TTDL-ZABTER-18-TSHA-074

From Dudjom Wiki
Revision as of 09:49, 4 June 2024 by Jeremi (talk | contribs)

TTDL-ZABTER-18-TSHA-074
Wylie title TTDL-ZABTER-18-TSHA-074.pdf
Location bdud 'joms gling pa zab gter
Volume 18, Text 74, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །མི་རྒན་ཞིག་པོ་བདག་སྐྱོངས་ཤིག།མི་ལུས་ཐོབ་པ་མང་ལགས་ཀྱང་། །དོན་དམ་ཨུ་དུམ་ཝ་ར་ཙམ། །འཆི་བ་ཀུན་ལ་ཡོད་མོད་ཀྱང་། །མི་རྟག་དྲན་པ་ཉིན་སྐར་ཙམ། །རྒྱུ་འབྲས་ཐོས་པ་མང་ལགས་ཀྱང་། །སྤང་བླང་བྱེད་པ་སྲིད་པ་ཙམ། །འཁོར་བའི་སྡུག་བསྔལ་ཐོས་ལགས་ཀྱང་། །ངེས་འབྱུང་སྐྱེས་པ་དཀོན་ལ་ལྟོས། །སྐྱབས་སྡོམ་ཐོབ་པ་མང་ལགས་ཀྱང་། །དཀོན་མཆོག་སྐྱབས་སུ་བརྟེན་པ་དཀོན། །བྱང་སྡོམ་ཐོབ་པ་མང་ལགས་ཀྱང་། །བསླབ་བྱ་དང་ལེན་བྱེད་པ་དཀོན། །ཚོགས་བསགས་བྱེད་པ་མང་ལགས་ཀྱང་། །ལག་ལེན་འདེབས་པ་དཀོན་ལ་ལྟོས། །བླ་མ་བསྟེན་པ་མང་ལགས་ཀྱང་། །དམ་ཚིག་བསྲུང་མི་ཉུང་ལ་ལྟོས། །སྔགས་ལམ་ཞུགས་པ་མང་ལགས་ཀྱང་། །བསྐྱེད་རྫོགས་བསྒོམ་པ་ཉུང་ལ་ལྟོས། །མཆེད་ལྕམ་འགྲོགས་པ་མང་ལགས་ཀྱང་། །དག་སྣང་སྦྱང་བ་ཉུང་ལ་ལྟོས། །མདོ་ལམ་ཞུགས་པ་མང་ལགས་ཀྱང་། །འདུལ་ཁྲིམས་བསྲུང་མི་ཉུང་ལ་ལྟོས། །ཐོས་པ་སྦྱང་བ་མང་ལགས་ཀྱང་། །རང་རྒྱུད་ཐུལ་བ་ཉུང་ལ་ལྟོས། །སྒོམ་ཆེན་སྐད་པ་མང་ལགས་ཀྱང་། །ཉོན་མོངས་ཐུལ་བ་ཉུང་ལ་ལྟོས། །བྱ་བཏང་སྐད་པ་མང་ལགས་ཀྱང་། །བྱར་མེད་གནས་པ་ཉུང་ལ་ལྟོས། །ཆོས་པའི་གཟུགས་བརྙན་མང་ལགས་ཀྱང་། །ཆོས་བརྒྱད་སྤང་པ་ཉུང་ལ་ལྟོས། །བླ་ཆེན་སྐད་པ་མང་ལགས་ཀྱང་། །དོན་གྱི་བླ་མ་ཉུང་ལ་ལྟོས། །ཁ་ལྟ་སྟོང་སྐད་མང་ལགས་ཀྱང་། །སྟོང་ཉིད་རྟོགས་པ་ཉུང་ལ་ལྟོས། །གནས་འགྱུར་རྩིས་གདབ་མང་ལགས་ཀྱང་། །རིག་པ་མངོན་གྱུར་ཉུང་ལ་ལྟོས། །བླ་བཙུན་ཚུལ་འཛིན་མང་ལགས་ཀྱང་། །མཚམས་སྒྲུབ་བྱེད་པ་ཉུང་ལ་ལྟོས། །གྲུབ་དང་གཏེར་རྫུན་མང་ལགས་ཀྱང་། །སྒྲུབ་པ་བྱེད་པ་ཉུང་ལ་ལྟོས། །དེ་ལྟར་ཉུང་དང་དཀོན་པ་ཡི། །གྲལ་དུ་སྙོགས་ལ་མཛད་སྤྱོད་སྐྱོངས། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཡིན། །སངས་རྒྱས་ཐོབ་ལ་ལ་ཐང་མེད། །ཨ་ཧོ།ཡེ་གཞི་ཡི་འཁོར་འདས་ཆོས་རྣམས། །རྒྱ་མཚོ་དང་གཟའ་སྐར་གཟུགས་བཞིན། །རང་སྣང་དུ་གཉིས་མེད་རོལ་པ། །མངོན་གྱུར་གྱི་རྫོགས་ཆེན་ལྟ་བ། །ཡེ་གནས་ཀྱི་དྭངས་གསལ་ཤེས་རབ། །རང་ངོ་རུ་རང་ཞལ་མཇལ་ནས། །རང་ཉིད་ལ་རང་དབང་བསྒྱུར་བའི། །བློ་འདས་དང་བྱར་མེད་བསྒོམ་པ། །སྒོ་གསུམ་གྱི་བྱ་སྤྱོད་ཐམས་ཅད། །ཆམ་བཞག་ཏུ་ཡན་པར་བཏང་ནས། །རབ་དབེན་གྱི་སྐྱེད་ཚལ་དམ་པར། །ཚེ་སྒྲུབ་གཉིས་མཉམ་བྱེད་སྤྱོད་པ། །ཇི་བཞིན་དུ་རྟོགས་པར་བྱས་ནས། །སྒྲོན་བཞི་ཡི་གནད་གཅིག་དྲིལ་ནས། །མྱུར་ལམ་གྱི་ཐོད་རྒལ་སྦྱང་ནས། །སྣང་བཞི་ཡི་ཉམས་མྱོང་མཐར་ཕྱིན། །ལྷུན་གྲུབ་ཀྱི་བུམ་སྐུར་ལྡང་ནས། །རྣམ་མཁྱེན་གྱི་སངས་རྒྱས་གོ་འཕང་། །མི་རིང་བར་མྱུར་དུ་ཐོབ་འོང་། །སྐུ་ཚེ་ཡི་སྨད་དུ་སླེབས་ཚེ། །མཆོག་དམན་གྱི་གྲོགས་ཀྱིས་མི་སྐྱོབ། །འཆི་ཆོས་ལ་ཚེ་མཇུག་དྲིལ་ཐོངས། །ལྟ་སྒོམ་གྱི་ཡིན་ལུགས་རྟོགས་བཞིན། །ཉམས་ལེན་གྱི་གནད་ལ་རེམ་མཛོད། །ཁྱོད་འདྲ་ཡི་རྟོགས་པ་ལྡན་ནས། །ཉམས་ལེན་གྱི་ངང་ཚུལ་མེད་ན། །ནོར་བུ་མཆོག་རྙེད་པ་སྟེར་བཞིན། །ཕན་མེད་དུ་བོར་བ་ཕངས་འགྱོད། །མ་རྟོགས་པའི་སྐྱེས་བུ་དག་གིས། །མ་རིག་པར་དོར་ཀྱང་ཅི་བྱ། །རྟོགས་ལྡན་གྱི་སྐྱེས་བུ་དམ་པ། །རྣམ་མཁྱེན་གྱི་དབྱིངས་ལ་མཆོང་ཤོག།ཅེས་བླ་མ་དམ་པ་ནོར་བུ་རིག་འཛིན་གྱིས་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་གང་དྲན་འཆོལ་མར་བྲིས་པར་དགེ། །།