མྱུར་བྱོན་གསོལ་འདེབས་རིགས།

From Dudjom Wiki
Revision as of 21:28, 9 November 2026 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TNR-SUNGBUM-03-HUM-004
Wylie title myur byon gsol 'debs rigs
Location phrin las nor bu'i gsung 'bum
Volume 3, Text 4, Pages (Folios to )
Author ཕྲིན་ལས་ནོར་བུ་
Citation Thinley Norbu. Myur byon gsol 'debs rigs. In Phrin las nor bu'i gsung 'bum, Vol. 3.
Side notes  
More details More details
Genre

[edit]
༄༅། །མྱུར་བྱོན་གསོལ་འདེབས་རིགས་བཞུགས་སོ། །

༄༅། །མྱུར་བྱོན་གསོལ་འདེབས་ཡིད་ཀྱི་གདུང་སེལ་བཞུགས། ན་མོ་གུ་རུ། སྲིད་དང་ཞི་བའི་འཇི༵གས་པ་ཀུན་བྲ༵ལ་བ། །གནས་སྣང་དག་མཉམ་ཡེ༵་ཤེ༵ས་ཆེན་པོའི་སྐུ། །མི་ཤིགས་རྡོ༵་རྗེ༵་རང་བྱུང་རིག་པའི་གདངས། །ཕ་གཅིག་དྲིན་ཅན་བླ་མའི་ཞབས་ལ་འདུད། །ཕྲ་རགས་ལས་རླུང་འགྱུ་བ་ཀུན་བྱང་བ། །རྣམ་ཀུན་མཆོག་ལྡན་བདེ་བ་ཆེན་པོའི་ཁམས། །འཕོ་མེད་རྟག་པ་དམ་པའི་སྐུ་མཆོག་ལ། །གཤེགས་བྱོན་བཞུགས་པའི་ཀུན་རྟོག་མི་མངའ་བས། །འཁོར་འདས་དབྱེར་མེད་དག་པ་གཉིས་ལྡན་ཐུགས། །དགོངས་ཡུལ་མཚན་མའི་གདུལ་བྱ་རྣམ་དག་པ། །རྒྱ་ཆད་ཕྱོག་ལྷུང་

སྤངས་པའི་ཞིང་ཁམས་སུ། །ཅིར་མི་དགོངས་པའི་དབྱིངས་སུ་རྟག་བཞུགས་ཀྱང་། །ཚུར་མཐོང་བྱིས་པ་ཤེད་མ་བྱེ་བ་རྣམས། །གནས་ཚུལ་ཡེ་དག་ཀུན་ཏུ་བཟང་པོའི་ཞལ། །མཇལ་བའི་སྐལ་བས་ཕོངས་ཏེ་རིང་ཞིག་ནས། །སྣང་ཚུལ་འཁྲུལ་པའི་གྲོང་དུ་འཁྱམས་འདིར་དགོངས། །ཇི་ལྟར་ཤེལ་གྱི་མེ་ལོང་གཙང་མའི་ངོགས། །འདི་ཞེས་མཚོན་པ་མེད་བཞིན་དྭངས་པའི་རྩལ། །གཟུགས་དང་ཁ་དོག་དབྱིབས་ལ་སོགས་པ་ཡི། །རྣམ་པ་གང་ཡང་ཐོགས་མེད་འཆར་བ་ལྟར། །བདག་ཅག་དད་གསུམ་ལྷ་ཡི་རྫིང་རིང་དུ། །མཆོག་གི་སྤྲུལ་སྐུ་

ཉི་མ་གཞོན་ནུའི་དཔལ། །རྟག་ཏུ་འཆར་བའི་གསོལ་བ་འདེབས་ལགས་ན། །མཚན་དཔེའི་དཀྱིལ་འཁོར་མངོན་དུ་སྣང་བར་མཛད། །རྒྱ་ཆེན་སྲིད་པ་འདི་ན་སྲིད་པའི་དངོས། །རིན་ཐང་ བརྗོད་ལ་ཁྲེལ་བ་ཀུན་སྤུངས་ཀྱང་། །རིན་ཆེན་གསུམ་ཞེས་གྲགས་པའི་མཚན་ཙམ་གྱི། །རིན་ཐང་བརྗོད་ལ་བསྒྲུན་པ་མིན་གསུངས་ན། །དེ་ཕྱིར་དེ་ཡི་རིང་ལུགས་འཛིན་བྱེད་པ། །དམ་ པའི་སྐྱེས་བུ་གང་ན་སུ་བཞུགས་རྣམས། །ཞིང་འདིར་གཟིགས་པ་ནམ་ཡང་མི་ཡོལ་བར། །ངེས་པ་ལྔ་ལྡན་ངོ་བོར་འཚོ་གཞེས་ཤོག །ཁྱད་པར་མཆོག་གི་སྤྲུལ་སྐུའི་གསང་བ་གསུམ། ། ཡོན་ཏན་ཕྲིན་ལས་མི་ཟད་རྒྱན་འཁོར་ལྔའི། །སྣང་བའི་འོད་འབར་ཐེག་མཆོག་པདྨོའི་ཚལ། །ཕྱོགས་དུས་ཀུན་ཏུ་ཉམས་པ་མེད་རྒྱས་ཤོག །གང་དུ་སྒྱུ་འཕྲུལ་ཞི་ཆགས་འབར་བའི་གར། ། གང་ཞིག་སྣང་ཡང་གང་འདུལ་དེར་སྟོན་གྱི། །ཐུགས་རྗེ་རོལ་པའི་རྩལ་གྱི་ཡོན་ཏན་ལས། །ངོ་བོ་རྒྱལ་བ་ཀུན་དང་མི་གཉིས་པ། །དཔལ་ལྡན་སངས་རྒྱས་པདྨ་ཀ་ར་ཡི། །གསང་ཆེན་འོད་ གསལ་རྫོགས་པ་ཆེན་པོའི་ཆོས། །མཁའ་མཐས་གཏུགས་པའི་འགྲོ་བ་མ་ལུས་པའི། །རང་བཞིན་གཤིས་ལ་བཞུགས་པ་དར་གྱུར་ཅིག །ཅེས་པ་འདི་ཉིད་གུས་པ་ཕྲིན་ལས་ནོར་བུ་རང་ཉིད་སྐྱེ་བ་མེད་པའི་ཡི་གེ་ཆོས་ཀུན་

