TTDL-ZABTER-16-MA-021

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-16-MA-021

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=16 |volumeLetter=MA |textnuminvol=021 |pdflink=File:TTDL-ZABTER-16-MA-021.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-16-MA }}

[edit]
༠༠༠༠༠༠བརྡ་ཡིག༧༡དག་སྣང་ཡེ་ཤེས་དྲྭ་བ་ལས༔ བདེ་བ་ཅན་གྱི་སྨོན་ལམ་ཐར་བའི་སྒོ་འབྱེད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཞིང་ཁམས་རྣམ་དག་ཡིད་ལ་དྲན་བྱས་ནས༔ དད་གུས་གདུང་ཤུགས་དྲག་པོས་འདི་བརྗོད་བྱ༔ ཨེ་མ་ཧོཿརང་སྣང་རྣམ་དག་བདེ་བ་ཅན་གྱི་ཞིང༔ བཀོད་པ་འཕྲུལ་གྱི་ལོངས་སྤྱོད་མཐའ་ཡས་དཔལ༔ དགའ་བདེའི་ཡོན་ཏན་མི་ཟད་རྒྱན་དུ་ཤར༔ ཞིང་དེའི་མགོན་པོ་སངས་རྒྱས་འོད་དཔག་མེད༔ དམར་གསལ་མཉམ་བཞག་སྐྱིལ་ཀྲུང་པད་ཟླར་བཞུགས༔ ཞི་འཛུམ་མདངས་ལྡན་མཚན་དང་དཔེ་བྱད་བརྒྱན༔ སྤྲུལ་སྐུའི་ཆས་རྫོགས་ཆོས་གོས་རྣམ་གསུམ་གསོལ༔ འོད་དང་གཟི་བརྗིད་མཐའ་ཡས་དཔག་ཏུ་མེད༔ སྤྲུལ་པའི་བྱང་སེམས་འཕགས་པའི་དགེ་འདུན་འཁོར༔ སྐུ་ལ་དཔག་ཡས་རྒྱལ་བའི་དཀྱིལ་འཁོར་རྫོགས༔ སྐུ་དང་ཞིང་ཁམས་ཡིད་ལ་དྲན་བྱས་ནས༔ རྩེ་གཅིག་གུས་ཤིང་གདུང་བས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་ཐམས་ཅད་མཆོད་པར་འབུལ༔ སྒོ་གསུམ་མི་དགེའི་ལས་ཀུན་མཐོལ་ལོ་བཤགས༔ བསོད་ནམས་དགེ་ཚོགས་ཀུན་ལ་རྗེས་ཡི་རང་༔ ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ དགེ་ཚོགས་ཅི་མཆིས་འགྲོ་བ་ཡོངས་ལ་བསྔོ༔ ནམ་ཞིག་ཚེ་ཡི་འདུ་བྱེད་བསྟུང་བའི་ཚེ༔ མགོན་པོ་འོད་དཔག་མེད་ཀྱི་ཞལ་མཐོང་ཞིང་༔ དབང་བསྐུར་བྱིན་རླབས་ལུང་བསྟན་མངོན་ཐོབ་ཤོག༔ འཁྲུལ་བ་ལུགས་འབྱུང་སྲིད་པ་ཡས་ལྡོག་ཚེ༔ སྐུ་གསུམ་ལྷུམས་འཇུག་གདོད་མའི་ནང་དབྱིངས་སུ༔ དང་པོའི་སངས་རྒྱས་འོད་མི་འགྱུར་བ་ཡི༔ ངང་དུ་ངོ་ཤེས་གདིང་ཐོབ་རང་གྲོལ་ཤོག༔ གལ་ཏེ་རང་ས་དེ་ལས་འདས་གྱུར་ན༔ ཤེས་པ་དང་པོ་བདེ་ཆེན་ཞིང་མཆོག་གི༔ ལྷུན་གྲུབ་བཀོད་པ་ཡོན་ཏན་ཚད་ཕེབས་ནས༔ གདོད་མའི་སངས་རྒྱས་འོད་དཔག་མེད་མགོན་གྱི༔ སྲས་ཀྱི་ཐུ་བོར་གྱུར་ནས་སངས་རྒྱས་ཤོག༔ གང་འདུལ་ཐབས་དང་ཐུགས་རྗེའི་རོལ་གར་གྱིས༔ སྲིད་མཚོར་དུབ་པའི་སྐྱེ་འགྲོ་དབུགས་དབྱུང་ཞིང་༔ སླར་ཡང་ཁམས་གསུམ་འཁོར་བ་ཆམ་གཅིག་ཏུ༔ སྐུ་གསུམ་ལྷུན་རྫོགས་ཆེན་པོར་འུབ་ཆུབ་ནས༔ ཁྱབ་བདག་གདོད་མའི་མགོན་པོར་སངས་རྒྱས་ཤོག༔ དེ་མཐར་སྨོན་ལམ་འགྲུབ་སྔགས་བདེན་ཚིག་བརྗོད༔ རྟག་ཏུ་འདིར་བརྩོན་ལས་ཅན་གང་སུ་དག༔ ཡང་དག་ལམ་ལ་ཕྱོགས་ཅིང་ཉེ་བར་འགྱུར༔ དུས་གསུམ་ཀུན་ཏུ་ཉམས་སུ་ལེན་པར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཅེས་པ་འདི་ནི་ཧོར་གྱི་བནྡེ་བསོད་ནམས་དཔལ་འབར་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་དཔའ་བོས་འོད་གསལ་སྒྱུ་འཕྲུལ་དྲྭ་བའི་དབྱིངས་ལས་བསྒྱུར་བ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།