TTDL-ZABTER-13-PA-032

From Dudjom Wiki
Revision as of 10:37, 23 August 2024 by Mort (talk | contribs)

TTDL-ZABTER-13-PA-032
Wylie title TTDL-ZABTER-13-PA-032.pdf
Location bdud 'joms gling pa zab gter
Volume 13, Text 32, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
ཧཱུྃ༔ རང་ཉིད་ཡི་དམ་དྲག་པོ་ཧེ་རུ་ཀར་གསལ་བའི་མདུན་དུ་བསྐལ་པའི་མེ་རླུང་འཚུབས་མ་འཁྱིལ་བའི་ཀློང་དུ༔ གནོད་སྦྱིན་ཤན་པ་ཆེན་པོ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་བཞི་ཞབས་གཉིས་དང་ལྡན་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ་རྣོ་དཀར་གྱི་མཆེ་བ་བཞི་གཙིགས་པ༔ སྤྱན་གསུམ་སྡང་མིག་ཏུ་གཡོ་ཞིང་ཁྲོ་གཉེར་སྡུད་པ༔ དབུ་སྐྲ་ཁམ་ནག་སྲིད་པའི་རྩེ་མོར་བརྫེས་ཤིང་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ༔ སྨ་ར་དང་སྨིན་མར་མེ་ཡི་ཚྭ་ཚྭ་འཕྲོ་ཞིང་རབ་འཇིགས་དྲག་པོའི་གད་རྒྱངས་སྒྲོགས་པ༔ ཕྱག་དང་པོ་གཉིས་ན་རལ་གྲི་དང་སྙིང་ཞགས་བསྣམས་ཤིང་འོག་མ་གཉིས་ཀྱིས་གྲི་གུག་དང་བྷན་ཁྲག་ཐོད་ཕྲེང་བསྣམས་པ༔ དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་ཅིང་མེ་ཁྱུང་དམར་པོ་རླུང་གཤོག་ལ་བཅིབས་པ༔ ཡུམ་མཆོག་སྙིང་འབྱིན་དམར་མོ་སྤུ་གྲི་དང་དགྲ་སྙིང་བསྣམས་པ་ཡབ་ལ་འཁྱུད་པ༔ སྤྲུལ་པའི་ལས་མཁན་བྱེ་བ་འབུམ་སྡེས་བསྐོར་ནས་ཁམས་གསུམ་སྲིད་གསུམ་གྱི་བློ་ཡིད་སེམས་གསུམ་ལ་དབང་བསྒྱུར་ནས་མངའ་འོག་ཏུ་སྡུད་པ༔ བདག་གི་བཀའ་ཉན་ཅིང་གསུང་སྡོད་པ༔ ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པར་བསྐྱེད་དོ༔ ཧོཿདགོངས་སུ་གསོལ་ལོ༔ གནོད་སྦྱིན་ཤན་པ་དམར་ནག་བཀའ་སྡོད་སྤྲུལ་འཁོར་དང་བཅས་པ་ཐམས་ཅད་བཀའ་དང་དམ་ཚིག་གཉན་གྱིས་འབོད་དོ༔ མ་འདའ་མ་ཐོགས་སྒྲུབ་ཅིང་བརྟེན་པའི་གནས་འདིར་གཤེགས་ཤིག་བྱོན་ཅིག༔ བཛྲ་ས་མ་ཡ་ཛ་ཛཿལན་གསུམ་བརྗོད༔ ཛཿཧཱུྃ་བྃ་ཧོཿཏིཥྛ་བཛྲ་ས་མ་ཡ་ལྷན༔ ན་མོ་ཧོཿགནོད་སྦྱིན་ཆེན་པོའི་ཐུགས་ཀར་ཉི་མའི་གདན་ལ་ཧཱུྃ་དམར་ཀྵཿཧྲཱིཿས་མཚན་པ་ཅན་ལ་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ༔ བཟླས་པ་ཙམ་གྱིས་དམ་ཚིག་གཉན་པོའི་སྲོག་ཐོབ་ནས་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པར་བསམ༔ ཨེ་ཧེ་རྨ་རུ་ཙེ་གུ་ཎ་ཧྲཱིཿཏྲིཿཧཱུྃ་ཛཿགསོལ་མཆོད་བྱའོ༔ བདུད་འཇོམས་པས་སོ།།།།