འབྱུང་བའི་གནས་ཀྱི་སྒྲ་དང་ལྡན་པའི་གླིང་དུ་རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའི་དཀྱིལ་ཆོག་དང་། གུ་རུའི་ཚིག་བདུན་བླ་སྒྲུབ་ལ་བརྟེན་ནས་ཡབ་རྗེ་དམ་པའི་དགོངས་རྫོགས་མཆོད་སྤྲིན་སྤྲོས་པའི་སྐབས་སུ་ཡིད་ངོར་གང་ཤར་གསོལ་འདེབས་སྨོན་ ཚིག་ཏུ་བྲིས་པ་ལྷ་དང་བླ་མ་རྣམས་ཀྱིས་དེ་དེ་བཞིན་དུ་འགྲུབ་པའི་མཐུན་འགྱུར་སྡོང་གྲོགས་མཛད་པར་གསོལ་བ་འདེབས་པ་ལགས་སོ།། །། ༈ །ན་མོ་གུ་རུ། རབ་འབྱམས་རྒྱལ་བ་ཀུན་གྱི་འབྲས་བུའི་ཆོས། །ལྔ་ཕྲག་རྣམ་པ་ལྔ་ཡི་ རྒྱལ་ཐབས་ལ། །དབང་བསྒྱུར་ཡེ་ཤེས་ལུས་ཅན་པདྨ་འབྱུང་། །བྱང་ཆུབ་བར་དུ་འབྲལ་མེད་སྤྱི་བོས་བསྙེན། །འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་བི་མ་ལའི། །རྣམ་རོལ་དཔལ་ལྡན་བླ་མའི་གསང་ བ་གསུམ། །འཕོ་བྲལ་ཆོས་དབྱིངས་གཉུག་མའི་རང་ཁམས་ལ། །དུས་གསུམ་ཀུན་ཏུ་གཡོ་བ་མེད་མོད་ཀྱང་། །ཇི་ལྟར་ཆུ་སྣོད་རྐྱེན་གྱིས་སྟོང་པ་ན། །ཆུ་ཟླའི་གཟུགས་བརྙན་གནམ་གྱི་ ཟླ་བ་ལ། །བསྡུས་པའི་ཚུལ་གྱིས་ཞིང་འདིའི་བསྟན་འགྲོའི་དོན། །བརྟུལ་བའི་ཚུལ་འདི་ཤིན་ཏུ་ཡིད་རབས་སྐྱོ། །སྣང་གསུམ་འཕོ་བའི་བག་ཆགས་མ་སྤངས་པས། །སྐྱེ་འགག་ཆོས་ལ་ གཙིགས་སུ་བྱེད་པ་ཡི། །འགྲོ་འདིའི་འཁྲུལ་སྣང་གདུང་བ་སེལ་བའི་སླད། །སྤྲུལ་པའི་གཟུགས་སྐུ་སླར་ཡང་བསྟན་དུ་གསོལ། །གང་གི་རང་བཞིན་རྡུལ་བྲལ་ཆོས་ཀྱི་སྐུ། །མི་ཤིགས་རྡོ་

རྗེའི་ཆོས་མཆོག་བདུན་ལྡན་ལས། །གཞན་སྣང་གདུལ་བྱའི་ཚོགས་གཉིས་བསྐྲུན་པའི་རྟེན། །མཆོག་གི་སྤྲུལ་སྐུ་མྱུར་དུ་འབྱོན་པར་གསོལ། །ཆོས་ལ་བརྟེན་ནས་ཆོས་མིན་ལས་བརྩམས་ པ༑ ༑སྙིགས་འགྲོའི་ལོག་སྒྲུབ་བཟོད་པའི་གོ་ཆ་ཡིས། །ཕྱོགས་དང་དུས་དང་རྣམ་པ་ཐམས་ཅད་ནས། །གཞན་ཕན་སྒྲུབ་ལ་སྐྱོ་ངལ་མི་མངའ་ཞིང་། །རྫོགས་པ་ཆེན་པོ་རང་སྣང་རིས་མེད་ ཀྱི། །ཡེ་ཤེས་དགོངས་པའི་རྩལ་ཆེན་མངོན་རྫོགས་པས། །རིས་མེད་བསྟན་འགྲོའི་རེ་བ་སྐོང་མཛད་པ། །རླབས་ཆེན་ཕྲིན་ལས་གོང་མའི་རྗེས་སྐྱོང་གསོལ། །བདག་སོགས་ཁྱེད་ཀྱི་རྗེས་ འཇུག་བུ་སློབ་རྣམས། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག་དམ་པ། །རྟོགས་པའི་གདིང་ལྡན་རྣལ་འབྱོར་ཆེན་པོའི་ལམ། །མཐར་ཕྱིན་འབྲས་བུའི་བླ་མར་སངས་རྒྱས་ཤོག །ཅེས་ཁྱབ་བདག་འཁོར་ ལོའི་མགོན་པོ་མཁྱེན་བརྩེ་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་རེ་ཞིག་ཞིང་འདིའི་མཛད་པ་བསྡུ་བའི་ཚུལ་བསྟན་པའི་གནས་ཚུལ་ཐོས་པའི་སྐབས་སུ་ཕྲིན་ལས་ནོར་བུ་ནས་གསོལ་བ་བཏབ་པའོ།། །། ༈ །ན་མོ་གུ་རུ། སྟོབས་བཅུ་མངའ་བའི་ སངས་རྒྱས་བཅོམ་ལྡན་འདས། །དེ་སྲས་བྱང་སེམས་རྒྱུ་དང་འབྲས་བུའི་འཁོར། ༼ཀ༽ །ཞི་ཆགས་འབར་བའི་རྣམ་པར་རོལ་པའི་ཚོགས། །དེང་འདིར་ཐུགས་དམ་བསྐུལ་ལོ་བརྩེ་བས་

དགོངས། །དཀར་ཕྱོགས་བསྟན་པ་སྐྱོང་བར་ཞལ་བཞེས་པའི། །ལྷ་ཀླུ་མི་ཡི་རིག་འཛིན་ཚོགས་རྣམས་ཀྱང་། །དེང་འདིར་སྙིང་ནས་སྨྲེ་ངག་གདུང་བའི་ དབྱངས། །བདར་བའི་དོན་འདིར་དགོངས་པའི་ར་མདར་སྦྲོན། །ཆུ་མགོ་གངས་ལ་ཐུག་པའི་དཔེ་བཞིན་དུ། །གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་ནི། །སྔ་འགྱུར་བ་ཞེས་གྲགས་པ་ དོན་ལྡན་དཔལ། །གཟུར་གནས་མཁས་གྲུབ་ཀུན་གྱི་ཐུགས་ཀྱི་དབྱིག །བསྟན་པ་རིན་ཆེན་བསླབ་གསུམ་(༼ཁ༽ནོར་བུའི་མཛོད། །ཛམ་གླིང་འདི་ན་ཐང་མར་བརྡལ་བ་ལས། །སྣང་མཛད་ རིག་པ་འཛིན་པའི་རྣམ་རོལ་པས། །བྱིན་གྱིས་བརླབས་པ་ཨོ་རྒྱན་སྨིན་གྲོལ་གླིང་། །དེ་བསྟན་རིགས་དང་ཆོས་ཀྱིས་འཛིན་མཛད་པ། །ཁྲི་ཆེན་འགྱུར་མེད་ཀུན་བཟང་དབང་གི་རྒྱལ། ། ཐུན་མོང་རྟག་འཛིན་ཅན་གྱི་གདུལ་བྱ་རྣམས། །ཆོས་ལ་བསྐུལ་ཕྱིར་ཆོས་ཀྱི་དབྱིངས་སུ་མནལ། །དེ་ཕྱིར་འདི་ན་གང་གི་རྗེས་འཇུག་རྣམས། །ཉམས་ཐག་ཁྱེའུ་མ་ཡིས་སྤངས་པ་བཞིན། ། གང་ཁྱོད་དྲན་པའི་དུཿ ཁས་མནར་བ་ལ། །བརྩེ་ཆེན་ཡེ་ཤེས་སྤྱན་གྱིས་གཟིགས་པར་གསོལ། །སྣང་གསུམ་འཕོ་བའི་བག་ཆགས་༼ག༽ཡོངས་ཟད་པ། །གང་ལ་ལས་ཀྱིས་སྐྱེ་བ་མི་མངའ་

