོད་དང་སྦྱར་ན་ལེགས་ཀྱི། གཞན་གདུལ་བྱ་མཆོག་དམན་བར་མའི་དབྱེ་བ་མཐའ་དག་ནི་སངས་རྒྱས་འདྲ་ བའི་འཕགས་པའི་གང་ཟག་རྣམས་ཀྱིས་མཁྱེན་ན་ལས་སོ་སོའི་སྐྱེ་བོས་མ་ཡིན་ཅིང་། བྱམས་པས། ཇི་སྲིད་ངོ་ཚ་རྒྱན་གྱུར་པ། །དེ་སྲིད་ཡོན་ཏན་རྒྱན་གྱི་མཆོག །ཅེས་གསུངས་པའང་རང་ ངོ་ལ་ལྟོས་པའི་ངོ་ཚ་དང་གཞན་ངོ་ལ་ལྟོས་པའི་ཁྲེལ་གྱིས་རང་གི་རྒྱུད་བསྡམས་ནས་བླང་དོར་དུ་བྱ་བའི་གནད་ལ་མ་རྨོངས་པ་དགོས་པར་གསུངས་པ་ལས་དེ་བཞིན་གཤེགས་པའི་ཕྲིན་ལས་ གང་འདུལ་རྣམ་པ་ཐམས་ཅད་པར་འཆར་བ་ལ་སོགས་པར་རྟོག་པས་ཁྲེལ་དང་ངོ་ཚ་དགོས་པར་གསུངས་པ་ལྟ་བུ་ནི་མ་ཡིན་ཏེ་དེའི་ཕྱིར་དགྲ་ནག་འཇིགས་བྱེད་ལས། ཆོས་ཉིད་བསམ་གྱིས་ མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡིས། །མཁས་པ་དེ་ལ་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་

དངོས་གྲུབ་རིང་བར་བཤད། །ཅེས་གསུངས་སོ། །ལར་འཇིག་རྟེན་ཕལ་གྱིས་མ་མཐོང་མ་ཐོས་པ་ལ་རྒྱུ་མཚན་བཅོལ་དགོས་པའང་མེད་དེ་རྣམ་འགྲེལ་ལས། མ་མཐོང་ཕྱིར་ན་མེད་པ་མིན། །དེ་ཕྱིར་ལོང་བས་མཐོང་བ་མེད། །ཅེས་གསུངས་པས་སོ། །རྣམ་པ་གཅིག་ཏུ་ན་ལྟར་སྣང་ལ་འཇིག་རྟེན་པ་ཡིན་ཡང་ཀུན་ཀྱང་ཐམས་ཅད་ནས་ཐམས་ཅད་དུ་ ཟབ་མོའི་ཆོས་ཀྱི་སྐལ་བ་དང་མི་ལྡན་པའི་ཁ་ཚོན་མཐའ་གཅིག་ཏུའང་གཅོད་མི་རུང་སྟེ། གང་ཞེ་ན་ཟླ་བ་སྒྲོན་མེའི་མདོ་ལས། འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་ སེམས་ཅན་གང་ཡང་མེད། །ཅེས་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་ སངས་རྒྱས་སྙིང་པོ་ཅན། །ཞེས་དང་། བདེ་མཆོག་རྩ་རྒྱུད་ལས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་སོགས་གསུངས་པ་བཞིན་ཟབ་ མོའི་མདོ་རྒྱུད་གཞན་ལས་ཀྱང་རྒྱ་ཆེར་འབྱུང་བས་དེས་ན་ཐུགས་རྗེ་ཡེ་ཤེས་ཀྱི་བྱིན་རླབས་ཐོགས་མེད་དུ་འཇུག་པ་རྒྱལ་བའི་ཕྲིན་ལས་སྣ་ཚོགས་སྒྱུ་མའི་གར་ལ་རོལ་པའི་ལྷ་རྣམས་ཀྱི་སྣང་

