TTDL-ZABTER-18-TSHA-117

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-18-TSHA-117

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=18 |volumeLetter=TSHA |textnuminvol=117 |pdflink=File:TTDL-ZABTER-18-TSHA-117.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-18-TSHA }}

[edit]
ཀློང་ཡངས་ཕྱམ་བརྡལ་ལྟ་བའི་ཀློང་། །རྒྱུན་ཆད་མེད་པ་སྒོམ་པའི་ཀློང་། །བླང་དོར་བྲལ་བ་སྤྱོད་པའི་ཀློང་། །ཆོས་སྐུ་གཅིག་ཆར་གྱི་བདག་ཉིད་ཡིན། །ངོ་བོ་ཀ་དག་ཆོས་ཀྱི་སྐུ། །རང་བཞིན་འགགས་མེད་ལོངས་སྤྱོད་རྫོགས། །ཐུགས་རྗེ་ཕྱོགས་བྲལ་སྤྲུལ་པའི་སྐུ། །སྐུ་གསུམ་གཅིག་ཆར་སྐུ་བཞིའི་བདག།གཞི་ཀ་དག་ཡེ་སངས་རྒྱས་པ་ཡིན། །ལམ་མ་བཅོས་ལྷུན་གྲུབ་རྫོགས་པ་ཡིན། །འབྲས་བུ་རང་ཀློང་རང་སད་ཡིན། །གཞི་དང་ལམ་དང་འབྲས་བུ་གསུམ། །ངོ་བོ་ཆོས་སྐུའི་ཀློང་དུ་གཅིག།འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །འདི་གསུམ་གཤིས་ལ་ཡེ་ནས་གྲུབ། །གཞི་དབྱིངས་མ་རིག་མལ་དུ་དུབ། །ཀུན་གཞི་ཞེས་བྱ་འཁྲུལ་པའི་གཞི། །དཔེར་ན་ཆུ་དང་ཆབ་རོམ་འདྲ། །སངས་རྒྱས་པའི་ཡེ་ཤེས་ཆུ་དང་འདྲ། །ཉོན་མོངས་དང་ནི་ཡེ་ཤེས་གཉིས། །དཔེར་ན་རྒྱ་མཚོའི་ཆུ་དང་འདྲ། །ཡེ་ཤེས་དྭངས་པའི་ཆུ་དང་འདྲ། །ཉོན་མོངས་རྙོགས་མའི་ཆུ་དང་འདྲ། །སེམས་དང་རིག་པ་གཉིས་པོ་འདི། །དཔེར་ན་ནམ་མཁའ་སྟོང་པ་འདྲ། །ཉི་མ་ཤར་དང་མ་ཤར་ཁྱད། །ཉིན་མོ་ལྟ་བུའི་རིག་པ་ལ། །མཚན་མོ་ལྟ་བུའི་སེམས་ཉིད་ཡིན། །ཀུན་གཞི་ཆོས་སྐུ་དེ་དང་མཚུངས། །ཀུན་གཞི་མུན་ཁམས་ལྟ་བུ་ལ། །ཆོས་སྐུ་ཉིན་མོ་ལྟ་བུའོ། །སྐུ་གསུམ་ཆོས་སྐུ་གཅིག་འཆར་འདི། །དཔེར་ན་གློག་འོད་ནམ་མཁའ་འདྲ། །སྟོང་པར་བརྟེན་ནས་གློག་འབྱུང་ཞིང་། །གློག་ལ་བརྟེན་ནས་འོད་སྣང་ངོ་། །དེ་བཞིན་ཆོས་སྐུ་གཏིང་གསལ་ལས། །མ་འགགས་ལོངས་སྤྱོད་རྫོགས་སྐུར་སྣང་། །ལོངས་སྐུ་ལ་བརྟེན་སྤྲུལ་སྐུ་སྣང་། །སྐུ་གསུམ་གཅིག་དྲིལ་ཆོས་སྐུ་ཡིན། །བདུད་འཇོམས་པས་སོ། །༈ཨཻ།འཁོར་འདས་ཀྱི་ཆོས་ཀུན་དག་མཉམ་གྱི་རོལ་པར། །ཀ་དག་གི་ཡེ་གཞི་ཀུན་བཟང་མོར་དེ་ག།མངོན་གྱུར་གྱི་ངང་དུ་བསམ་མེད་དུ་གནས་ན། །གཞི་ལམ་དང་འབྲས་བུ་གཅིག་རྫོགས་ཀྱི་ཆོས་ཉིད། །རྫོགས་ཆེན་གྱི་རང་ལམ་དེ་ལས་ཀྱང་གཞན་མེད། །མ་རིག་པའི་སྒོང་རྒྱའི་མུན་པ་དེ་ཁྲོལ་ནས། །ཀུན་ཁྱབ་ཀྱི་ཡེ་ཤེས་འོད་གསལ་གྱི་ཉི་གཞོན། །རྩོལ་མེད་དང་བཅོས་མེད་རང་གསལ་དུ་རྡོལ་ཚེ། །གཞི་ཉིད་ནི་ཟང་ཐལ་སྤྲོས་བྲལ་གྱི་རང་བཞིན། །ལམ་ཉིད་ནི་ཟང་ཐལ་འཁོར་འདས་ཀུན་འུབ་ཆུབ། །མ་བྱུང་སྔར་མ་བྱུང་ཕྱི་ནས་ཀྱང་མི་འབྱུང་། །ད་ལྟ་ནི་མ་བྱུང་རང་གནས་ཀྱི་ཡེ་ཤེས། །རང་ཐོག་ཏུ་རང་ས་འཛིན་པའི་རང་གདེང་དེ་རྙེད་ཚེ། །རང་ངོ་རུ་རང་སངས་རྒྱས་པའི་རྫོགས་ཆེན་དེ་ལོས་ཡིན། །ཅེས་བདུད་འཇོམས་པས་སྨྱོ་གླུ་ཉུང་བསྡུས་གཏིང་ཟབ་པ་ཀུན་གྱིས་རྟོགས་པར་དཀའ་བ་ལྷུན་གྲུབ་རྡོ་རྗེའི་ངོར་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ། །སརྦ་མངྒ་ལཾ། །། །