མོད། །འགྲོ་བའི་དོན་དུ་སྨོན་ལམ་ལ་དབང་བའི། །སྐྱེ་བའི་ཟློས་གར་སླར་ཡང་བསྒྱུར་བར་གསོལ། །ཁྱད་པར་སྐུ་གསུམ་སྟོན་པའི་བསྟན་པ་ལ། །འདུ་འབྲལ་མེད་པར་མངའ་དབང་འབྱོར་པ་ལས། །དབང་བཅུ་ཤིན་ཏུ་རྣམ་པར་དག་པ་ཡི། །ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོ་ལྔའི། །ངོ་མཚར་ཡོན་ཏན་དཔལ་ལྡན་སྤྲུལ་པའི་གར། །སྐྱེ་རྒུའི་མིག་གི་བདུད་རྩིར་མངོན་གྱུར་ཏེ། །གྲོལ་བ་དྲུག་ལྡན་༼ང༽སྒྱུ་མའི་རོལ་རྩེད་ཀྱིས། །བདག་སོགས་གདུལ་བྱའི་རེ་བ་སྐོང་བར་གསོལ། །བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །ཆོས་ཉིད་རྣམ་པར་དག་པའི་བདེན་མཐུ་དང་། །ཆོས་ཅན་རྟེན་འབྲེལ་བསླུ་བ་མེད་པའི་མཐུས། །བདག་ཅག་སྨོན་པའི་བསམ་དོན་འགྲུབ་པར་ཤོག །ཅེས་སྔ་འགྱུར་བསྟན་པའི་ཆུ་མགོ་བཀའ་གཏེར་བསྟན་པའི་ཤིང་རྟ་ཨོ་རྒྱན་པདྨ་དངོས་དང་རྣམ་དབྱེར་མ་མཆིས་པ་རྡོ་རྗེའི་གསུང་ལས་མངོན་པར་བསྔགས་པའི་ལོ་ཆེན་བཻ་རོ་ཙ་ནའི་རྣམ་པར་འཕྲུལ་པ་འཁྲུལ་མེད་གླིང་པ་བརྒྱད་ཀྱི་ཡ་གྱལ་རིག་འཛིན་གཏེར་བདག་གླིང་པའི་གདན་ས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཁྲི་འཛིན་ཆེན་པོ་འགྱུར་མེད་ཀུན་བཟང་དབང་རྒྱལ་རེ་ཞིག་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་གཟུགས་སྐུའི་བཀོད་པ་བསྡུས་པའི་ཚུལ་བསྟན་པའི་སྐབས་སྔ་འགྱུར་བའི་བསྟན་པ་ལ་དད་པའི་རྗེས་འཇུག་རྣམས་ཀྱི་གྲལ་མཐར་འཁོད་པ་ཕྲིན་ལས་ནོར་བུ་ནས་རང་བློའི་མོས་མཐའ་མ་བཀག་པའི་ལུང་ལ་རྒྱུ་མཚན་དུ་བྱས་ནས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། །།

༼ཀ༽ རྒྱུ་ཡི་ཐེག་པ་ཆེན་པོ་ལྟར་ན། སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་ཆགས་བྲལ་གྱི་རྣམ་པས་ཉེ་བའི་སྲས་ཆེན་བརྒྱད་ལ་སོགས་པའི་བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཆོས་གསུངས་པས་ས་ལ་གནས་ཤིང་ས་ནས་སར་འཕགས་པའི་འཁོར། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལྟར་ན། སངས་རྒྱས་སྟོན་པ་རིགས་ལྔ་ཆགས་ཅན་གྱི་རྣམ་པའི་ཡོན་ཏན་གྱི་རོལ་རྩལ་རྣམ་པ་འཁོར་ལྟར་སྣང་ཡང་དོན་ལ་སྟོན་འཁོར་དགོངས་པ་ཐ་མི་དད་པར་གསུངས་པས་འབྲས་བུའི་འཁོར། དེ་དག་ཀྱང་ཞི་བ་དང་ཁྲོ་བོའི་འཁོར་སྣ་ཚོགས་སུ་གསུངས་སོ། །༼ཁ༽ བསླབ་པ་ གསུམ་ལའང་མདོ་སྔགས་གཉིས་ཀྱི་བཞེད་སྲོལ་སོ་སོར་འཆད་ཅིང་། དོན་ལ་འགལ་འདུ་མེད་པར་སྒྲུབ་པའང་ཡོད་དོ། །༼ག༽ སྣང་གསུམ་འཕོ་བའི་བག་ཆགས་ནི། ལུས་ངག་ཡིད་གསུམ་གྱི་བག་ཆགས། ང་མཐོང་གྲོལ། ཐོས་གྲོལ། བཏགས་གྲོལ། དྲན་གྲོལ། རེག་གྲོལ་དང་། མྱོང་གྲོལ། ༈ །ན་མོ་གུ་རུ། གཉིས་མེད་ཨ་ཏིའི་བསྟན་པ་འབྱུང་བའི་གནས། །ལྷུན་གྲུབ་སྐུ་གསུམ་རབ་འབྱམས་རྒྱལ་བའི་ཞིང་། །ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་དཔལ། །རྒྱ་ཆད་ ཕྱོགས་ལྷུང་བྲལ་ལ་ཕྱག་འཚལ་ལོ། །གནས་སྣང་དག་མཉམ་དབྱིངས་ལས་མ་གཡོས་བཞིན། །གནས་སྣང་མཉམ་པ་སྤངས་པའི་གདུལ་བྱའི་ངོར། །གང་གདུལ་གཟུགས་སྐུའི་བཀོད་པས་ དོན་མཛད་པ། །པདྨ་ནོར་བུའི་ཞབས་ལ་གསོལ་བ་འདེབས། །གང་གི་རང་བཞིན་རྟག་ཆད་འགྲོ་འོང་ལས། །ཡེ་ནས་ཡོངས་འདས་ནམ་མཁའི་རང་བཞིན་ལས། །སྤྲུལ་པ་སྐུ་ཡི་ཡོན་ཏན་

མ་ངེས་པའི། །ངོ་མཚར་ལྔ་ལྡན་རྣམ་ཐར་བཀོད་པ་ལ། ༼ཀ༽ །མ་རྟོགས་ལོག་པར་རྟོག་པའི་འཛིན་ཞེན་གྱིས། །འཇིག་རྟེན་ཕལ་པའི་ཁྱེའུའི་སྨྲེ་ངག་ལྟར། །ཕ་མར་སྡུག་ཡུས་འདྲེན་པ་བཞིན་ མིན་པར། །ཡེ་ཤེས་གཟིགས་པ་དབྱིངས་ནས་བསྐུལ་ལགས་ན། །མི་མངོན་རྡུལ་བྲལ་ཆོས་སྐུའི་དབྱིངས་གཅིག་ལས། །མངོན་གྱུར་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་། །སྤྱི་དང་བྱེ་བྲག་ ཛམ་གླིང་ས་ཡི་མཐིལ། །ངོ་མཚར་ལྔ་ལྡན་ཡུལ་གྲུ་ཆེན་པོ་ལྔར། ༼ཁ༽ །སྤྲུལ་པའི་ཟློས་གར་ཐོགས་པ་མེད་གྱུར་ཏེ། །འབྲེལ་བཅས་འགྲོ་ཀུན་མངོན་མཐོའི་སྣང་བ་ནས། །ངེས་ལེགས་མཐར་ ཐུག་སྣང་བ་མཆོག་གི་ས། །ཀུན་བཟང་ས་ལ་གཏན་སྲིད་ཟིན་མཛད་གསོལ། །ཁྱད་པར་པཎ་ཆེན་བི་མ་ལ་མི་ཏྲས། །མི་ལོ་བགྲང་བྱ་བརྒྱ་ཕྲག་རེ་རེའི་མཚམས། །བོད་དུ་འབྱོན་པར་ ཐུགས་བསྐྱེད་དམ་བཅས་བཞིན། །མཁན་ཆེན་ངག་གི་དབང་པོའི་ཚུལ་བཟུང་བས། །བི་མ་ལ་ཡི་སྤྲུལ་པར་མཚན་གསོལ་བ། །གྲུབ་པའི་དབང་ཕྱུག་པདྨ་ནོར་བུའི་དཔལ། །གང་ཁྱོད་ བདག་ཅག་ཡལ་བར་མེ་དོར་བར། །གཟུགས་སྐུའི་བཀོད་པ་མྱུར་བར་བསྟན་པར་གསོལ། །སྐྱབས་གཅིག་བླ་མ་མཆོག་གི་བྱིན་རླབས་དང་། །བདེན་གཉིས་རྟེན་འབྲེལ་བསླུ་བ་མེད་པའི་