བརྙན་མཇལ་བའི་བདག་རྐྱེན་ལ་བརྟེན་ནས་བླ་ན་མེད་པའི་ཐེག་པ་ལ་མོས་པའི་བག་ཆགས་ཀྱི་རིགས་སད་པའི་དགོས་པ་ཡོད་ཅིང་། སྔགས་ལམ་ལའང་གཞི་ནས་འཇུག་པ་དང་། ལམ་ནས་ འཇུག་པ། འབྲས་བུ་ནས་འཇུག་པ་སོགས་འཇུག་སྒོའི་དབྱེ་བ་མང་དུ་གསུངས་ཡོད་ལ། དེ་ཡང་ལྟ་སྒོམ་སྤྱོད་འབྲས་རྨད་དུ་བྱུང་བས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པ་གསང་སྔགས་ དང་། ཏིང་ངེ་འཛིན་ལ་དབང་ཐོབ་པའི་དྲང་སྲོང་རྣམས་ཀྱིས་རིག་པའི་མཐུ་དང་ནུས་པས་སྡུག་བསྔལ་ལས་སྐྱོབ་པ་རིག་སྔགས། བདེན་པའི་ཚིག་བསྒོས་པ་ལས་འབྲས་བུ་ཕན་གནོད་བྱེད་པ་ གཟུངས་སྔགས་ཏེ་གསུམ་དུ་གསུངས་ཏེ། དགོངས་པ་གྲུབ་པའི་རྒྱུད་ལས། གསང་སྔགས་ཀུན་གྱི་དབྱེ་བ་ནི། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །རིག་སྔགས་ཐབས་ཀྱི་ངོ་བོ་ཡིན། ། གཟུངས་སྔགས་ཤེས་རབ་ངོ་བོ་ཡིན། །གསང་སྔགས་གཉིས་མེད་ཡེ་ཤེས་སོ། །ཞེས་སོ། །དེ་ལས་གསང་སྔགས་ནི་ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། ། ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་རྒྱུའི་ཐེག་པ་ལས་ཁྱད་པར་གྱི་ཚུལ་བཞིས་འཕགས་པར་གསུངས་

ཤིང་། དགོངས་པ་གང་གིས་ཞེ་ན། མི་རིགས་དང་། དུས་དང་། གང་ཟག་དང་། ཕྱིན་ཅི་ལོག་བཞི་ལ་དགོངས་ནས་གསུངས་པ་སྟེ། དེ་ལས་ཀྱང་ སྔགས་ནང་པ་ལ་གཞི་སྨིན་བྱེད་དབང་གི་ཁྱད་པར། ལམ་གྲོལ་བྱེད་བསྐྱེད་རྫོགས་དང་གྲོགས་སྤྱོད་པའི་ཁྱད་པར། འབྲས་བུ་གྲོལ་བ་དུས་ཀྱི་ཁྱད་པར་ཏེ་གསུམ་གྱིས་འཕགས་པར་གསུངས་ པ་སྟེ། དེ་ཡང་བུམ་དབང་གཙོ་ཆེ་བ་ཕྱི་པ། དབང་གོང་མ་གསུམ་ཡོད་པ་ནང་པ། སྤྲོས་བཅས་བསྐྱེད་རྫོགས་རེས་འཇོག་གི་ཚུལ་དུ་བསྒོམ་པ་ཕྱི་པ། སྤྲོས་མེད་བསྐྱེད་རྫོགས་ཟུང་འཇུག་ ཏུ་བསྒོམ་པ་ནང་པ། བཟའ་བ་ལོངས་སྤྱོད་ཀྱི་ཁྱད་པར་དཀར་གསུམ་གཙོ་བོར་བྱེད་པ་ཕྱི་པ། དམར་རིགས་ལ་གཙོ་བོར་བརྟེན་པ་ནང་པ། བགོ་བ་གོས་ཀྱི་ཁྱད་པར་དར་གྱི་ན་བཟའ་གཙོ་ བོར་བརྟེན་པ་ཕྱི་པ། ཞིང་ཆེན་སོགས་ལ་གཙོ་བོར་བརྟེན་པ་ནང་པ། བྱ་བ་སྤྱོད་པའི་ཁྱད་པར་གཙང་སྦྲ་ལ་གཙོ་བོར་བརྟེན་པ་ཕྱི་པ། མ་དག་པས་མི་གནོད་པ་ནང་པ། དཀྱིལ་འཁོར་ལྷའི་ ཁྱད་པར་ཞལ་སྦྱར་མི་སྒོམ་པ་ཕྱི་པ། ཡབ་ཡུམ་འཁྲིལ་སྦྱོར་དུ་བསྒོམ་པ་ནང་པ། གདགས་པ་རྒྱན་གྱི་ཁྱད་པར་རིན་པོ་ཆེའི་རིགས་ཀྱིས་བརྒྱན་པ་ཕྱི་པ། རུས་རྒྱན་དང་མི་མགོ་སོགས་ཀྱིས་

