TTDL-ZABTER-18-TSHA-085

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-18-TSHA-085
Wylie title TTDL-ZABTER-18-TSHA-085.pdf
Location bdud 'joms gling pa zab gter
Volume 18, Text 85, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
རྗེ་དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག།དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་སྐྱོངས། །ཁྱོད་ངེས་པར་ཐར་ལམ་བགྲོད་འདོད་ན། །དུས་ད་རེས་དལ་འབྱོར་མིའི་ལུས་རྟེན། །སྔོན་བསོད་ནམས་བསགས་པའི་འབྲས་བུ་ལགས། །འདི་དོན་དང་ལྡན་པ་ཞིག་ལ་རེམ། །ཚེ་འདི་སྣང་རྨི་ལམ་གནས་སྐབས་ཙམ། །དེར་རྟག་འཛིན་ཞེན་པ་ཆོད་པར་གྱིས། །ནོར་ལོངས་སྤྱོད་རྩྭ་ཁའི་ཟིལ་པ་འདྲ། །དེར་གསོག་འཇོག་བྱ་བ་ཆོད་པར་གྱིས། །བདག་སྣང་ཞེན་འཛིན་པ་དུག་གི་སྡོང་། །འཕྲུལ་ཡལ་ག་ལོ་འདབ་སྣང་བ་ཀུན། །དེར་མངོན་ཞེན་སེམས་ཅན་འཁྲུལ་པའི་གཞི། །དཔེ་སྒྱུ་མ་དང་ནི་སྒྱུ་མའི་འཕྲུལ། །ངང་ཚུལ་བཞིན་མཐོང་བའི་ཤེས་རབ་ཀྱིས། །དོན་ཞེན་མེད་རྟོགས་པ་གནད་དུ་ཟུངས། །ཆོས་བདག་མེད་རྟོགས་པའི་ཤེས་རབ་ཀྱིས། །གདིང་ཐོབ་ན་བྱང་སེམས་དེ་ལས་མེད། །དོན་ཡུལ་མེད་ཟང་ཐལ་ངང་རྟོགས་ན། །ལས་རྒྱུ་འབྲས་མེད་པ་དེ་ཡིས་གོ། །གཞི་ཀུན་ཏུ་བཟང་པོའི་ཞལ་མཇལ་ན། །དཔལ་རྡོ་རྗེ་འཆང་ཆེན་དེ་ལས་མེད། །ཡར་སངས་རྒྱས་ཟེར་བའི་སྒྲ་བོ་ཆེ། །ངོ་རང་ཐོག་འཕྲོད་ལས་གཞན་ན་མེད། །མར་འཁོར་བ་ཟེར་བའི་སྡུག་བསྔལ་ཡུལ། །མིག་འཁྲུལ་བ་ཙམ་ལས་གཞན་མ་མཆིས། །ཆོས་དགེ་དང་སྡིག་པའི་རྒྱུ་རྣམས་ཀུན། །ཡིད་བསམ་པ་ཙམ་ལས་གྲུབ་པ་མེད། །བློས་བཞག་པ་ཙམ་ལས་ཡུལ་གྲུབ་མེད། །དེ་ཡུལ་དུ་བལྟ་བ་ཐམས་ཅད་འཁྲུལ། །དེར་འཁྲུལ་པ་གཞན་གྱིས་བྱུང་མིན་ཏེ། །གཞི་མ་རིག་པ་ཡིས་བསྐྱེད་ནས་སུ། །དཔེ་ཆུ་ལས་གཟའ་སྐར་གཟུགས་བརྙན་བཞིན། །ཚུལ་མེད་དང་མ་གྲུབ་ཨེ་མཐོང་མོད། །དེ་མཐོང་ན་མཁ྄༷འ་འགྲ྄ོ༷་མ྄༷་དངོས་ཡིན། །དེ་མ་མཐོང་འཁྲུལ་པའི་སེམས་ཅན་གྱིས། །ཆགས་སྡང་དང་ཕྲག་དོག་རྒྱུད་ཁེངས