མཐུས། །བདག་ཅག་ཁྱོད་ཀྱི་རྗེས་སུ་འཇུག་པ་ཀུན། །ཁྱེད་བཞིན་གྱུར་ནས་འཁོར་བ་སྤྲུགས་ཤོག །ཅེས་སྔ་འགྱུར་བསྟན་པའི་སྲོག་ཤིང་གྲུབ་དབང་རིན་པོ་ཆེ་པདྨ་ནོར་བུ་རེ་ཞིག་ཞིང་འདིར་མཛད་པ་ བཏུལ་ནས་གདུལ་བྱ་གཞན་དོན་གྱི་དགོངས་པ་ལ་གཤེགས་ཤིང་ཞུགས་པའི་རྣམ་པ་བསྟན་པའི་སྐབས་ན་གང་ལ་མི་ཕྱེད་པའི་དད་པ་ལྡན་པ་ཕྲིན་ལས་ནོར་བུ་ནས་མྱུར་བ་ཉིད་དུ་གསོལ་བ་བཏབ་པའོ།། །།༼ཀ༽རྣམ་པར་དག་པ་ལོངས་སྤྱོད་རྫོགས་སྐུའི་བྱིན་རླབས་ལས་རང་བྱུང་བ་སངས་ རྒྱས་སྤྲུལ་པའི་སྐུ་ཡི་ཡོན་ཏན་ནི་མ་ངེས་པ་ལྔ་དང་ལྡན་པར་མཛད་པ་སྟེ། དེ་ལ་སྟོན་པ་མ་ངེས་པ་དག་དང་མ་དག་པའི་གདུལ་བྱའི་ཁམས་དང་འཚམས་པའི་སྐུ་ཅིར་ཡང་སྤྲུལ་པ། འཁོར་མ་ངེས་པ་གདུལ་བྱའི་གང་ཟག་དབང་པོ་དང་ཁམས་མ་ངེས་པ་སྣ་ཚོགས་པར་སྣང་བ། ཆོས་མ་ངེས་པ་གདུལ་བྱའི་བློ་དང་ འཚམས་པའི་ཐེག་པ་མཐོ་དམན་གྱི་བྱེ་བྲག་སྣ་ཚོགས་གསུངས་པ། གནས་མ་ངེས་པ་གདུལ་བྱ་འདུལ་བའི་དུས་ལ་བབས་ན་རིགས་དྲུག་གི་གནས་གང་དུའང་བྱོན་པ། དུས་མ་ངེས་པ་གདུལ་བྱའི་བློས་དང་འཚམས་པ་སྔ་ཕྱི་བར་གསུམ་ལ་སོགས་པའི་དུས་སྣ་ཚོགས་པར་སྣང་བར་མཛད་པའོ། །༼ཁ༽ཤར་ན་རྒྱ་ནག་ རི་བོ་རྩེ་ལྔ་འཇམ་དཔལ་དབྱངས་ཀྱི་ཞིང་། ལྷོ་ན་རི་བོ་པོ་ཏཱ་ལ་སྤྱན་རས་གཟིགས་ཀྱི་ཞིང་། ནུབ་ན་ཨོ་རྒྱན་མཁའ་འགྲོའི་གླིང་པདྨ་འབྱུང་གནས་ཀྱི་ཞིང་། བྱང་ན་ཤམྦྷ་ལ་རིགས་ལྡན་རྒྱལ་པོའི་ཞིང་། དབུས་ན་རྒྱ་གར་རྡོ་རྗེ་གདན་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་སྟེ་ཛམ་གླིང་ན་ཁྱད་པར་དུ་འཕགས་པའི་ཡུལ་གྲུ་ཆེན་ པོ་ལྔར་གྲགས་སོ། །གངས་ཅན་བོད་ཀྱི་སྔ་འགྱུར་བཀའ་གཏེར་བསྟན་པའི་ཆུ་མགོའི་བརྒྱུད་འཛིན་རྨད་བྱུང་མཁྱེན་བརྩེའི་བདག་ཉིད་ཨ་རིག་རྒྱལ་བ་ཕུག་ཁང་དགོན་པའི་བླ་སྤྲུལ་རྣམས་ཀྱིས་དབུ་བཞུགས་པའི་

ཆོས་སྡེའི་ལས་དོན་འཁུར་འཛིན་མཛད་པ་པོ་ལྷན་རྒྱས་པའི་༧ཞབས་དྲུང་དུ། གུས་པས་ཞུ་གསོལ། བར་ལམ་དེ་ནས་ཨ་རིའི་ཞིང་ཆེན་དུ་མེ་སེ་ཅུ་སེའི་མངའ་ཁོངས་གཙུག་ལག་སློབ་གྲྭ་ཧ་ཝའི་དྲིའི་ཡུ་ནི་ཨ་ཝ་སི་ཀྲི་ལ་ ཤེས་རིག་སློབ་སྦྱོང་བྱེད་པོ་དན་བཟའ་མི་གཉིས་མདུན་གུ་རུའི་སྐུ་བརྙན་དང་། རྒྱ་མིའི་ཤོག་དངུལ་དོང་རྩེ་སུམ་སྟོང་ཐམ་པ་དར་གྱིས་བརྒྱན་པ་བཅས་གནང་འབྱོར་གུས་སྤྲོའི་གསོས་སུ་བརྟས་པས་བཀའ་དྲིན་ཆེ། ད་ལམ་ དཔལ་སྤྲུལ་འཇིགས་མེད་རིག་པའི་རྡོ་རྗེ་རེ་ཞིག་གདུལ་བྱ་གཞན་དོན་ལ་དགོངས་ཏེ་གཟུགས་སྐུའི་བཀོད་པ་བསྡུས་པ་ནི་རང་ཅག་ཚུར་མཐོང་ཤུལ་ལུས་ཕྱོགས་དང་རིས་སུ་ཆད་པའི་གདུལ་བྱའི་སྣང་བ་ལ་ཤིན་ཏུ་གཟན་པ་བྱུང་ ནས་སྙིང་ནས་གདུང་བའི་དབྱངས་ཀྱིས་གསོལ་བ་འདི་ལྟར་འདེབས་པ་ཡིན་ཏེ། ན་མོ་གུ་རུ། མཉམ་མེད་སྟོན་མཆོག་བདེ་བར་གཤེགས་པའི་གསུང་། །ཡེ་གྲོལ་རྫོགས་པ་ཆེན་པོའི་རང་བཞིན་ལ། ། སྲིད་ན་མངོན་མཐོར་བསྔགས་པ་དཔལ་དགེའི་གསུང་། །ནོར་བུ་བཻ་ཌཱུརྱ་ཡི་ཆུན་འཕྱང་ལས། །གང་གིས་སྲིད་དང་ཞི་བ་ནམ་མཁའ་སྟེ། །ནམ་མཁའ་ལྟ་བུའི་ཆོས་ཉིད་བྱང་ཆུབ་ལ། །སྐྱེ་འཆིའི་ མིང་འདོགས་ཟད་ཅེས་སུས་ཤེས་པ། །དེ་ལ་སྔ་ཕྱིའི་ཚེ་རབས་ཡོད་མི་འགྱུར། །ཇི་སྐད་གསུངས་པའི་དོན་ལ་དབང་འབྱོར་བ། །དཔལ་སྤྲུལ་འཇིགས་མེད་རིགས་པའི་རྡོ་རྗེ་མཆོག །རང་སྣང་