བརྒྱན་པ་ནང་པ། བཞུགས་པ་གནས་ཀྱི་ཁྱད་པར་རི་རབ་ཀྱི་རྩེ་སོགས་གཙང་སར་བཞུགས་པ་ཕྱི་པ། དུར་ཁྲོད་སོགས་སུ་བཞུགས་པ་ནང་པ། ལྡུགས་པ་སྣོད་ཀྱི་ཁྱད་པར་རིན་པོ་ཆེའི་ རིགས་སུ་བྱས་པ་ཕྱི་པ། ཀ་པཱ་ལ་སོགས་ལ་བསྟེན་པ་ནང་པ། འབྲས་བུ་དུས་ཀྱི་ཁྱད་པར་བྱ་བའི་སྒོར་ཞུགས་པས་མི་ཚེ་བཅུ་དྲུག སྤྱོད་པས་བདུན། རྣལ་འབྱོར་གྱིས་གསུམ་ན་རང་རང་ གི་འབྲས་བུ་མངོན་དུ་གྱུར་པ་ཕྱི་པ། ཚེ་འདིའམ་བར་དོར་འབྲས་བུ་མངོན་དུ་འགྲུབ་པ་ནང་པ། མཛད་པ་ཕྲིན་ལས་ཀྱི་ཁྱད་པར་ཞི་རྒྱས་གཙོ་བོར་སྟོན་པ་ཕྱི་པ། དབང་དྲག་གཙོ་བོར་སྟོན་པ་ ནང་པར་གསུངས་པ་དང་། ཨིནྡྲ་བྷུ་ཏིས་ཀྱང་། བླ་མའི་ཁྱད་པར་དང་། སྣོད་ཀྱི་ཁྱད་པར་དང་། ཆོ་གའི་ཁྱད་པར་དང་། ལས་ཀྱི་ཁྱད་པར་དང་། དམ་ཚིག་གི་ཁྱད་པར་དང་། ལྟ་བའི་ཁྱད་པར་དང་། སྤྱོད་པའི་ཁྱད་པར་བདུན་གྱིས་ཕར་ཕྱིན་ཐེག་པ་ལས་གསང་སྔགས་ཁྱད་པར་དུ་འཕགས་པར་གསུངས་ལ། དེ་ཡང་ཕ་རྒྱུད་མ་རྒྱུད་ཀྱིས་དབྱེ་བས་ནང་གསེས་ཁྱད་ པར་མང་དུ་གསུངས་པ་མཐའ་དག་འདིར་སྤྲོས་པས་མི་ལང་ཞིང་། གང་ལྟར་ཕྱི་རྒྱུད་སྡེ་གསུམ་དང་མི་འདྲ་བར་རྟགས་ཡབ་ཡུམ་དང་། དོན་བདེ་སྟོང་དང་མི་འབྲལ་ཞིང་། མཉམ་པ་ཆེན་

པོའི་དམ་ཚིག་ལ་ལྟ་བས་ཕྱེ་བ་ནི་སྔགས་བླ་མེད་ཀྱི་ཁྱད་ཆོས་སུ་བཞེད་དེ་སྒྱུ་འཕྲུལ་རྒྱས་པ་ལས། ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་ བསྔལ་དག །ཀུན་རྫོབ་ཏུའང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་སོ། །དེས་ན་སྤྱིར་ཐེག་པ་ཆེན་པོ་དང་། སྒོས་སུ་གསང་སྔགས་ཀྱི་བསྟན་པ་དང་མཇལ་དཀའ་བར་ གསུངས་པ་ལའང་བསམས་ནས་བློ་ལས་སུ་རུང་བར་བྱ་དགོས་ཏེ་རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ཡང་ནི་རེས་ འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འདི་ནི། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་ པ་ཡིན། །ཅེས་དང་། དེ་བཞིན་དུ་གཞན་ལས་ཀྱང་རྒྱ་ཆེར་གསུངས་སོ། །དེས་ན་རྣམ་འགྲེལ་ལས། ཉེས་པ་ཟད་པ་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ ཤེས་པར་བྱ། །ཞེས་པ་ལྟར་རྒྱལ་བ་བདེན་པར་སྨྲ་བའི་གསུང་གིས་ནམ་ཡང་མི་བསླུ་བ་ལ་ངེས་པ་རྙེད་པར་བྱའོ། །ད་ནི་ཇི་སྐད་དུ་ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་རྨི་ལམ་

