TTDL-ZABTER-18-TSHA-115

From Dudjom Wiki
Revision as of 09:40, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-18-TSHA-115
Wylie title TTDL-ZABTER-18-TSHA-115.pdf
Location bdud 'joms gling pa zab gter
Volume 18, Text 115, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྣང་གཞི་དང་མཆེད་གཞི་ནམ་མཁའ་ཡིན་ཏེ།དཔེར་ན་རྒྱ་མཚོ་ལ་གཟའ་སྐར་མཆེད་པ་ལྟ་བུའོ། །དེས་ན་ནམ་མཁའ་མངོན་དུ་གྱུར་པ་ཉིད་ལས་བསྒོམ་རྒྱུ་ཏིལ་འབྲུ་ཙམ་ཡང་ཡོད་པ་མིན། །ཅིའི་ཕྱིར་ན་ཀུན་བྱེད་ལས། །ཆོས་ཀུན་ནམ་མཁའི་མཚན་ཉིད་དེ། །ནམ་མཁའི་མཚན་ཉིད་དེ་བཞིན་ཉིད། །ཅེས་དང་། །སློབ་དཔོན་སྦ་སྒོམ་པས། །ནམ་མཁའ་འདི་ཁོང་དུ་ཆུབ་པར་གྱིས་ཤིག།དེ་རྟེན་མེད་དུ་རྟོགས་ན་བསྒོམ་མེད་ཀྱི་གཟེར་ཆེན་ཐེབས་པ་ཡིན། །ཞེས་གསུངས་པའི་དོན་འདི་ལ་ཡིད་ཆེས་པར་གྱིས་ཤིག།ཀྱཻ།བུ་ཁྱོད་རང་གི་ལྟ་བ་ལ། །ཡིད་ཆེས་གདིང་ཐོབ་གནད་དུ་མཆོག།འཁོར་འདས་གཉིས་ཀྱི་ཆོས་སོ་ཅོག།རྨི་ལམ་སྣང་བ་ཇི་བཞིན་དུ། །ཐམས་ཅད་རང་སྣང་ཁོ་ན་ལས། །གཞན་དུ་རྡུལ་ཙམ་གྲུབ་པ་མེད། །མེད་པའི་ངང་ཚུལ་རྟོགས་པ་ནི། །ལྟ་བའི་རྒྱལ་པོ་ལྷུན་གྱིས་གྲུབ། །ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ནི། །མངོན་གྱུར་ངང་གནས་ཡེ་ཤེས་ཏེ། །མ་སྒོམ་བསྒོམ་པ་ཆེན་པོ་སྟེ། །སྒོམ་པའི་རྒྱལ་པོར་ལྷུན་གྱིས་གྲུབ། །སྣ་ཚོགས་སྣང་བའི་ཆོས་རྣམས་ལ། །ཞེན་པ་དབྱིངས་སུ་ལྡོག་པ་དང་། །ཐ་མལ་སྤྱོད་པ་ཆམ་བཞག་སྟེ། །རང་དབང་རྒྱལ་པོའི་རང་ས་ཟུངས། །སྤྱོད་པའི་རྒྱལ་པོ་ལྷུན་གྱིས་གྲུབ། །འཁྲུལ་པའི་སྣང་བ་སྣ་ཚོགས་ཆོས། །དག་དབྱིངས་དྭངས་མའི་རོལ་པ་རུ། །བཙན་ཐབས་ཉིད་དུ་འཕོ་བའི་ཕྱིར། །སྒྲོན་མ་བཞི་ཡི་གསང་ལམ་ལ། །རྟག་ཏུ་སྤྱོད་པ་མཆོག་ཏུ་ཟུངས། །ས་ལམ་རིམ་པ་མང་བརྗོད་པ། །ཐེམ་བཞིའི་ཐོད་རྒལ་གྱིས་བགྲོད་པའི། །མྱུར་ལམ་ཟབ་མོ་ཉམས་སུ་ལོངས། །བརྩོན་འགྲུས་ཞན་པར་མ་གྱུར་ན། །ལྟས་དང་འཆི་བར་མི་ལྟོས་པར། །ཡང་དག་རྫོགས་པའི་སངས་རྒྱས་ཐོབ། །འཇའ་ལུས་ཆེན་པོ་ཨེ་མ་ཧོ། །མི་རྒན་བདག་གི་སྙིང་གཏམ་ཡིན། །སྙིང་ལ་འཆོངས་ཤིག་སྐལ་ལྡན་བུ། །ཅེས་བདུད་འཇོམས་པས་སོ། །། །