རོལ་རྩལ་འཁོར་དང་ཐབས་ཅིག་ཏུ། །འོད་གསལ་ལོངས་སྐུའི་ཞིང་ལས་མ་གཡོས་བཞིན། །མི་མཇེད་འཇིག་རྟེན་སྤྲུལ་པ་སྐུ་ཡི་ཞིང་། །བྱེ་བྲག་ཁམས་ཞེས་ གྲགས་པའི་སྨན་ལྗོངས་ན། །བདེ་ཆེན་ཆོས་འཁོར་ལྷུན་པོ་དཔལ་གྱི་རིར། །སྤྲུལ་པའི་ཟློས་གར་སྟོན་ལ་གསོལ་བ་འདེབས། །གང་ཐུགས་སྤྲོས་པའི་དྲྭ་བས་མ་བྲེས་པའི། །འཁོར་འདས་ དག་མཉམ་ཡེ་ཤེས་གཟིགས་པའི་ངོར། །གདུལ་བྱ་འདུལ་བྱེད་གཉིས་སུ་མ་གཟིགས་པས། །ཐུགས་རྗེ་ཐུགས་དམ་གཡེལ་བ་མི་མངའ་མོད། །འཁོར་གསུམ་རྣམ་པར་རྟོག་པའི་དྲྭ་བའི་ སྦུབས། །རིང་ནས་ཆུད་པའི་བདག་སོགས་གདུལ་བྱའི་ངོར། །མོས་མཐུན་སྤྲུལ་པའི་རོལ་རྩེད་སླར་བསྒྱུར་བར། །དེང་འདིར་ཐུགས་དམ་བསྐུལ་ལོ་བརྩེ་བས་དགོངས། །བཻ་རོའི་རྣམ་སྤྲུལ་ གཏེར་བདག་གླིང་པ་དང་། །སྤྱན་རས་གཟིགས་དངོས་ཆོས་ཀྱི་དབང་པོ་དང་། །འཇམ་དཔལ་དབྱངས་དངོས་མི་ཕམ་ཆོས་རྗེ་སོགས། །རིག་འཛིན་གྲུབ་པ་རྣམས་ཀྱིས་བྱིན་བརླབས་ཤིང་། ། ཁྱད་པར་བདེ་གཤེགས་སྨན་ལྷ་འོད་ཀྱི་རྒྱལ། །ངུར་སྨྲིག་འདུལ་བ་འཛིན་པའི་གཟུགས་བཟུང་སྟེ། །བཀའ་གཏེར་བསྟན་པའི་རིང་ལུགས་གསལ་མཛད་པ། །འགྱུར་མེད་ངེས་དོན་དབང་

པོའི་ཐུགས་བཞེད་བཞིན། །སྲིད་པར་གནས་ཀྱང་སྲིད་པས་མ་བསླད་པའི། །ཐུགས་རྗེ་ཡས་སྤྲུལ་སྐྱེ་བ་ཉེར་བཟུང་ལ། །འོད་གསལ་ཐེག་པའི་ནོར་བུའི་ཏོག་ལྡན་པ། །རིམ་དགུའི་བསྟན་ པའི་རྒྱལ་མཚན་བསྒྲེང་བར་གསོལ། །རིག་འཛིན་གོང་མ་རིག་པའི་རྡོ་རྗེ་ཡི། །ཐུགས་བསྐྱེད་གོ་ཆ་བཙན་པོས་དམ་བཅས་བཞིན། །བདུད་བཞིའི་གཡུལ་ངོ་འཇོམས་པའི་ཧེ་རུ་ཀཿ ། བདུད་འཇོམས་ཡབ་སྲས་བརྒྱུད་པར་བཅས་པ་ཡི། །བསྟན་དང་དེ་འཛིན་སྡེ་དང་བཅས་པ་ཀུན། །བརྗེད་པ་མེད་པ་དྲན་པའི་གཏེར་ཆེན་པོས། །གང་དུ་ནམ་ཡང་བསྙེལ་བ་མི་མངའ་བས། ། བྱང་ཆུབ་བར་དུ་རྗེས་སུ་འཛིན་གྱུར་ཅིག །ཅེས་གསོལ་བ་འདེབས་པ་པོ་པདྨའི་རྣམ་འཕྲུལ་ཨོ་རྒྱན་བདུད་འཇོམས་འགྲོ་འདུལ་གླིང་པའི་རིགས་དང་ཆོས་ཀྱི་བྱིན་རླབས་ཀྱིས་བྱང་ཆུབ་བར་དུ་འཚོ་བར་སྨོན་པ་ཕྲིན་ལས་ནོར་བུའོ།། །། ༈ །ན་མོ་གུ་རུ། རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པའི་སྐུ། །གང་ཞིག་མངའ་བའི་སངས་རྒྱས་བཅོམ་ལྡན་འདས། །དེ་སྲས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ། །དེང་འདིར་གདུང་བས་འབོད་དོ་ ཐུགས་རྗེས་དགོངས། །མདོ་སྔགས་བསྟན་པ་ཡོངས་རྫོགས་དར་བའི་ཞིང་། །གངས་ཅན་བོད་ཀྱི་གྲུབ་པའི་དབང་ཕྱུག་ཆེ། །ཐང་སྟོང་རྒྱལ་པོའི་ཡེ་ཤེས་སྒྱུ་མའི་གར། །སྐྱབས་གནས་