ལྟ་བུ་སྒྱུ་མ་ལྟ་བུ། དགེ་བ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའི་ཚུལ་གྱིས་ཡོངས་སུ་བསྔོ་བར་བྱ་སྟེ་ཞེས་གསུངས་པའི་རྗེས་སུ་ཡིད་ཕྱོགས་ནས་སྨོན་པ་དང་བདེ་ལེགས་སུ་བྱ་བའི་ཚིགས་སུ་བཅད་ པས་མཇུག་བསྡུ་བ་ནི། འདིར་འབད་ལེགས་བྱས་རྙོག་བྲལ་མཐོ་རིས་ཀླུང་། །རྣམ་མཁྱེན་རྒྱ་མཚོའི་ཀློང་དུ་གཞོལ་བའི་སླད། །དང་བའི་ཡིད་ཀྱིས་སྨྲ་བའི་འབབ་སྟེགས་ནས། །ཡོངས་ བསྔོའི་གཏམ་གྱི་རོལ་མོ་འདི་ཡང་འཁྲོལ། །ལྷུན་པོ་གསེར་རིའི་དབུས་ན་བརྗིད་པ་ལྟའི། །ཛམ་གླིང་རྒྱན་གཅིག་བདུད་འདུལ་མཆོད་སྡོང་ཆེ། །བསྟན་པའི་བཙས་པ་གསུམ་གྱི་ཞལ་སྐྱིན་དུ། ། ཕྱི་མཐའི་མཐར་ཡང་མི་ཉམས་རྟག་བརྟན་ཤོག །འདི་ལ་ལུས་དང་ངག་དང་ཟང་ཟིང་གིས། །མཐུན་རྐྱེན་སྲི་ཞུ་བསྒྲུབས་པ་གང་སུ་དག །ཆོས་རྒྱལ་མྱ་ངན་མེད་པའི་རྣམ་ཐར་ལ། ། བདག་གིར་བྱེད་པའི་སྐལ་བ་དང་ལྡན་ཤོག །རིམ་དགུའི་ཐེག་པའི་རྩིབས་སྟོང་བཀྲ་བ་གསེར་གྱི་འཁོར་ལོས་མདུན་བདར་ནས། །ཚད་མེད་རྣམ་བཞིའི་ཡན་ལག་དཔུང་གིས་སྲིད་པའི་ གཡུལ་ངོ་མཐར་བྱས་ཤིང་། །གསང་ཆེན་ཆོས་ཀྱི་རྒྱལ་སྲིད་འབྱོར་པས་སྐལ་བཟང་སྐྱེ་རྒུ་ཚིམས་མཛད་པ། །འཁོར་སྒྱུར་དྲིན་ཅན་བླ་མའི་ཞབས་ཟུང་ངེས་པ་ལྔ་ལྡན་ངོ་བོར་བརླིང་། །

བདེ་གཤེགས་ཉི་མའི་གསུང་གི་འོད་ཟེར་བློ་གྲོས་ཟེའུ་འབྲུའི་མགྲོན་དུ་ཁུགས་ལས་སྤང་རྟོགས་བསུང་ཞིམ་འཐུལ་བའི་དྲི། །སྐལ་ལྡན་མེ་ཏོག་ཟས་ཅན་རྣམས་ལ་ ཡེ་ཤེས་ལུས་ཟུངས་བརྟས་པའི་བདུད་རྩིར་ཅི་དགར་འགྱེད་པའི་ཆོ་ག་མཁན། །བསྟན་འཛིན་སྐྱེས་མཆོག་པདམའི་ཚོགས་ཀྱང་སྙིགས་འགྲོའི་ལོག་བསྒྲུབ་འདམ་གྱི་དྲི་མས་མནོལ་བའི་རྣམ་པ་མི་ བཞེས་པར། །མཛད་པ་ལས་ཀྱི་འཁོར་ལོའི་འདབ་སྟོང་ཕྱོགས་ཀྱི་བུ་མོའི་བརྟན་པ་འཕྲོག་ལ་དུས་རྣམ་ཀུན་ཏུ་རྒྱས་གྱུར་ཅིག །རྣམ་གསུམ་སྡེ་སྣོད་དྭངས་པའི་རྫིང་བུ་རུ། །ཤེས་རབ་ གསུམ་གྱི་རྐྱལ་བས་འཇུག་བྱེད་པའི། །དམར་སེར་དགེ་འདུན་འཁོར་ལོའི་ལག་ལྡན་གྱིས། །དབྱིག་ལྡན་མ་ཡི་ཁྱོན་ཀུན་མཛེས་གྱུར་ཅིག །ཉམས་དང་རྟོགས་པའི་སྣང་གླུ་དིར་བཞིན་དུ། ། ཆོས་དབྱིངས་མཁའ་ལ་འཕུར་ཞིང་རྩེན་བྱེད་པའི། །ངེས་དོན་ཐེག་རྩེའི་རིག་འཛིན་བྷྲ་མ་རས། །ཐུབ་བསྟན་པདམའི་ཚལ་ཀུན་གང་བར་ཤོག །རྣམ་གསུམ་ཡོ་གའི་ཤིང་རྟ་རྣམས་ཀྱི་ཐུགས་ བསྐྱེད་མ་དྲོས་མཚོ་ཆེན་ལས། །སྔོན་བྱོན་འཕགས་བོད་ལོ་པཎ་ཚོགས་ཀྱིས་ངལ་བ་བརྒྱ་ཡིས་ལེགས་དྲངས་པ། །ཆེ་བ་དྲུག་ལྡན་སྔ་འགྱུར་རྙིང་མའི་བཀའ་བབ་ཆུ་བོ་རྣམ་བཞིའི་རྒྱུན། །

