༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གི་གསུང་ཐོར་བུ་ལས་གསོལ་འདེབས་ཁག།

From Dudjom Wiki
Revision as of 20:44, 9 November 2026 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-SUNGTHORBU-01-AA-001
Wylie title skyabs rje bdud 'joms 'jigs bral ye shes rdo rje mchog gi gsung thor bu las gsol 'debs khag
Location bdud 'joms rin po che'i gsung thor bu
Volume 1, Text 1, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Skyabs rje bdud 'joms 'jigs bral ye shes rdo rje mchog gi gsung thor bu las gsol 'debs khag. In Bdud 'joms 'jigs bral ye shes rdo rje yi gsung gi thor bu chos sku'i ring bsrel. Kathmandu: Pal Ngagyur Shedrup Dojoling, 2026.
Side notes  
More details More details
Genre

[edit]
༄༅། །༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གི་གསུང་ཐོར་བུ་ལས་གསོལ་འདེབས་ཁག་བཞུགས་སོ།།

བདུད་བཞིའི་འཇིགས་བྲལ་ལྷན་སྐྱེས་བདེ་བ་ཆེ། །རང་རིག་ཡེ་ཤེས་འདུ་འབྲལ་མེད་པའི་གཤིས། །ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོས། །ཅིར་སྣང་དག་པ་རབ་འབྱམས་བྱིན་ཆེན་ཕོབ།། །། ༈ །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང༌། །དབྱེར་མེད་རྗེ་བཙུན་འཕགས་མ་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་ཡོན་ཏན་གྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །། ༈ །གུ་རུའི་གསོལ་འདེབས་བསམ་དོན་མྱུར་འགྲུབ་བཞུགས། །སྐྱབས་གནས་ཀུན་འདུས་སངས་རྒྱས་སྤྲུལ་པའི་སྐུ། །དྲན་པས་གདུང་སེལ་གུ་རུ་ཡིད་བཞིན་ནོར། །མི་ཕྱེད་སྙིང་ནས་གུས་པས་གསོལ་འདེབས་ན། །སྐད་ཅིག་མི་འབྲལ་བྱིན་རླབས་དངོས་གྲུབ་སྩོལ། །གནས་སྐབས་མི་འདོད་འགལ་རྐྱེན་བར་ཆད་ཞི། །མཐུན་རྐྱེན་ཆོས་ལྡན་བསམ་དོན་ལྷུན་གྱིས་འགྲུབ། །མཐར་ཐུག་པདྨ་འོད་ཀྱི་ཞིང་ཁམས་སུ། །གུ་རུ་རྗེ་དང་དབྱེར་མེད་སངས་རྒྱས་ཤོག །ཅེས་པའང་གཏེར་སྟོན་སྤྲུལ་པའི་སྐུ་ཨོ་རྒྱན་ཆེ་མཆོག་གི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་ཏེ་ཕུལ་བའོ།། །། ༈ །སྐྱབས་གནས་ཀུན་འདུས་སངས་རྒྱས་སྤྲུལ་པའི་སྐུ། །གུ་རུ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས། །ཕྱི་ནང་བར་ཆད་མ་ལུས་ཞི་བ་དང༌། །ཚེ་སྒྲུབ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཞེས་པའང་བཙུན་མ་ཀུན་བཟང་དབང་མོ་དང་མི་འགྱུར་ཆོས་སྒྲོན་གཉིས་ཀྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །། ༈ །རྩ་གསུམ་ཀུན་འདུས་ཁྱབ་བདག་བླ་མ་དང༌། །དབྱེར་མེད་སྣང་སྲིད་ཟིལ་གནོན་ཧེ་རུ་ཀར། །མཆོད་པ་འབུལ་ལོ་༼གསོལ་བ་འདེབས་སོ་ཞེས་བསྒྱུར༽འགལ་རྐྱེན་བར་ཆད་སོལ། །དོན་གཉིས་ལྷུན་གྲུབ་ཕྱོགས་ལས་རྣམ་རྒྱལ་སྩོལ། །ཛྙཱ་ནས་སོ།། ༈ །འཇམ་དབྱངས་བླ་མ་མཁྱེན་བརྩེ་དབང་པོ་ཡི། །ཡེ་ཤེས་མཆོག་གི་རང་གཟུགས་སྤྲུལ་པའི་སྐུ། །དཔལ་ལྡན་བླ་མ་ཆོས་ཀྱི་བློ་གྲོས་ལ། །སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །ཅེས་པའང་རྣལ་འབྱོར་པ་ཡ་ན་བཛྲ་གྱི་ངོར་ཛྙཱ་ནས་སོ།། །། ༈ །བདུད་དཔུང་འཇོམས་མཛད་པདྨ་ཐོད་ཕྲེང་གིས། །ཡེ་ཤེས་སྒྱུ་མའི་རོལ་གར་སྙིགས་དུས་འདིར། །རྡོ་རྗེ་ཐེག་པའི་ཤིང་རྟ་ཆེར་བསྔགས་པ། །འགྲོ་འདུལ་གླིང་པའི་ཞབས་ལ་གསོལ་བ་འདེབས། །གང་གི་གསང་གསུམ་རྡོ་རྗེ་ལྟར་བརྟན་ཅིང༌། །བསྟན་འགྲོའི་ཕན་བདེའི་བཞེད་དོན་ལྷུན་གྱིས་གྲུབ། །བདག་སོགས་འབྲེལ་བཅས་བླ་མས་རྗེས་བཟུང་སྟེ། །ཚོམ་བུ་གཅིག་ཏུ་མངོན་པར་འཚང་རྒྱ་ཤོག །ཅེས་པའང་ལ་དྭགས་སྔགས་སྟོན་པདྨ་རང་གྲོལ་གྱི་ངོར་རང་ཉིད་ཀྱིས་སོ།། །། ༈ །མཚན་འཛིན་འཇིགས་བྲལ་ཡེ་ཤེས་སྒྱུ་མའི་གར། །གཞི་གྲོལ་རྡོ་རྗེ་བླ་མར་གསོལ་བ་འདེབས། །བྱས་ཆོས་འཁྲུལ་བའི་འཁོར་ལོ་རབ་ཟད་ནས། །གཉུག་མའི་གཏན་སྲིད་ཟིན་པར་བྱིན་གྱིས་རློབས། །ཞེས་པའང་པདྨ་རང་གྲོལ་གྱི་ངོར་རང་ཉིད་ཀྱིས་སོ།། །། ༈ །གདོད་ནས་ཡེ་གཞི་མི་འགྱུར་ཆོས་ཀྱི་སྐུ། །རང་སྣང་ཤེས་རིག་མ་འགགས་ལོངས་སྤྱོད་རྫོགས། །གང་འདུལ་ཐུགས་རྗེ་སྤྲུལ་པ་ཆུ་ཟླའི་གར། ཁྱབ་བདག་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །། ༈ །ཡེ་ནས་མ་བཅོས་རང་བྱུང་རིག་པའི་གཤིས། །ཤེས་རབ་ཆེན་པོ་འོད་གསལ་འཕོ་འགྱུར་བྲལ། །རྡོ་རྗེ་སྙིང་པོ་འཁོར་འདས་ཀུན་གྱི་སྲོག །བདེ་མཆོག་ཧེ་རུ་ཀ་ལ་གསོལ་བ་འདེབས། །ཞེས་ཕུན་ཚོགས་སྒྲོལ་མའི་ངོར་ཛྙཱ་ནས་སོ།། །། ༈ །པད་འབྱུང་དངོས་སྣང་དྲིན་ཅན་འཁོར་ལོའི་མགོན། །བདུད་འཇོམས་དཔའ་བོའི་ཞབས་ལ་གསོལ་བ་འདེབས། །སྐད་ཅིག་འབྲལ་མེད་བརྩེ་བས་རྗེས་བཟུང་ནས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཆོས་མཛད་པདྨའི་ངོར་རང་ཉིད་ཀྱིས་སོ།། །། ༈ །གྲུབ་པའི་དབང་ཕྱུག་བི་མ་ལ་རསྨི། །ཀུན་མཁྱེན་བསམ་ཡས་པ་ཡི་རྣམ་པར་འཕྲུལ། །དྲི་མེད་འོད་ཟེར་ཐུགས་ཀྱི་སྤྲུལ་པ་མཆོག །འཇིགས་མེད་ཕྲིན་ལས་ནོར་བུར་གསོལ་བ་འདེབས། །ཞེས་པའང་ཛྙཱ་ནས་སོ།། །། ༈ །སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། །མཁྱེན་བརྩེ་ཐུགས་རྗེ་ཡི་གཏེར་ཆེན། །དྲན་པས་གདུང་སེལ་གྱི་ནོར་བུ། །རྩ་བའི་བླ་མ་རང་མཁྱེན་ནོ། །མ་རིག་འཁྲུལ༵་པ་ཡི་འཁོར་ལོ། །འཛིན་མེད་རང་གྲོལ་དུ་ཞིག༵་པའི། །ཐབས་མཁས་འགྲོ་འདུལ་གྱི་དཔའ་བོ། །རྡོ༵་རྗེ༵་འཛིན་དབང་ཁྱོད་མཁྱེན་ནོ། །སྙིང་ནས་གསོལ་འདེབས་ཀྱི་བུ་ལ། །འབྲལ་མེད་ཐུགས་རྗེ་ཡིས་བཟུང་སྟེ། །ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི། །བྱིན་རླབས་ད་ལྟ་རང་སྩོལ་ཅིག །ཅེས་པའང་འབྲུག་པ་སློབ་དཔོན་ཆོས་གྲགས་རྒྱ་མཚོའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །། ༈ །པདྨས་བྱིན་རླབས་འབྲེལ་ཚད་དོན་ལྡན་གནས། །པདྨ་འོད་ཞིང་གཉིས་པའི་གྲོང་ཁྱེར་དུ། །བཞུགས་པའི་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །འགལ་རྐྱེན་ཀུན་ཞི་བསམ་དོན་ལྷུན་འགྲུབ་མཛོད། །ཅེས་པའང་རིག་འཛིན་མཐུ་སྟོབས་ཆོས་དབང་གིས་གསུང་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །། ༈ །མཆོད་རྟེན་གསོལ་འདེབས་དངོས་གྲུབ་ཆར་འབེབས་ནི། མགོན་རྩ་གསུམ་རྒྱལ་བའི་ཕོ་བྲང་ཆེ། །ལྷ་དཔལ་ཆེན་ཁྲག་འཐུང་དགྱེས་པའི་གནས། །དཔལ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་བའི། །རྟེན་མཐོང་གྲོལ་ཆེན་པོར་གསོལ་བ་འདེབས། །གནས་འདི་ལ་འབྲེལ་བཅས་བདག་གཞན་འགྲོ། །ཚེ་འདི་ལ་ཚེ་རིང་ནད་མེད་ཅིང༌། །རྐྱེན་ཕྱི་ནང་བར་ཆད་ཞི་བ་དང༌། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །ཞེས་གསོལ་བ་རྩེ་གཅིག་ཏུ་འདེབས་ཤིང་བསྐོར་ཚད་རབ་བྱེ་བ། འབྲིང་འབུམ། ཐ་མ་ཁྲི། ཡང་ཐ་སྟོང་ཕྲག་ཡན་ཅི་ནུས་སུ་འབད་པས་ཚེ་འདིའི་རྐྱེན་ངན་བར་ཆད་ཐམས་ཅད་སེལ་ཞིང༌། བསམ་པའི་དོན་ཐམས་ཅད་ཆོས་བཞིན་དུ་འགྲུབ། འཆི་ངེས་པའི་མི་ཡིན་ཀྱང་བསྐོར་ཚད་འབྲིང་དུ་བླངས་ན་ལོ་གསུམ་དུ་ཚེ་ངེས་པར་བསྲིངས། མཐར་ཐུག་གཏན་གྱི་བདེ་བར་དབུགས་འབྱིན་པར་འགྱུར་རོ།། ཞེསཔའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།