མཆོག་གྱུར་བསྟན་རྒྱས་རིན་པོ་ཆེ། །ཞིང་ཁམས་གཞན་གྱི་གདུལ་བྱ་ལ་དགོངས་ནས། །ཞིང་འདིར་བཞུགས་པའི་མཛད་པ་བརྟུལ་བ་འདི། །བདག་ཅག་དད་ ལྡན་རྗེས་འཇུག་ཤུལ་ལུས་རྣམས། །བརྩེ་ཆེན་བྱམས་པའི་མ་དང་བྲལ་བཞིན་གདུངས། །དེ་ཕྱིར་གང་གི་ཡང་སྲིད་སྤྲུལ་པའི་སྐུ། །ཇི་ལྟར་ཟླ་གཞོན་མཁའ་ལས་མི་འཕོ་བར། །ཆུ་རྫིང་བྱེ་ བ་ཕྲག་བརྒྱར་དེ་ཡི་གཟུགས། །མ་འདྲེས་སོ་སོར་འཆར་བཞིན་སྟོན་པར་གསོལ། །རྨད་བྱུང་ཡོན་ཏན་འོད་དཀར་ལང་ཚོའི་དཔལ། །རིས་མེད་སྐྱེ་རྒུའི་ནོར་འཛིན་ཡངས་པའི་ཁམས། ། རྒྱ་ཆེའི་ཁྱོན་ལ་མཉམ་པར་ཁྱབ་གདལ་བ། །གོང་མའི་ཕྲིན་ལས་བཟང་པོ་རྗེས་སྐྱོང་གསོལ། །འདིར་སྣང་ཆོས་བརྒྱད་བྱ་བའི་ཕྱིར་མིན་པའི། །རིས་མེད་བསྟན་དང་དེ་འཛིན་སྡེ་རྣམས་ལ། ། རིས་མེད་སྲི་ཞུ་བསྒྲུབ་ལ་རྟག་བརྩོན་པ། །གོང་མའི་ངོ་མཚར་རྣམ་ཐར་རྗེས་སྐྱོང་གསོལ། །སྐྱབས་གནས་བསླུ་མེད་རིན་ཆེན་རྣམ་གསུམ་དང་། །ཆོས་ཉིད་རྣམ་པར་དག་པའི་བདེན་ སྟོབས་དང་། །ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་མཐུས། །བདག་ཅག་སྨོན་པའི་དོན་ཀུན་འགྲུབ་གྱུར་ཅིག །ཅེས་དམ་པ་གོང་མ་ཉིད་ལ་མཆོག་ཏུ་གུས་ཤིང་། ཐང་ལྷོད་མེད་པའི་སྲི་ཞུ་བསྒྲུབ་པ་ལ་རྟག་ཏུ་བརྩོན་པ་དཀར་ཚེར་རམ།

ཆོས་མིང་ལ་འཇམ་དབྱངས་ལེགས་གྲུབ་འབོད་པ་ནས་མྱུར་བྱོན་གསོལ་འདེབས་ཤིག་བྲིས་ཤིག་ཅེས་རླུང་ཕྲིན་ཐོག་ནས་བསྐུལ་བ་བཞིན་དམ་པ་དེ་ཉིད་ནས་ཐུགས་བརྩེ་ཆེན་པོས་བསྐྱངས་པ་ཕྲིན་ལས་ནོར་བུ་ནས། སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་ལྔ་སྤྱི་ཟླ་བདུན་པའི་ཚེ་བརྒྱད། བོད་ཟླ་ལྔ་པའི་ཚེས་བཅུ་དགེ་བར་ བྲིས་ཏེ་ཕུལ།། །། ༈ །མྱུར་བྱོན་གསོལ་འདེབས་ཐུགས་རྗེ་འགུགས་པའི་ཕོ་ཉ་བཞུགས། ན་མོ་གུ་རུ། སངས་རྒྱས་ཀུན་དངོས་ཨོ་རྒྱན་ཆོས་ཀྱི་རྗེ། །བླ་མ་ལྷ་དང་རིག་འཛིན་གྲུབ་པ་སོགས། །སྒྲིབ་མེད་ གཟིགས་པའི་ཡེ་ཤེས་སྤྱན་ལྡན་རྣམས། །སྙིང་ནས་གསོལ་བ་འདེབས་སོ་བརྩེ་བས་དགོངས། །ཉག་གཅིག་ཡེ་ཤེས་འདུས་མ་བྱས་པའི་ཐུགས། །སྒྲིབ་གཉིས་རྩུབ་རེག་ཡོངས་སུ་དག་པའི་ གསུང་། །རྣམ་གསུམ་རིན་ཆེན་ཡོན་ཏན་འཛིན་པའི་སྐུ། །འཇ༵མ་པའི་དཔ༵ལ་ལྡན་བློ༵་གྲོ༵ས་མཆོག་དེས་སྐྱོངས། །སྔ་འགྱུར་བཤ༵ད་སྒྲུབ༵་བསྟན༵་པ༵འི་པདྨོའི་གཉེན། །མཁྱེན་བརྩེའི་འོད་སྟོང་ འཕྲོ་བའི་ཉི༵་མ༵་གང་། །གློ་བུར་ནུབ་རིའི་ཕག་ཏུ་ཆས་པ་ལས། །བདག་ཅག་བཟོད་མེད་དུཿཁའི་སྨག་གིས་གདུངས། །ཁྱོད་ཐུགས་འཕོ་བྲལ་རྟག་པ་དམ་པའི་གཤིས། །ནང་གསལ་ཟག་ མེད་སྐུ་དང་ཡེ་ཤེས་སུ། །རྣམ་པ་ཀུན་ཏུ་འཁྱིལ་བའི་རང་བཞིན་ནི། །འཕོ་བཅས་སྤྲོས་པའི་ཆོས་ལས་རབ་འདས་མོད། །རིང་ནས་རིག་ཁམས་སེམས་ཀྱི་ས་གཞི་ལ། །ཀུན་རྟོག་བག་

ཆགས་ས་བོན་བཏབ་པ་ལས། །བདེན་ཞེན་འཁྲུལ་སྣང་མྱུ་གུ་སྐྱེས་བྱས་པའི། །འགྲོ་རྣམས་སྒྲོལ་སླད་སྤྲུལ་པའི་གཟུགས་སྐུ་སྟོན། །བདག་སོགས་གདུལ་བྱའི་ ཡིད་ཀྱི་ཆུའི་རྫིང་བུ། །ལོག་རྟོག་རྙོག་མས་བསླད་པ་མེད་པའི་ནང་། །ཚད་མེད་ཕན་བདེའི་འོད་དཀར་བཀྱེ་བ་ཡི། །སྤྲུལ་པའི་ཟླ་ཞལ་མྱུར་དུ་འཆར་བར་གསོལ། །དེ་ཡང་རྨད་བྱུང་དམ་ པའི་ཚུལ་དགུ་ཡིས། །པདྨ་ཀ་རའི་ཕྲིན་ལས་ཛམ་གླིང་ལ། །ཀུན་ཏུ་ཁྱབ་པར་གདལ་བའི་དཔལ་འབར་བ། །མཛད་པ་བཟང་པོ་གོང་མའི་རྗེས་འགྲོར་ཤོག །ཆོས་ཉིད་རྣམ་པར་དག་པའི་ བདེན་སྟོབས་དང་། །ཆོས་ཅན་རྟེན་འབྲེལ་བསླུ་བ་མེད་པའི་མཐུས། །ཇི་ལྟར་སྨོན་པའི་རེ་འབྲས་མ་ལུས་པ། །དེ་ལྟར་འབད་མེད་ལྷུན་གྱིས་གྲུབ་གྱུར་ཅིག །ཅེས་པ་འདི་ཡང་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་སྔ་ འགྱུར་སྙིང་པོའི་བསྟན་པ་བླ་ནས་བླར་གསོ་བའི་ཐུགས་བསྐྱེད་གཞན་དྲིང་དུ་མི་འཇོག་པའི་འཁུར་ཆེན་པོ་བདག་གིར་བཞེས་པ་དཔལ་ཡུལ་རྫོང་ནང་མཆོག་སྤྲུལ་རིན་པོ་ཆེ་འཇམ་དཔལ་བློ་གྲོས་རེ་ཞིག་དགོངས་པ་ཞི་དབྱིངས་སུ་གཤེགས་པའི་ཚུལ་བསྟན་སྐབས་གང་གི་ཞབས་འབྲིང་བ་རྣམས་ནས་མྱུར་བྱོན་གསོལ་ འདེབས་ཤིག་བྲིས་ཤིག་ཅེས་བསྐུལ་མ་གནང་ངོར་དཀོན་མཆོག་གསུམ་ལ་བླ་མར་བྱེད་པ་ཕྲིན་ལས་ནོར་བུ་ནས་དེ་འཕྲལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་མདུན་གསོལ་བ་བཏབ་པའོ།། །། ༈ ན་མོ། སྐྱེ་མེད་སྟོང་ཆེན་ཆོས་སྐུའི་དབྱིངས་ཀྱི་གདངས། །