ལས་ཅན་གདུལ་བྱའི་ཞིང་སའི་གསོས་སུ་ནམ་ཡང་ཉམས་པ་མེད་རྒྱས་ཤོག །རྣམ་གསུམ་དད་པ་གཙང་མའི་སྣོད་དུ་སྔོན་བསགས་འབྲུ་ཡིས་གཏམས་པ་ལ། །འོག་མིན་སྟོན་པའི་ཐུགས་ཀྱི་ བྱིན་རླབས་ཕབ་རྩིས་བྲན་པའི་དགོངས་བརྒྱུད་ཆང་། །ཅི་དགར་འཐུང་ལས་རྟོགས་པའི་རྒྱང་གླུ་སྲིད་ན་གྲགས་འབར་ལེན་པ་ཅན། །དཔལ་ལྡན་འབྲུག་པའི་དོན་གྱི་བསྟན་པ་ཀུན་ནས་ཀུན་ཏུ་ དར་གྱུར་ཅིག །ལྔ་པའི་ལམ་དུ་ཞུགས་པའི་ཡིད་ཅན་རྣམས། །ངན་འགྲོའི་གཡང་སར་ནམ་ཡང་མ་ལྷུང་བར། །པ་སངས་ཤ་རིའི་ཕྲག་ལས་ཆས་པ་བཞིན། །མཐོ་རིས་ཡོན་ཏན་བདུན་ ལྡན་རྟེན་ཐོབ་ཤོག །སྔོན་སྨོན་ལས་ཀྱིས་འབྲེལ་བའི་སྟངས་དཔྱལ་རྣམས། །ཉིན་མོར་བྱེད་པས་པདྨ་གཞོན་ནུ་ལ། །ཇི་ལྟར་མཛའ་བའི་ཚུལ་གྱི་རྗེས་ཞུགས་ཏེ། །ཀུན་ཏུ་མཐུན་པའི་མདུད་ རྒྱ་མི་ལྷོད་ཤོག །དེ་ཡི་མཐུ་ལས་ཆོས་སྲིད་གཉིས་ཕྱོགས་ཀྱི། །མི་མཐུན་རྨོངས་པའི་སྨག་གིས་མ་བསླད་པའི། །རིགས་ཀྱི་རྒྱུ་སྐར་གྲངས་མེད་འཕེལ་གྱུར་ཏེ། །བློ་གྲོས་སྣང་བ་དཀར་ པོས་འཚོ་གྱུར་ཅིག །ཕུན་ཚོགས་སྡེ་བཞིའི་དཔལ་ལྡན་ཕོ་བྲང་ནང་། །ཐེག་མཆོག་ཆོས་ཀྱི་སྒྲོན་མེ་སྣང་བ་ཅན། །གང་དེ་འགལ་རྐྱེན་རླུང་གིས་མི་མནལ་བར། །མཛད་བཟང་འོད་བརྒྱའི་

དཔལ་ཡོན་རྟག་འབར་ཤོག །སྡིག་ཏོའི་ནགས་ཀྱི་འཇིགས་པ་མེད་ལྡན་ལྷོ་ལྗོངས་དགེ་བཅུའི་གངས་ཀྱི་རི་ལ་བསོད་ནམས་སྟོབས་ཀྱིས་གནས་བཅས་ཤིང་། ། རྣམ་དཔྱོད་རྩལ་གསུམ་རྫོགས་པའི་གཡུ་རལ་ཕས་རྒོལ་གླང་པོའི་སྡེ་ལ་ངོམས་པ་དཔལ་ལྡན་མི་ཡི་སྟེང་གྱེ་མཆོག །ཞབས་པད་རྡོ་རྗེའི་ཁམས་སུ་བརླིང་ཞིང་རྒྱལ་ཐབས་ཕྲིན་ལས་བཙན་པོའི་ དབུ་རྨོག་དགུང་ལ་རེག་པ་ཉིད་གྱུར་ནས། །འདོད་པ་ཁམས་ཀྱི་དབང་ཕྱུག་རྣམས་ཀྱང་སྙེམས་པ་མེད་པའི་གནས་ལ་སྦྱར་བའི་ཆོས་སྲིད་མངའ་ཐང་རྒྱས་གྱུར་ཅིག །དེའི་མཐུས་ཛམ་གླིང་ འཛིན་མར་གནས་པའི་མ་ནུའི་བུ་ཡི་གཙོ་བོ་རྣམས་ཀྱི་ཁུར་དུ་བབ་པའི་བྱ་བ་རྣམས། །དབང་པོའི་དགྲ་ཡི་འཇུག་པའི་རྗེས་སུ་ཡིད་ཀྱི་སྨོན་པའི་འཕྲོས་པ་ཙམ་ཡང་རྣམ་པ་ཀུན་ཏུ་མི་བསྟེན་པར། ། སྔོན་བྱོན་རྒྱལ་བློན་དྲ་མའི་ཚོགས་ཀྱིས་ཆོས་བཞིན་སྤྱོད་པའི་རྣམ་པར་ཐར་ལ་རི་མོར་བྱེད་པས་དུས་འདའ་སྟེ། །ལུས་ཅན་རྣམས་ཀྱི་བདེ་སྐྱིད་མཐའ་དག་སུམ་རྩེན་ལྷ་ཡི་གྲོང་ན་བསྟི་དང་ གཉིས་སུ་དབྱེ་བ་མེད་གྱུར་ཅིག །ཆབ་སྲིད་བསྐྱེད་པའི་བཀའ་ཡི་འཕྲུལ་བློན་རྣམས། །རྗེ་ལ་གུས་ཤིང་འབངས་ལ་བརྩེ་བ་ཡི། །རིགས་པའི་བྱ་བ་ཚུལ་བཞིན་བྱེད་པ་ནི། །སྡེ་དཔོན་བཞིན་

