TTDL-ZABTER-13-PA-077

From Dudjom Wiki
Revision as of 09:39, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-13-PA-077
Wylie title TTDL-ZABTER-13-PA-077.pdf
Location bdud 'joms gling pa zab gter
Volume 13, Text 77, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཞིང་སྐྱོང་སེང་གདོང་ཡབ་ཡུམ་གྱི་སྲོག་གཏད་ནོར་བུ་དབང་རྒྱལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢༨༥ཞིང་སྐྱོང་མགོན་པོའི་སྲོག་གཏད་ལ༔ དང་པོ་བསྒྲུབ་པའི་གཞུང་བསྲངས་ཏེ༔ དབང་རྫས་ལེགས་བཤམས་མཆོད་གསོལ་གྱི༔ བྱིན་གྱིས་བརླབས་ནས་སྐྱབས་སེམས་འབོག༔ བགེགས་བསྐྲད་བསྲུང་བའི་འཁོར་ལོ་བསྒོམ༔ མཎྜལ་དབུལ་ཞིང་གསོལ་གདབ་ནི༔ ཀྱཻ༔ དུས་གསུམ་རྒྱལ་བ་འདུས་པའི་སྐུ༔ རྡོ་རྗེའི་བླ་མ་པདྨ་འབྱུང་༔ བདག་ཅག་རྣམ་གྲོལ་སར་བསྒྲོད་པའི༔ སྐལ་བར་ལྡན་པའི་སྐྱེས་བུ་ལ༔ གནས་བདག་སྲུང་མ་ཡོངས་འདུས་པའི༔ བཀའ་སྲུང་གཉན་པོའི་སྲོག་གཏད་ཞུ༔ ལན་གསུམ༔ དེ་ནས་བླ་མས༔ ཧོཿལས་དང་སྐལ་བར་ལྡན་པ་ཡི༔ སྐྱེས་བུ་དམ་པ་མཆོག་ཁྱོད་ལ༔ སྲོག་གི་དབང་མཆོག་འདི་གཏད་ན༔ དགའ་ཞིང་སྤྲོ་བའི་སེམས་ཀྱིས་ཉོན༔ དེ་ནས་སློབ་མ་ལྷར་གསལ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་སྐད་ཅིག་གི་སློབ་མ་རྣམས་ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་ཕུར་པ་བསྣམས་པ༔ ཤིན་ཏུ་ཁྲོས་ཤིང་གཏུམ་པ་སྟག་མོ་གྲུས་མ་ལ་ཆིབས་པ་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པར་བསྒོམ༔ རང་གི་མདུན་གྱི་ནམ་མཁར་ཞིང་སྐྱོང་ཀུན་དགའ་གཞོན་ནུ་འཁོར་ཞིང་རྡུལ་གྱི་གྲངས་དང་མཉམ་པར་བསྐྱེད་ལ༔ དེ་ནས་དམ་ཆུ་སྦྱིན་པ་ལ༔ དབྱིངས་ནས་ཁྲོ་བོ་གནོད་སྦྱིན་དང་དཔལ་ཆེན་ཕྱག་ན་རྡོ་རྗེ་འོད་དུ་ཞུ་ནས་དམ་ཚིག་གི་བདུད་རྩི་ལ་ཐིམ་པར་བསམ༔ ཧོཿརྡོ་རྗེ་ཁྲོ་བོ་གནོད་སྦྱིན་དང་༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ཡི༔ འདའ་དཀའ་དམ་ཚིག་རྡོ་རྗེའི་ཆུ༔ མི་དང་སྲུང་མའི་ལྕེ་ལ་བཞག༔ སྙིང་གི་དཀྱིལ་དུ་ཐིག་ལེར་བབ༔ དམ་ཚིག་གཉན་པོའི་སྲོག་ཐོབ་དམིགས༔ མི་དག་ལྷ་ཡིས་མནའ་བོར་བསམ༔ ས་མ་ཡ་ན་ར་ཀན༔ ཞེས་དམ་ཆུ་ལྷ་ལ་བྲན༔ སློབ་མའི་ལྕེ་ལ་བཞག་སྟེ༔ མདུན་གྱི་ལྷ་འོད་དུ་ཞུ་ནས་སློབ་མ་ལ་ཐིམ༔ ལུས་དང་གྲིབ་མའི་ཚུལ་དུ་གཉིས་སུ་མེད་པར་བསྒོམ༔ དེ་ནས་ཞིང་སྐྱོང་མགོན་པོའི་སྐུ་གཏད་ལ༔ ཧོཿས་འོག་ས་སྟེང་ས་བླ་དང་༔ ཕྱོགས་བཞི་མཚམས་བརྒྱད་ལ་གནས་པའི༔ དབང་ཕྱུག་ཆེན་པོ་སེང་གེའི་གདོང་༔ སྟོང་པའི་རྒྱས་འདེབས་སི་ན་མ༔ ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བ་གནོད་སྦྱིན་ཁྲི༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་༔ བདུད་ཕོ་ཐོད་ཁུར་མི་ཡི་ལུས༔ བདུད་མོ་སྲོག་ལེན་ཤ་ཟ་མོ༔ གནས་ཡུལ་སྲུང་མ་ཐམས་ཅད་ཀྱི༔ ལུས་ངག་ཡིད་ལ་དབང་ཐོབ་ཤོག༔ སེང་ཧ་མུ་ཁ་ས་པ་རི་ཝཱ་ར་ཧཱུྃ༔ ཏྲི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་སློབ་མ་ཞིང་སྐྱོང་མགོན་པོའི་སྐུ་དངོས་སུ་གྱུར་ཏེ༔ ཉི་མ་ལས་ཉི་ཟེར་དང་ཉི་འོད་སྣང་བ་བཞིན་དུ་རྟེན་སྣང་སྲིད་ཀྱི་ཁམས་དང་བརྟེན་པ་དྲེགས་པའི་འཁོར་ཚོགས་ཐམས་ཅད་རང་བྱུང་རང་ཆས་སུ་རྫོགས་པར་གྱུར༔ ཨོཾ་ཏྲི་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སིངྷ་མུ་ཁ་ཧཱུྃ་ཕཊ༔ ཌཱ་ཀི་ནཱི་ཏྲི་སི་ན་ར་མ་བྷྱོ༔ དྷྲི་ཏྲི་ཡ་མ་རཱ་ཙ་དུ་ཏྲི་ཕུ་ཏྲི་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་ཙིཏྟ་སྲོག་ཏྲེག་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སློབ་མ་ཞིང་སྐྱོང་དངོས་སུ་གསལ་བ་ལ༔ དར་ནག་བེར་ཆེན་གཏད་ལ༔ ཧཱུྃ༔ བདུད་མགོན་ནག་པོ་ཆེན་པོ་ལ༔ དར་ནག་བེར་ཆེན་འདི་གསོལ་བས༔ གཞན་གྱི་མི་ཐུབ་དྲག་ཤུལ་གྱི༔ སྣང་སྲིད་ཡོངས་ལ་དབང་བསྒྱུར་ཤོག༔ སརྦ་སྤཪྴེ་ཧ་ཀཱ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དར་ནག་རུ་མཚོན་གཡས་སུ་གཏད་ལ༔ ཧོཿབདུད་མགོན་ནག་པོ་ཆེན་པོ་ལ༔ དར་ནག་རུ་མཚོན་འདི་གཏད་པས༔ དུག་གསུམ་རྒྱུ་རྐྱེན་དགྲ་བགེགས་ཀུན༔ མ་ལུས་བསྒྲལ་བའི་དབང་ཐོབ་ཤོག༔ ཏྲི་ཤུ་ལ་དུ་དུ་ས་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དམར་གཏོར་གཏད་ལ༔ ཧཱུྃ༔ བདུད་མགོན་ནག་པོ་ཆེན་པོ་ལ༔ སྙིང་དང་གཏོར་ཟོར་འདི་གཏད་པས༔ སྐྱེ་འགྲོའི་སྲོག་ལ་དབང་མཛད་ཅིང་༔ དགྲ་དཔུང་བརླག་པའི་དབང་ཐོབ་ཤོག༔ ཨ་མུ་ཀའི་ཙིཏྟ་ཐུན་ཡ་ཟོར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བེར་དམར་དང་ཁ་ཊཱྃ་ཙིཏྟ་སོགས་གཏད་ལ༔ ཧཱུྃ༔ ཡུམ་མཆོག་སི་ན་ར་མ་ལ༔ གཞན་གྱི་མི་ཐུབ་གོ་ཁྲབ་དང་༔ བེར་དམར་ཁ་ཊཱྃ་དགྲ་སྙིང་དང་༔ ནད་ཀྱི་རྐྱལ་པ་འདི་གཏད་པས༔ སྐྱེ་འགྲོའི་སྲོག་ལ་དབང་ཐོབ་ཤོག༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྒྲུབ་གཏོར་གཏད་ལ༔ ཧཱུྃ༔ དྲག་ཤུལ་བདག་པོ་ཡབ་ཡུམ་ལ༔ སྒྲུབ་པའི་གཏོར་མ་འདི་གཏད་པས༔ སྒྲུབ་དང་དཀྱིལ་འཁོར་ཡོངས་རྫོགས་ལ༔ དབང་ཐོབ་རབ་འབྱམས་ཕྲིན་ལས་ཀུན༔ ཡོངས་གྲུབ་དབང་མཆོག་ཐོབ་པར་ཤོག༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་གཏོར་མ་ལྷ་རུ་བསྐྱེད་པ་དེ་སློབ་མ་ལ་གཏད་པ་ཙམ་གྱིས་ལུས་དང་གྲིབ་མའི་ཚུལ་དུ་མི་འབྲལ་བའི་གྲོགས་སུ་འགྲུབ་པར་བསམ་ལ་གཏོར་མ་དངོས་གྲུབ་ཏུ་རོལ༔ མཐར་སྨོན་ལམ་གདབ་ཅིང་ཤིས་པ་བརྗོད༔ དེ་ཡིས་དྲེགས་པ་བྲན་ཁོལ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་ཉེར་མཁོའི་ཆེད་དུ་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།།།