འགགས་མེད་བདེ་ཆེན་རྡོ་རྗེའི་རང་ཁམས་ལས། །གནས་མེད་གང་འདུལ་སྤྲུལ་པའི་སྐུར་སྣང་བ། །སྐུ་གསུམ་དབྱེར་མེད་དཔལ་ལྡན་བླ་མར་འདུད། །གང་གི་རང་བཞིན་གང་ལས་གང་ གིས་ཀྱང་། །ནམ་ཡང་གཏིང་དཔག་དཀའ་བའི་ཡོན་ཏན་ནི། །གཟིགས་པ་ཤིན་ཏུ་རྣམ་དག་ལོངས་སྐུའི་ཞིང་། །ནམ་ཡང་གཡོ་བའི་ཆོས་ལས་རབ་འདས་མོད། །གཟུང་འཛིན་བག་ ཆགས་ལས་རླུང་དག་བྱའི་ཁམས། །འཕོ་མེད་འོད་གསལ་དབྱིངས་སུ་མ་སངས་པ། །རྟག་འཛིན་གདུལ་བྱའི་འཁྲུལ་པའི་སྣང་བ་ལ། །ཞིང་འདིར་མཛད་པ་བརྟུལ་བའི་ཚུལ་འདི་སྐྱོ། ། དེ་ལྟ་ན་ཡང་ཀུན་རྟོག་བདེ་སྡུག་གཟུགས། །ཅིར་སྣང་བླ་མར་ཤར་བའི་མོས་གུས་ཀྱིས། །ཐུགས་རྗེའི་དགོངས་ཀློང་དབྱིངས་ནས་བསྐུལ་ལགས་ན། །སྤྲུལ་པའི་རོལ་གར་མྱུར་དུ་བསྒྱུར་ བར་གསོལ། །གནས་བརྟན་ཁྱུ་མཆོག་སྒྲ་གཅན་འཛིན་བཟང་པོ། །བརྟུལ་ཞུགས་གྲུབ་པའི་རྒྱལ་པོ་ས་ར་ཧའི། །རྣམ་ཐར་སྐྱོང་ལ་འཇིགས་བྲལ་ཧེ་རུ་ཀའི། །མཆོག་གི་སྤྲུལ་སྐུ་མྱུར་དུ་ འབྱོན་པར་གསོལ། །དེ་ཡང་དམ་པའི་ཚུལ་དགུའི་ཡོན་ཏན་གྱིས། །རིམ་དགུའི་ཐེག་པའི་བསྟན་པའི་རྒྱལ་མཚན་བསྒྲེངས། །སྐལ་ལྡན་གདུལ་བྱ་ཨ་ཏིའི་གསེང་ལམ་ལ། །དཀྲི་བའི་ཆོས་

འཁོར་རྟག་ཏུ་བསྐོར་བར་གསོལ། །མཁྱེན་རབ་འཇམ་པའི་དབྱངས་ཀྱི་རྗེས་འགྲོ་ཞིང་། །བརྩེ་ཆེན་པད་དཀར་འཛིན་པའི་རྣམ་ཐར་འཆང་། །མཐུ་སྟོབས་ རྡོ་རྗེ་ཅན་གྱི་ནུས་པ་སྟེ། །རིགས་གསུམ་སེམས་དཔའི་ཕྲིན་ལས་སྐྱོང་བར་གསོལ། །དེ་ཡི་མཐུ་ལས་འབྲེལ་བཅས་འགྲོ་བ་ཀུན། །མངོན་པར་མཐོ་བ་ལྷ་མིའི་སྣང་བ་ནས། །སྣང་བའི་ མཐར་ཐུག་གདོད་མའི་མགོན་པོའི་ས། །སྤང་ཐོབ་བྲལ་བའི་གོ་འཕང་བརྙེས་གྱུར་ཅིག །ཅེས་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་དགུ་བཅུ་གོ་དགུ་སྤྱི་ཟླ་བརྒྱད་པའི་ཚེ་སུམ་ཅུ། བྱང་གླིང་ཨ་རིའི་ནིའུ་ཡོག་གི་འཁོར་ལོའི་ཆུ་ཚོད་གཉིས་པའི་ཐོག་སུམ་ལྡན་རྡོ་རྗེ་འཛིན་ པ་གང་ལ་མཉེས་པ་གསུམ་གྱི་སྲི་ཞུ་མཐར་ཕྱིན་པར་བསྒྲུབས་པ་རྣལ་འབྱོར་མ་དམ་ཆོས་བཟང་མོ་དང་། དཔལ་གྱི་རྒྱལ་མཚན་ལ་སོགས་ཞལ་སློབ་རྣམས་ནས་སྤྲུལ་སྐུའི་མྱུར་བྱོན་གསོལ་འདེབས་ཤིག་འཕྲལ་དུ་འབྲི་དགོས་ཞེས་རླུང་འཕྲིན་ཐོག་བསྐུལ་མ་གནང་བའི་ངོར་གཅོང་རྒན་ཕྲིན་ལས་ནོར་བུ་ནས་དེ་འཕྲལ་བྲིས་ ཏེ་ཕུལ་བ་ཡི་གེའི་རིས་སུ་བགྱི་བ་པོ་ནི་རང་སློབ་འབྲུག་བླ་ཕུན་ཚོགས་རྒྱལ་མཚན་ཏེ་དཀོན་མཆོག་གསུམ་གྱི་མཐུས་དོན་དང་ལྡན་པར་གྱུར་ཅིག། །། ༈ ན་མོ་གུ་རུ། འཁོར་འདས་དག་མཉམ་ཡེ་ཤེས་ཆེན་པོའི་གཟུགས། ། ཚེ་དབང་རིག་འཛིན་པདྨའི་རྒྱལ་ཚབ་ཆེ། །རྡོ་རྗེ་སློབ་དཔོན་མཆོག་གི་རྣམ་རོལ་པ། །ཡེ་ཤེས་རྡོ་རྗེས་བྱང་ཆེན་བར་དུ་སྐྱོངས། །རིས་མེད་རྒྱལ་བའི་བསྟན་འཛིན་པདྨའི་གཉེན། །ཆོས་