བཟང་དམ་པའི་རྗེས་འགྲོར་ཤོག །ལྗོངས་འདིའི་འབངས་ཀྱི་ཡིད་དབང་ཟླ་བའི་ཞལ། །ལོག་སྨོན་མཁའ་ཡི་གླང་པོས་མ་བསྒྲིབས་པར། །རྣམ་དཀར་ཡར་ངོའི་ཕྱོགས་སུ་ཚེས་བྱས་ནས། ། སྣང་ནས་སྣང་བའི་མཐའ་ལ་ཐུག་གྱུར་ཅིག །ཛམ་བུའི་སྒྲ་ཡི་གླིང་བུ་བསྒྱུར་བ་ནོར་འཛིན་སྒེག་མོའི་ཕང་དུ་བསྟི་བའི་སྐྱེ་རྒུ་རྣམས་ཀྱི་ལུས་ཀྱི་འདུ་བ་སྙོམས་པ་མིན་པའི་གཏམ་དབེན་ཅིང་། ། སྤྲིན་གྱི་མེ་ཏོག་དུས་སུ་འཐོར་ལ་ལྕུག་ཕྲན་གཞོན་ནུའི་མཛེས་པ་ངོམ་སྟེ་རྩི་སྨན་ལོ་ཏོག་གང་བུའི་མགོ་ལྕོག་རྟག་ཏུ་ལྡེམ་པ་ཉིད་དུ་མཐོང་། །དགེ་བཅུའི་དཔལ་ལ་ཕྲག་པ་དོག་པའི་འཆིང་བ་ གསུམ་གྱི་འཁྲུགས་ལོང་མཐའ་དག་ཆོས་སྤྱོད་རྣམ་བཅུའི་དགྲ་ཆ་བཙན་པོས་མིང་གི་ལྷག་མར་ཕྱིར་བསྐྲད་དེ། །བདེ་སྐྱིད་རྫོགས་ལྡན་གསར་པའི་ཉིན་བྱེད་བསོད་ནམས་མཁའ་ལ་མགྲོན་དུ་ ཁུགས་ནས་འཕགས་ནོར་རྣམ་པ་བདུན་གྱི་དཔལ་ལ་ལོངས་སུ་སྤྱོད་པ་ཉིད་གྱུར་ཅིག །གང་ཡང་འདུས་བྱས་འཁོར་བའི་ཆོས་ཀྱི་སྨིག་རྒྱུ་ཆུ་རིས་ཇི་ལྟར་འཁྲིགས་ཀྱང་སྐྱེ་འགྲོ་རླུང་གི་རྫི་ཅན་ མཐའ་དག་དེ་ཡི་ཕྱོགས་སུ་མ་འདྲིད་པར། །གང་དུ་སྲིད་པའི་སྐོམ་ནད་སེལ་བའི་འཕགས་ལམ་བརྒྱད་ལྡན་བདུད་རྩི་ལྷུང་ལྷུང་འབབ་པའི་ངོགས་སུ་བརྟོལ་ནས་རང་དབང་ཉིད་དུ་སྤྱོད་བྱས་

