TTDL-ZABTER-12-NA-059

From Dudjom Wiki
Revision as of 09:48, 4 June 2024 by Jeremi (talk | contribs)

TTDL-ZABTER-12-NA-059
Wylie title TTDL-ZABTER-12-NA-059.pdf
Location bdud 'joms gling pa zab gter
Volume 12, Text 59, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠བརྡ་ཡིག༣༣༥ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ འཇིགས་བྱེད་ནཱ་ག་རཀྴའི་དབང་ཆོག་ཡེ་ཤེས་འོད་ཟེར་བཞུགས༔ ༠༠༠༠བརྡ་ཡིག༣༣༦ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༣༦གཤིན་རྗེ་ནཱ་ག་རཀྴ་འདི༔ ཉམས་སུ་ལེན་པའི་ཐོག་མ་རུ༔ དང་པོ་དབང་གིས་སྨིན་པར་བྱས༔ དེ་ནས་བསྐྱེད་རིམ་གནད་ལ་བསླབ༔ ཐ་མ་བསྒོམ་བཟླས་གནད་དུ་བསྣུན༔ འདི་དག་གནད་ཀྱི་དམ་པ་ཡིན༔ སྒྲུབ་པ་བྱེད་པ་ཀུན་གྱིས་ཟུངས༔ དབང་གི་བྱ་བ་བྱེད་པ་ལ༔ དཀྱིལ་འཁོར་བཀོད་ལེགས་མཛེས་ལྡན་དུ༔ བུམ་པ་དང་ནི་བདུད་རྩི་སྨན༔ ཙཀླི་དང་ནི་གཏོར་མ་བཅས༔ མཚན་མ་རྫས་ཀྱི་རྟེན་དུ་བཀོད༔ མཆོད་རྫས་ཉེར་སྤྱོད་འདོད་ཡོན་དང་༔ སྨན་གཏོར་རཀྟ་ལ་སོགས་བཤམས༔ ལས་གཞུང་བསྲངས་ཤིང་བསྙེན་བསྒྲུབ་འབད༔ དེ་ནས་སློབ་མ་གྲལ་དུ་འཁོད༔ ཁྲུས་བྱ་བགེགས་བསྐྲད་སྲུང་འཁོར་བསྒོམ༔ མཎྜལ་ཕུལ་ཞིང་གསོལ་འདེབས་ལ༔ ཀྱཻ༔ དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག༔ འགྲོ་བའི་མགོན་པོ་བླ་མ་རྗེ༔ བདག་ཅག་སྐལ་ལྡན་སྐྱེས་བུ་ལ༔ སྨིན་བྱེད་དབང་བསྐུར་སྩལ་དུ་གསོལ༔ ཅེས་ལན་གསུམ་ཞུ༔ དེ་ནས་བླ་མས༔ ཀྱཻ༔ ཉོན་ཅིག་འདིར་འཚོགས་སྐྱེས་བུ་རྣམས༔ གསང་སྔགས་དབང་གི་སྒོར་ཞུགས་ན༔ དམ་ཚིག་གཉན་པོ་སྲུང་བ་དང་༔ སྒྲུབ་པ་ལྷུར་ལེན་བྱེད་ནུས་སམ༔ ཡང་སློབ་མས༔ ཀྱཻ༔ འགྲོ་བའི་མགོན་པོ་དགོངས་སུ་གསོལ༔ ཇི་ལྟར་བསྒོ་བ་དེ་བཞིན་དུ༔ མ་ལུས་ཡོངས་སུ་སྒྲུབ་པར་བགྱི༔ དབང་མཆོག་ཡོངས་རྫོགས་བསྐུར་དུ་གསོལ༔ ལན་གསུམ༔ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ལ༔ ན་མོ༔ བླ་མ་དཀོན་མཆོག་རྣམ་གསུམ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ནམ་མཁའི་མཐའ་མཉམ་སེམས་ཅན་རྣམས༔ གཏན་བདེ་ཐོབ་ཕྱིར་བྱང་སེམས་བསྐྱེད༔ ལན་གསུམ༔ དེ་ནས་དམ་ཆུ་སྦྱིན་པ་ལ༔ ཧོཿརྡོ་རྗེ་ཅན་སོགས་རྒྱལ་ཀུན་གྱི༔ དམ་ཚིག་གཉན་པོའི་མནའ་ཡི་ཆུ༔ སྐལ་ལྡན་ཁྱོད་ཀྱི་ལྕེ་ལ་བཞག༔ བསྲུང་ན་ཚེ་འདིར་སངས་རྒྱས་ཐོབ༔ ཉམས་ན་སྙིང་བསྲེགས་དམྱལ་བར་ལྟུང་༔ དེ་བས་དམ་ཚིག་རྟག་ཏུ་སྲུངས༔ དེ་ནས་སློབ་མས༔ མི་ཉམས་སྲུང་ལགས་སོ༔ ས་མ་ཡ་ན་ར་ཀན༔ དམ་ཆུ་དེ་འོད་མཐིང་ནག་ཅིག་ཏུ་གྱུར་ཏེ་སྙིང་གི་དཀྱིལ་དུ་སོང་ནས་སྙིང་མཆོང་གུར་སྨུག་པོ་ལྟ་བུའི་ནང་དུ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་འོད་ལྔའི་ཐིག་ལེ་ཨཱཿདཀར་པོས་མཚན་པར་གནས་པས་རྒྱུད་བྱིན་གྱིས་བརླབ་ཅིང་དམ་ཚིག་ལ་གནས་པར་བསྒོམ༔ དེ་ནས་མེ་ཏོག་སྦྱིན་པ་ལ༔ ཧོཿལྷ་དང་མཇལ་བའི་ཕྱག་རྟེན་དུ༔ མེ་ཏོག་སྣ་ཚོགས་ཕྲེང་བ་སྦྱིན༔ ཨ་ཁཾ་ཝི་ར་ཧཱུྃ༔ དེ་ནས་མིག་དར་བཀབ་པ་ལ༔ ཧོཿམ་རིག་བག་ཆགས་སྒྲིབ་པའི་མཚོན༔ དར་གྱི་གདོང་གཡོགས་འདི་བཀབ་བྱ༔ ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ དེ་ནས་སློབ་མ་ལྷར་གསལ་ཡེ་ཤེས་དབབ་པར་བྱ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ སྐད་ཅིག་གིས་སློབ་མའི་སེམས་སྣང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར་ཆོས་ཉིད་སྤྲོས་མཐའ་དང་བྲལ་བའི་དབྱིངས་སུ་ཞིག་པར་བསམ༔ སྟོང་པའི་ངང་ལས་རྒྱ་མཚོ་ལ་ཟླ་གཟུགས་ཤར་བ་བཞིན་དུ༔ ལྷ་བསྐྱེད་ཅིང་ཡེ་ཤེས་དབབ་བསྟིམ་ཡང་ཡང་བྱ༔ ཨོཾ་ཕེ་ལཾ་ཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་བཛྲ་ས་མ་ཡ་ཛ་ཛ་ཨ་ཝེ་ཤ་ཡ་ཨ་ཨ༔ དེ་ནས་མེ་ཏོག་འཐོར་བ་ནི༔ དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ སློབ་མའི་རིག་པའི་མེ་ཏོག་འདི༔ ལས་འབྲེལ་ལྷ་ལ་དབབ་པར་ཤོག༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿཞེས་མེ་ཏོག་ལྷའི་དལ་དུ་འཕང་༔ དེ་ནས་གདོང་གཡོགས་བསལ་བ་ལ༔ ཀྱཻ༔ བུ་ཁྱོད་མ་རིག་རྨོངས་པ་ཡིས༔ སྒྲིབ་བྱེད་གཏི་མུག་ལིང་ཐོག་གིས༔ ཡེ་ཤེས་རང་ཞལ་སྒྲིབ་པའི་གྲིབ༔ ཤེས་རབ་གསེར་གྱི་ཐུར་མས་དབྱེ༔ ཨོཾ་ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ལན་གསུམ་བརྗོད་ཅིང་བསལ༔ རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་དུ་མཐོང་བར་བསམ༔ མཎྜལ་ཕུལ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་རིན་ཆེན་གཞལ་ཡས་ཁང་༔ ནང་ན་ཡེ་ཤེས་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ བུམ་པ་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཕེ་ལཾ་ཧཱུྃ་ཁྲོཾ་ག་རུ་ཌ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཧཱུྃ་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་འོད་ཀྱི་སྤྲིན་ཕུང་དཀར་པོ་ཨོཾ་གྱིས་མཚན་པ་ཅན་གྱི་རྣམ་པར་འདུས་ཤིང་སློབ་མ་ལ་ཐིམ་པས་ལུས་དང་རྩ་ཡི་སྒྲིབ་པ་ཐམས་ཅད་སངས་ཀྱིས་དག༔ སྐུ་བུམ་པའི་དབང་ཐོབ༔ ལུས་རྡོ་རྗེའི་སྐུ་འགྱུར་བ་མེད་པར་འཕོས་ཤིང་སྨིན་པར་བསམ༔ སླར་ཡང་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འདུས་པའི་བདག་ཉིད་ཆེ་མཆོག་ནཱ་ག་རཀྴའི་ཐུགས་ཀློང་ནས་སྐུ་ཕྱག་རྒྱའི་རྣམ་པ་ཅན་རིམ་པ་བཞིན་དུ་བྱུང་ནས་སློབ་མ་ལ་ཐིམ་པས་རྡོ་རྗེའི་སྐུ་དངོས་སུ་གྱུར་པར་བསྒོམ༔ དེ་ནས་འཇམ་དཔལ་དབྱངས་ཀྱི་སྐུ་གཏད་ལ༔ ཧོཿབདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ ཇི་ལྟ་ཇི་སྙེད་ཤེས་རབ་གཟུགས༔ འཇམ་དཔལ་དབྱངས་ཀྱི་དབང་བསྐུར་རོ༔ ཡེ་ཤེས་མངོན་གྱུར་དབང་ཐོབ་ཤོག༔ ཨོཾ་ཝཱ་གཱི་ཤྭ་རི་མཱུཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ནཱ་ག་རཀྴའི་སྐུ་གཏད་ལ༔ ཧཱུྃ༔ རྡོ་རྗེ་འཇིགས་བྱེད་ཁྲོ་བོའི་རྒྱལ༔ ཆེ་མཆོག་ནཱ་ག་རཀྴ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ ཨོཾ་ནཱ་ག་རཀྴ་ཀྲོ་ཏ་ཀཱ་ལ་ཧཱུྃ༔ ཨོཾ་ཕེ་ལཾ་ཧཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྱུང་ལྔའི་སྐུ་གཏད་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཕྲིན་ལས་མངའ་བདག་ཡེ་ཤེས་ཁྱུང་༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གདོན་གསུམ་ཡོངས་སྒྲོལ་དབང་ཐོབ་ཤོག༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཁྲོཾ་ག་རུ་ཊ་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྟ་མགྲིན་རྒྱལ་པོའི་སྐུ་གཏད་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བའི་གསུང་བདག་ཉིད༔ བཅོམ་ལྡན་རྟ་མགྲིན་རྒྱལ་པོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཁམས་གསུམ་དབང་སྡུད་དབང་ཐོབ་ཤོག༔ ཨོཾ་ཧྲཱིཿཔདྨ་ཏ་ཀྲྀཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་གཏུམ་པོའི་སྐུ་གཏད་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཐུགས་ཀྱི་བདག་ཉིད་མཐུ་སྟོབས་དཔལ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཁམས་གསུམ་ཡོངས་སྒྲོལ་དབང་ཐོབ་ཤོག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་འཁོར་རྣམས་གཏད་ལ༔ ཧཱུྃ༔ ཆེ་མཆོག་ནཱ་ག་རཀྴ་ཡིས༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་གར༔ སྣང་སྲིད་འདྲེ་གདོན་འབྱུང་པོའི་གཤེད༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གདོན་བགེགས་ཡོངས་སྒྲོལ་དབང་ཐོབ་ཤོག༔ ཨོཾ་ཕེ་ལཾ་ཧཱུྃ༔ ནཱ་ག་རཀྴ་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གྲི་གུག་གཏད་ལ༔ ཧཱུྃ༔ སྲིད་གསུམ་བཀུག་གཅོད་གྲི་གུག་གིས༔ ཀླུ་གཉན་ས་བདག་ཐམས་ཅད་གཅོད༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཀླུ་གཉན་ཡོངས་སྒྲོལ་དབང་ཐོབ་ཤོག༔ ཨོཾ་ཕེ་ལཾ་ཧཱུྃ་ནཱ་ག་རཀྴ་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྦྲུལ་ཆུན་གཏད་ལ༔ ཧཱུྃ༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་༔ བསྡུས་ཏེ་དྲིལ་བའི་སྦྲུལ་ཆུན་འདི༔ འཇིགས་བྱེད་ཁྱོད་ལ་གཏད་པ་ཡིས༔ ཀླུ་གཉན་ཡོངས་སྒྲོལ་དབང་ཐོབ་ཤོག༔ ཨོཾ་ཕེ་ལཾ་ཧཱུྃ༔ ནཱ་ག་རཀྴ་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གསང་དབང་བསྐུར་བ་ལ༔ བདུད་རྩི་གཏད་ལ༔ ཧཱུྃ༔ ཡེ་ཤེས་ཀ་པཱ་ལ་ཡི་ནང་༔ ལྷུན་གྲུབ་གསང་བའི་བཅུད་བདུད་རྩི༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ གསང་བ་གསུང་གི་དབང་ཐོབ་ཤོག༔ ཨོཾ་ཡ་མཱནྟ་ཀ་ནཱ་ག་རཀྴ་ཧཱུྃ་ཨོཾ་ཕེ་ལཾ་ཧཱུྃ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿདུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འོད་དམར་སྤྲིན་དཔུང་ལྟ་བུ་ཡི་གེ་ཨོཾ་ཕེ་ལཾ་ཧཱུྃ་ཨཱཿཡིས་མཚན་པ་ཅན་གྱི་རྣམ་པར་སློབ་མའི་མགྲིན་པ་ནས་ཞུགས་ཏེ་ངག་དང་རླུང་གི་སྒྲིབ་པ་ཐམས་ཅད་སངས་ཀྱིས་དག་ནས་གསང་བ་གསུང་གི་དབང་ཡོངས་སུ་རྫོགས་པ་ཐོབ་པར་བསམ༔ དེ་ནས་ཤེར་དབང་བསྐུར་བ་ལ༔ རྡོ་རྗེ་ཧཱུྃ་མཚན་གཏད་ལ༔ ཧཱུྃ༔ ཡེ་ཤེས་རྡོ་རྗེས་སྒྲིབ་གཉིས་བཅོམ༔ དོན་དམ་མི་ཤིགས་རྡོ་རྗེ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་ཡ་མཱནྟ་ཀ་ནཱ་ག་རཀྴ་ཧཱུྃ༔ ཨོཾ་ཕེ་ལཾ་ཧཱུྃ་ཙིཏྟ་ཨ་བྷི་ཥིཉྩ་ཨཱཿཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འོད་ཀྱི་སྤྲིན་དཔུང་མཐིང་ནག་ཧཱུྃ་གིས་མཚན་པ་ཅན་གྱི་རྣམ་པར་བྱུང་ནས་སློབ་མའི་སྙིང་ག་ནས་ཞུགས་ཏེ་ཡིད་དང་ཐིག་ལེའི་སྒྲིབ་པ་ཐམས་ཅད་སངས་ཀྱིས་དག་པར་བྱས་ཏེ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཡོངས་སུ་རྫོགས་པ་ཐོབ་པར་བསམ༔ དེ་ནས་ཚིག་དབང་བསྐུར་བ་ལ༔ འོད་ལྔའི་ཐིག་ལེ་འཇའ་ཤེལ་དང་བཅས་པ་གཏད་ལ༔ ཧཱུྃ༔ རང་སྣང་འོད་གསལ་མངོན་བྱེད་པའི༔ འོད་ཐིག་འཇའ་ཤེལ་འདི་གཏད་པས༔ མ་རིག་མུན་པ་དྲུང་འབྱིན་ནས༔ དབྱིངས་དང་ཡེ་ཤེས་མངོན་གྱུར་ཏེ༔ མཚན་མ་ཚིག་བྲལ་དབང་ཐོབ་ཤོག༔ ཨོཾ་ཡ་མཱནྟ་ཀ་ནཱ་ག་རཀྴ་ཧཱུྃ༔ ཨོཾ་ཕེ་ལཾ་ཧཱུྃ་སརྦ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡེ་ཤེས་ཡོན་ཏན་གཟི་བྱིན་ཐམས་ཅད་འཇའ་ཡི་སྤྲིན་ཕུང་འཐིབ་པ་ལྟ་བུའི་རྣམ་པར་བྱུང་ནས་སློབ་མའི་གནས་ལྔར་ཐིམ་པས་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་ཚིག་དབང་རིན་པོ་ཆེ་ཐོབ༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བསྒོམ༔ དེ་ནས་གཏོར་མ་གཏད་ལ༔ ཧཱུྃ༔ སྐུ་གསུམ་རྒྱལ་བ་སྲས་བཅས་དང་༔ ཆེ་མཆོག་ནཱ་ག་རཀྴ་ཡིས༔ སྐུ་དང་ཞིང་ཁམས་ཡོངས་རྫོགས་པའི༔ བཀོད་པ་ལྷུན་གྲུབ་གཏོར་མ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ བསྙེན་སྒྲུབ་དཀྱིལ་འཁོར་ཡོངས་རྫོགས་པའི༔ དབང་མཆོག་དམ་པ་ཡོངས་ཐོབ་ཤོག༔ གུ་རུ་དྷེ་ཝ་ཌཱཀྐི་ནཱི་ཨོཾ་ཡ་མཱནྟ་ཀ་ནཱ་ག་རཀྴ་སརྦ་མཎྜ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་དང་བཅས་པ་གཏད༔ མཐར་བསྔོ་སྨོན་ཤིས་བརྗོད་དང་བཅས་པ་རྫོགས་པར་བྱ༔ འདི་ལྟར་རྡོ་རྗེ་སློབ་དཔོན་གྱིས༔ བསྒྲུབ་ཅིང་དབང་བསྐུར་ཐོབ་པའི་མཐར༔ འདི་བསྒྲུབ་སྐལ་བཟང་སྐྱེས་བུ་རྣམས༔ གྲུབ་པ་མངོན་གྱུར་དངོས་གྲུབ་ཐོབ༔ ནད་གདོན་བར་ཆད་རྐྱེན་དང་བྲལ༔ གནོད་བྱེད་གདུག་པ་ཚར་གཅོད་འགྱུར༔ གཟའ་བདུད་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་རང་གི་བུ་སློབ་འགའ་ཡི་ཆེད་དུ་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།