དབྱིངས་རྡུལ་བྲལ་དབྱིངས་སུ་བརྟུལ་བ་དག །མོས་གུས་སྐྱ་རེངས་གསར་པའི་བསྐུལ་མ་ཡིས། །སླར་ཡང་ཤར་རིའི་ཕྲག་ལས་གསལ་བར་ཤོག །ཁྱད་པར་ཨོ་རྒྱན་འགྲོ་འདུལ་གླིང་པ་ ཡིས། །ཆོས་ཀྱི་བརྒྱུད་འཛིན་གྲས་སུ་བྱིན་བརླབས་པ། །རྣལ་འབྱོར་དབང་ཕྱུག་ཚེ་དབང་རྡོ་རྗེ་ཡི། །སྤྲུལ་པའི་གཟུགས་སྐུ་མྱུར་བར་འབྱོན་པར་གསོལ། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་ ཡུན་ཏུ་བརྟན། །ཆོས་ལྡན་ཡོན་སྦྱོར་དཔལ་ཡོན་མངའ་ཐང་རྒྱས། །འབྲེལ་ཐོགས་གདུལ་བྱས་གཙོས་པའི་འགྲོ་བ་ཀུན། །འཕྲལ་ཡུན་ཕན་བདེའི་སྣང་བས་འཚོ་བར་ཤོག །ཅེས་དགྱེས་ཞི་སྤྲུལ་སྐུ་སྐུ་ མཆེད་རྣམ་གཉིས་ནས་ཨ་རིའི་ཤོག་དངུལ་བརྒྱ་དང་ལྷ་རེག་གི་རྟེན་དང་བཅས་པས་བསྐུལ་མ་གནང་ངོར་ཕྲིན་ལས་ནོར་བུ་ནས་བྲིས་ཏེ་སྨོན་པ་ལྷ་དང་བླ་མས་དེ་བཞིན་དུ་འགྲུབ་པའི་མཐུན་འགྱུར་གཡེལ་བ་མེད་པར་མཛད་དུ་གསོལ།། །། ༈ །ན་མོ་གུ་རུ། རང་སྣང་ རྣམ་དག་བདེ་བ་ཆེན་པོའི་ཞིང་། །མི་ཕྱེད་རྡོ་རྗེའི་ཁམས་ལས་མ་གཡོས་བཞིན། །གཞན་སྣང་སྲིད་པའི་རེ་བ་སྐོང་མཛད་པ། །རྣམ་འདྲེན་རྒྱལ་བ་རྒྱ་མཚོའི་བྱིན་རླབས་ཀྱིས། །སྐྱེ་མེད་ དབྱིངས་ལས་འགག་མེད་ཐུགས་རྗེའི་རྩལ། །སྐྱེ་རྒུའི་སྣང་ངོར་ཐོགས་མེད་འཆར་བ་ཡི། །སྐྱེ་བ་སྤྲུལ་པ་སྐུ་ཡི་རྣམ་རོལ་མཆོག །སྐྱེ་རྒུའི་མགོན་དུ་སླར་ཡང་མྱུར་བྱོན་ཤོག །དེ་ཡང་

རྒྱལ་ཀུན་ཡེ་ཤེས་འཇ༵མ་དཔལ་དབྱང༵ས། །དྲི་མེད་ཤེས༵་ར༵བ་ཉི་མའི་འོ༵ད་ཀྱི་ཟེ༵ར། །ཀུན་ནས་ཀུན་ཏུ་འཕྲོ་བའི་ཡོན་ཏན་གྱི། །ཕྲིན་ལས་སྣང་བས་འགྲོ་རྣམས་ སྐྱོང་གྱུར་ཅིག །ཅེས་སྤྲུལ་པའི་སྐུ་འཇམ་དབྱངས་ཤེས་རབ་འོད་ཟེར་མཆོག་རེ་ཞིག་ཞིང་བརྗེ་བའི་ཚུལ་བསྟན་པའི་སྐབས་དམ་པ་དེ་ཉིད་ཀྱི་སྐུ་འཁོར་ལྟོས་བཅས་ལྷན་ནས་མྱུར་བྱོན་གསོལ་འདེབས་ཞིག་བྲིས་ཤིག་ཅེས་གསུང་གི་བསྐུལ་བ་གནང་ངོར་ཕྲན་ཕྲིན་ལས་ནོར་བུས་བལ་ཡུལ་མཆོད་སྡོང་ཆེན་མོའི་ མདུན་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག། །། ༈ །རབ་འབྱམས་རྒྱལ་བ་ཀུན་གྱི་གསུང་གི་འོད། །མཚོ་དབུས་པདྨའི་སྦུབས་སུ་འཕྲོས་པ་ལས། །རང་བྱུང་སྤྲུལ་སྐུ་སྔགས་ཀྱི་ཆོས་ སྟོན་པ། །པདྨ་ཀ་རས་འགྲོ་འདི་རྟག་ཏུ་སྐྱོངས། །ཆེ་བ་དྲུག་ལྡན་གསང་སྔགས་སྔ་འགྱུར་བའི། །བསྟན་པའི་རྗེས་ཞུགས་དེ་ཡི་རིང་ལུགས་ལ། །ཤེས་རབ་གསུམ་གྱི་སྣང་བ་རྒྱས་བྱས་ པ༑ ༑མཁན་པོའི་མཚན་ལྡན་པདྨ་རིག་པ་འཛིན། །གང་ཁྱོད་ཞི་བའི་དབྱིངས་སུ་མི་གཞོལ་བར། །སྐྱེ་བ་སྤྲུལ་པའི་རོལ་རྩེད་མངོན་བསྒྱུར་ཏེ། །སྐྱེ་བས་འཐོབ་པའི་ཤེས་རབ་རིགས་སད་ དེ། །བསྟན་ལ་བྱ་བ་བྱེད་པ་ཉིད་གྱུར་ཅིག །ཅེས་མཁན་ཀརྨ་ཡེ་ཤེས་དང་འདས་པོའི་ནང་མི་ལྷན་ནས་བསྐུལ་བའི་ངོར་ཕྲིན་ལས་ནོར་བུས་བྲིས།། །། ༈ །འོག་མིག་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །དུས་གསུམ་

སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །པདྨ་ལས་འཁྲུངས་པདྨའི་རྒྱལ་ཚབ་ཆེ། །བདུད་འཇོམས་གླིང་པ་སྐུ་ཕྲེང་གོང་འོག་གི། །ཟབ་གཏེར་ཆོས་ཀྱི་བརྒྱུད་པ་འཛིན་པ་ལ། །ཐང་ལྷོད་མེད་པར་བཟོད་པའི་གོ་ཆ་ཅན། །པདྨ་ཚེ་ཡི་རྡོ་རྗེ་གང་ཁྱོད་ཉིད། །ཞི་བའི་དབྱིངས་ལ་གཞོལ་བའི་ཚུལ་དེར་སྐྱོ། །དེ་ཕྱིར་འདི་ན་གང་གི་རྗེས་འཇུག་རྣམས། །གསོལ་འདེབས་གདུང་བའི་གདུང་དབྱངས་འདི་བདར་བས། །རང་དོན་ཞི་བའི་བདེ་ལ་མི་གཟིགས་པར། །གཞན་དོན་ཕྲིན་ལས་སྒྲུབ་ལ་ཉེར་དགོངས་ཏེ། །མཚུངས་མེད་མཁྱེན་བརྩེ་ནུས་ལྡན་སྤྲུལ་པའི་གར། །མྱུར་བ་ཉིད་དུ་སླར་ཡང་བསྒྱུར་བར་གསོལ། །ཟབ་ལས་ཆེས་ཟབ་དུས་བབ་མནོག་ཆོས་སུ། །པདྨས་བསྔགས་པ་དེ་ཡི་བསྟན་པ་ལ། །ཉི་མའི་འོད་ཀྱིས་པདྨ་སྐྱོང་བ་བཞིན། །གཏེར་གསར་བསྟན་ལ་བྱ་བ་བྱེད་གྱུར་ཅིག །ཅེས་པ་འདི་ཉིད་བླ་མ་དམ་པ་དེ་ཉིད་ཀྱི་མཁའ་འགྲོ་ནས་ནེ་སྒོར་སུམ་སྟོང་ཐམ་པ་དང་བཅས་མཁྱེན་བརྩེའི་བདག་ཉིད་བླ་མ་ཡེ་ཤེས་བཟང་པོ་རྒྱུད་བསྐུལ་མ་བྱུང་བའི་མོད་ལ་ཕྲིན་ལས་ནོར་བུ་ནས་བྲིས་པ་དགེ། །།