ཤིང་། །གང་ཞིག་ཞི་བསིལ་ཕུན་ཚོགས་ནེའུ་གསེང་ཐ་གྲུ་ཀུན་ནས་རབ་ཏུ་རྒྱས་པའི་ངེས་ལེགས་སྨན་ལྗོངས་དམ་པའི་དཔལ་ལྡན་རྣམ་པ་ཀུན་ཏུ་དགའ་བའི་ ཞིང་། །གང་དུ་རབ་འབྱམས་རྒྱལ་རྣམས་དགོངས་པ་གཉིས་སུ་མེད་པར་འདྲེས་པའི་ས་དེར་དཀའ་བ་མེད་པར་ཕྱམ་གཅིག་བགྲོད་ནས་དུས་གསུམ་ཀུན་ཏུ་སྟན་གཅིག་ཤོག །བཀྲ་ཤིས་གང་ ཞིག་གངས་ཆེན་མཚོ་ཡི་ཐུགས་ཀ་དཔལ་གྱི་བེའུར་ཆགས་པ་མི་མཇེད་ཞིང་གི་འཛིན་མའི་ཐིག་ལེ་གསེར་ཉུ་རོལ་པའི་མཚོ་གླིང་དུ། །ངོ་མཚར་པདམ་འབར་བ་ལས་འཁྲུངས་མཚན་དཔེའི་ བཀྲག་ལྡན་སྐུ་ཡི་རྒྱལ་མཚན་མི་ཟད་ཡོན་ཏན་རྒྱ་མཚོའི་གཏེར་མངའ་བུམ་པ་བཟང་པོའི་དཔལ་འཛིན་ཅིང་། །ཕྲིན་ལས་རྣམ་བཞིའི་འཁྱོར་ལོའི་རྩིབས་ཀྱིས་གྲོང་ཁྱེར་གསུམ་གྱི་ཐ་བ་བརློགས་ ཀྱིན་ཐེག་མཆོག་ཆོས་ཀྱི་དུང་གི་སྒྲ་ཡིས་རྣམ་གསུམ་སྟོན་པའི་ཞིང་འགེངས་པ། །ཐོད་ཕྲེང་རྩལ་དུ་གྲགས་པའི་གདུགས་དཀར་སྲིད་ཞིའི་བླ་ན་མངོན་མཐོར་འཁྱིར་བ་དེ་ཡི་ཐུགས་རྗེ་གྲིབ་ བསིལ་སྣུམ་པོས་དོན་ཀུན་འགྲུབ་པའི་བཀྲ་ཤིས་ཤོག །དེ་ལྟར་བདུད་འདུལ་གཡུལ་ལས་རྣམ་པར་རྒྱལ་བའི་མཆོད་རྟེན་ཆེན་མོའི་དཀར་ཆག་ནོར་བུ་བཻ་ཌཱུརྱའི་དོ་ཤལ་ཅེས་བྱ་བ་འདི་ཉིད་སྤྱིར་

སྒྲིག་པ་པོ་རང་ཉིད་སྐྱེས་སྦྱང་ཤེས་རབ་ནོར་གྱིས་ཕོངས་པའི་སྟེང་ཇི་སྐད་དུ། སོ་སོ་རིག་བཞི་ས་དགུ་པ། །མ་ཐོབ་དེ་སྲིད་ཆོས་ཀུན་གྱི། །ངེས་ཚིག་ཤེས་མིན་དེ་ཡི་ཕྱིར། །མཐའ་དག་སྡེབ་སྦྱོར་སུ་ཡིས་ཤེས། །ཞེས་གསུངས་པ་དང་རྗེས་སུ་མཐུན་པ་ཙམ་དུ་མ་ཟད། ཡབ་རྗེ་རིག་འཛིན་ཆེན་པོའི་བཀའ་བཞིན་རང་ཉིད་ནས་གང་དྲན་པ་དང་། མཐོང་བ་དང་། ཐོས་པ་ཉི་ཚེ་བ་རེ་ལ་བརྟེན་ནས་བསྒྲིགས་པ་ཙམ་ལས་མཁས་དབང་གཞན་ལ་འདྲི་གཏུགས་བྱེད་པ་དང་། ཞུས་དག་ངེས་འདྲོངས་བྱ་རྒྱུ་སོགས་ཀྱི་གོ་སྐབས་ཇི་བཞིན་པ་ཐོབ་མ་སོང་བས་དེ་ལ་བརྟེན་ནས་བརྗོད་བྱ་དང་རྗོད་བྱེད་གཉིས་ཀའི་ཆ་ལ་ནོར་འཁྲུལ་བྱུང་ཡོད་ཚེ་ཆོས་སྤྱན་ལྡན་པ་རྣམས་ཀྱི་སྤྱན་སྔར་མི་འཆབ་མི་སྦེད་པར་སྙིང་ནས་འཆགས་པས་ཚངས་པར་མཛད་པར་རིགས་སོ་ཞེས་གསོལ་ཞིང་། དེ་ཡང་གོང་དུ་ཆོས་འབྱུང་ལོ་རྒྱུས་སོགས་ཀྱི་སྐབས་སུ་དུས་རབས་ལོ་ཚིགས་དང་། ཐེག་པ་སོ་སོའི་ལྟ་སྒོམ་སྤྱོད་འབྲས་ཀྱི་ཁྱད་པར་སོགས་ཅུང་ཟད་འགོད་བློ་སྐྱེས་ཀྱང་། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས། འཕགས་དང་སོ་སྐྱེ་སྔ་མ་བརྒྱ་དག་གིས། །རང་གི་གྲུབ་མཐའ་རྣམ་པར་བཞག་གྱུར་ཀྱང་། །བྱིས་པའི་བློ་ལ་འགལ་འདུ་ཁོ་ནར་སྣང་། །

