TTDL-ZABTER-18-TSHA-014

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-18-TSHA-014

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=18 |volumeLetter=TSHA |textnuminvol=014 |pdflink=File:TTDL-ZABTER-18-TSHA-014.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-18-TSHA }}

[edit]
གསེར་པ་རབ་འབྱོར་ལ་གདམས་པའི་གླུ་དབྱངས་ཐོད་པའི་ཕྲེང་བ་བཞུགས།བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི། །ཡོན་ཏན་གཏེར་ལ་མི་ཕྱེད་འདུད། །སྐལ་པ་བཟང་པོའི་བན་ཆུང་ཁྱོད། །བླ་མ་བཟང་པོའི་བུ་བརྒྱུད་ལགས། །དམ་ཆོས་བཟང་པོའི་སྙིང་བཅུད་ལེན། །དད་བརྩོན་བཟང་པོ་མ་དོར་རེམ། །སྣང་སྲིད་འཁོར་འདས་འདོད་ཡོན་སྣང་། །ཐམས་ཅད་ཆོས་ཉིད་ཆེན་པོ་རུ། །མཉམ་པ་ཉིད་དུ་རོ་གཅིག་པའི། །ལྟ་བའི་རྒྱལ་པོ་བབ་ཀྱིས་རྫོགས། །བློ་ཡིད་གཉིས་ཀས་མ་བཅོས་པའི། །ཡེ་གནས་ཡེ་ཤེས་གོ་མ་འགགས། །བརྗོད་མེད་རིག་པ་ཟང་མ་ཐལ། །སྒོམ་པའི་རྒྱལ་པོར་ལྷུན་གྱིས་གྲུབ། །ཆོས་ཉིད་ཅི་ཡང་མ་ཡིན་པའི། །ངང་བཞག་རང་ཁར་འདུག་པ་ལས། །བྱར་མེད་ཡུལ་ལ་བྱ་བྱེད་པའི། །བྱ་བ་བཏང་བ་སྤྱོད་པའི་བབ། །གཞི་དབྱིངས་ཡེ་གྲོལ་ཆོས་ཀྱི་སྐུ། །ས་ལམ་ཡོན་ཏན་ཡེ་རྫོགས་པའི། །ངང་མཐོང་གདོད་མའི་མགོན་པོ་ཉིད། །རང་བྱུང་རང་ཤར་སངས་རྒྱས་ལགས། །ལམ་ནི་སྦྱང་བགྲོད་ཕྱིན་པ་མེད། །རང་ཐོག་རང་ངོ་ཤེས་པ་ཡི། །ངང་གནས་ཡེ་བབ་མངོན་གྱུར་དབྱིངས། །ཡེ་རིག་ལམ་གྱི་དམ་པ་ཡིན། །འབྲས་བུ་སླད་ནས་འབྱུང་བ་མེད། །ཐོབ་ལེན་མེད་པའི་དང་པོའི་གཞིར། །ཡེ་སངས་རྒྱས་པ་ཡང་མངོན་གྱུར། །སྤང་བླང་མེད་པར་རང་སར་གྲོལ། །དེ་ལྟར་བྱང་ཆུབ་སེམས་ཉིད་འདི། །གང་ལས་མ་བྱུང་གང་མ་སྐྱེས། །གང་དུ་མ་འགྱུར་གར་མི་བགྲོད། །གང་ཡང་མ་ཐོབ་གང་མ་གྲོལ། །ཁྱབ་བརྡལ་ནམ་མཁའི་འཁོར་ཡུག་ལ། །ནམ་མཁས་ནམ་མཁར་བསྒོམ་བསྒྲུབ་མེད། །སྒོམ་དང་བསྒོམ་མཁན་སྒོམ་རྒྱུའི་ཆོས། །ཡུལ་མེད་ཟང་ཐལ་ཆེན་པོར་སྟོར། །ཤེས་པ་དང་པོའི་སྣང་བ་ལ། །རྣམ་པར་རྟོག་པས་ཉེར་ལེན་པའི། །འཁྲུལ་པ་ཞེས་བྱ་འཁྲུལ་མོ་ཆེ། །གཞི་མེད་རྩ་བ་བྲལ་ལ་ལྟོས། །དེ་ལས་འཁོར་བའི་འཁོར་ལོ་ཉིད། །ལྷུན་གྲུབ་འོད་གསལ་ཆེན་པོ་རུ། །བཙན་ཐབས་ཉིད་དུ་གོ་འཕོ་བའི། །འཕོ་བ་ཆེན་པོར་ཉམས་སུ་ལོངས། །སྣང་བ་འོད་གསལ་ཉིད་དུ་མཆེད། །རིག་པ་བཅུད་དུ་སྨིན་ཅིང་དག།ཆོས་ཅན་ཆོས་ཉིད་ཆེན་པོར་ཟད། །གཞོན་ནུ་བུམ་སྐུར་དེ་བཞིན་གཤེགས། །མི་རྒན་འཆོལ་བའི་ལབ་མོ་དེ། །སེང་གེ་དཀར་མོའི་འོ་མ་བཞིན། །སྣོད་ལྡན་དག་གི་འཚོ་སྨན་མཆོག།སྣོད་མེད་རྣམས་ཀྱིས་ཆུ་རུ་འབོར། །མི་རྒན་བདུད་འཇོམས་རྡོ་རྗེས་སྨྲས། །། །