་ན། །གདོན་མ་རིག་པས་ཟིན་བུད྄༷་མེད྄༷་ལགས། །ཚེ་ཕྱི་མ་དོན་དུ་གཉེར་བ་ཡིས། །ཚེ་འདི་སྣང་མཆིལ་མའི་ཐལ་བ་བཞིན། །རྒྱུད་ངེས་འབྱུང་དྲག་པོས་ཁེངས་གྱུར་ན། །འདྲ྄ེ༷་ཟེར་ཡང་ཡ྄ེ༷་ཤེས྄༷་མཁ྄༷འ་འགྲ྄ོ༷་ལགས། །མདངས་ལྷུན་གྲུབ་སྣང་བ་མངོན་བྱེད་ཅིང་། །བདེ་སྡུག་བསྔལ་མཛེས་དང་མི་མཛེས་པའི། །རྣམ་རྟོག་གི་ཆོ་འཕྲུལ་སྣ་ཚོགས་དང་། །གདངས་ལུས་ཀྱི་ན་ཚ་མི་བདེ་བའི། །ཟུག་རྔུ་དང་མི་འདོད་ཉེར་འཚེ་བ། །གསང་བ་ནི་སེམས་ཀྱི་དགའ་སྡུག་དང་། །ན་ཚ་ཀུན་སོས་ཁའི་སྤྲིན་བཞིན་དུ། །མ་ངེས་པར་འབྱུང་བ་ཨེ་གོ་ཏོ། །ང་མི་རྒན་འཆོལ་ཚིགས་བླུན་ཚིགས་འདིའི། །དོན་ཤེས་ན་མཁའ་འགྲོའི་ཐུག་ཐིག་ཡིན། །དོན་མ་ཤེས་སྐྱེ་བོ་གད་མོའི་གནས། །དེར་སེམས་ལ་གདམས་པའི་ཡི་གེ་འདི། །ཤོག་ལོགས་སུ་མ་འཇོག་བློ་ལ་ཟུངས། །བློ་ཡུལ་ཙམ་མ་བསྐྱུར་ཉམས་ལེན་མཛོད། །ད་བུ་མོ་ཆགས་སྡང་འདུ་འཛི་སྤོངས། །ཚེ་ཕྱི་མར་ལྕང་ལོ་ཅན་གྱི་གནས། །ཁྱོད་པུ་ཏྲི་མ་ཡི་དབང་མོར་འགྱུར། །དཔལ་ཀུན་གཟུགས་རྒྱལ་པོའི་ཏཱ་ར་མོ། །ལེགས་ན་ནི་ཤ་ར་ཏཱ་ཏི་རེ། །ཉེས་ན་ནི་ཏུ་ཏ་པཱ་ཤ་ཀོ། །དེ་ཤེས་པར་གྱིས་ལ་ཙཀྵུའི་རྣོ། །ཡུལ་དྷརྨ་དྷ་ཏུའི་དབྱིངས་སུ་ཨ། །ང་མི་རྒན་འཆད་རྩོད་རྩོམ་གསུམ་ལ། །བློ་ཤིན་ཏུ་རྨོངས་པས་བཤད་མ་ཤེས། །མ་མཁའ་འགྲོ་ཁྲོས་མ་ནག་མོ་ལ། །ཚིག་མ་བཤད་བརྡ་ཡི་གླུ་འདི་གོ། །ཁྱོད་སངས་རྒྱས་སྒྲོན་མའི་ཐུགས་ལ་ཞོག།དོན་ཤེས་ན་རྒྱུད་སྡེ་རྒྱ་མཚོའི་བཅུད། །ཚིག་འདི་ལ་མ་ཚང་གང་ཡང་མེད། །ད་ཞལ་གདམས་བྱ་བ་ངས་མི་ཤེས། །བརྡའ་ཤེས་ན་ཚེ་གཅིག་སྒྲུབ་ལ་དྲིལ། །བརྡའ་མ་ཤེས་ལུང་མ་བསྟན་དུ་སོང་། །ཡུལ་གར་འགྲོ་ངེས་མེད་ཨེ་གོ་ཡ། །ཞེས་མི་རྒན་བདུད་འཇོམས་རྡོ་རྗེ་ཆང་གིས་སྨྱོས་ནས་རྣམ་རྟོག་ཆལ་མ་ཆོལ་མར་ཤར་ཚད་ཇོ་མོ་སངས་རྒྱས་སྒྲོན་མ་ལ་གདམས་པ་མ་མཁའ་འགྲོའི་ལུང་བསྟན་དང་འབྲེལ་བའི་ཚིག་འདི་དག་རང་སློབ་ངག་དབང་ཕྲིན་ལས་ཀྱིས་ཡི་གེར་དག་པར་ཕབ་པའི་དགེ་བས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།དགེའོ། །ལེགས་སོ། །ཤུ་བྷཾ། །། །