ད་དུང་བཞག་ཀྱང་དེ་འདྲ་ཁོ་ནར་ཟད། །ཅེས་གསུངས་པའང་རྣམ་པ་གཅིག་ཏུ་ཐུགས་མད་ཅིང་། བཞེད་པ་འདྲ་མིན་མཐའ་དག་བཀོད་ཀྱང་ཡིད་རྫོབ་ཆེ་བའི་རྒྱུ་ ལས་མ་འདས་ཁར། རང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་སྔོན་བྱོན་མཁས་གྲུབ་དམ་པ་རྣམས་ཀྱི་བཞེད་གཞུང་རྒྱ་ཆེ་ལ་གྲངས་མང་ཞིང་རྣམ་པར་གཙང་བ་རྣམས་བཞུགས་ བཞིན་དུ་རྣམ་ཤེས་ཀྱི་རྗེས་སུ་རྟོན་པའི་སྤྱི་བརྟོལ་གྱི་ཚིག་སྐམ་རྒྱ་བསྐྱེད་ཀྱང་དོན་ཆུང་ངོ་སྙམ་སྟེ་རྒྱས་སྤྲོས་ཀྱི་བཤད་ཡམས་དོར་ནས་སྐབས་འདིར་མཁོ་བ་རྣམས་ཅུང་ཟད་སྤྲོས་ཏེ་མཐར་ ཆགས་སུ་མདོར་བསྡུས་པའི་ཚུལ་གྱིས་བསྒྲིགས་པ་ཡིན་ན་བློ་གསལ་སྤྲོས་པ་ལ་དགའ་བ་རྣམས་ཀྱིས་རང་གཞན་གྱི་བསྟན་པའི་ཤིང་རྟ་ཆེན་པོ་རྣམས་ཀྱི་བཞེད་གཞུང་རྣམས་སུ་རྣམ་དཔྱོད་ཀྱི་ བློ་གྲོས་ཡངས་པོས་འཇུག་ཅིང་། རང་ཉིད་གང་ལ་མོས་པ་དེ་དང་དེ་ལ་ཞེ་མཐུན་པར་མཛད་པས་དོན་རྣམས་འགྲུབ་པར་འགྱུར་ལ། དེ་ལས་འདིར་རང་མཉམ་བློ་གསར་བུ་བ་རྣམས་ཀྱི་ ཐུགས་ཀྱི་གསོས་སུ་སྨན་པའི་བརྗོད་པ་གཙང་མའི་ཆ་ཤས་འདྲ་མཆིས་ཚེ་དཔལ་སྤྲུལ་རིན་པོ་ཆེས། སྐྱོན་བརྒྱ་ཚང་བའི་མི་ངན་ཕལ་པ་ལ། །ཤེས་བྱ་རིགས་པའི་ཡོན་ཏན་གཅིག་སྣང་ཡང་། །

སྐྱོན་ལ་མི་སེམས་ཡོན་ཏན་དེ་བླངས་ཏེ། །ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། །ཞེས་གསུངས་པའི་རྗེས་སུ་རྔོ་ཐོགས་པར་མཛད་འཚལ་ལོ་ཞེས་གསོལ་བ་དང་བཅས་འདི་ཕྱིའི་སྐྱིད་སྡུག་ ཐམས་ཅད་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་ལ་རེ་ལྟོས་འཆའ་བ་ཕྲིན་ལས་ནོར་བུས་ལྷོ་ལྗོངས་དབྱར་རྔའི་སྒྲ་ལྡན་གཞུང་གི་ཡུལ་གྲོང་ཞི་འཇགས་ལས་ཁུངས་ཀྱི་དཔོན་རིགས་རྣམས་ཀྱི་སྤྲོ་ ཁང་ཟིལ་གནོན་རྣམ་རྒྱལ་གླིང་དུ་སྦྱར་བ་ལས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་སྲི་ཞུའི་འབྲེལ་མཚོན་དུ་གྱུར་པའི་རྒྱུར་གྱུར་ཅིག་གུ།།

མཆོད་རྟེན་ཆེན་མོའི་འདྲ་དཔར་དངོས་ཤིག་ལེན་ཐུབ་པ་བྱུང་ན་ལེགས་རྒྱུ་ཡང་། མདུན་ཕྱོགས་ནས་དཔར་བླངས་ཚེ་ས་ཁད་མཐོ་དམན་ཤོར་བས་པར་ཆས་ནང་དུ་ཆ་ཚང་མ་ཚུད་པས་མ་བླངས་ཤིང་། རྒྱང་ནས་བླངས་ཚེ་ཆ་ཚང་ཤོང་ཡང་བླངས་ཡུལ་ས་ཁད་འགྱངས་ཆེས་རྣམ་པ་ཡོངས་རྫོགས་གསལ་པོར་མ་ཐོན་པ་སོགས་ཀྱིས་རེ་ཞིག་འདི་ལྟར་འདྲ་རིས་སུ་བཏོན་ཡོད་ཅིང་། རིམ་པས་འདྲ་དཔར་དངོས་རང་སྤྱན་བསྟར་ཐུབ་རེ་ཡོད་པ་དགོངས་འཇགས་མཁྱེན། །