TTDL-ZABTER-18-TSHA-118

From Dudjom Wiki
Revision as of 16:11, 6 September 2024 by Mort (talk | contribs)

TTDL-ZABTER-18-TSHA-118
Wylie title TTDL-ZABTER-18-TSHA-118.pdf
Location bdud 'joms gling pa zab gter
Volume 18, Text 118, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
[edit]
འགྲོ་བའི་མགོན་པོ་པདྨ་འབྱུང་། །མཐོན་མཐིང་རལ་པའི་ཅོད་པན་དུ། །རྟག་བཞུགས་ཐུགས་རྗེས་བདག་སྐྱོངས་ལ། །རྣམ་དག་ལེགས་པའི་ལམ་དུ་ཚུད། །ཆོས་ལམ་ཞུགས་པའི་སྐྱེས་བུ་ཁྱོད། །ཐར་པ་དོན་དུ་གཉེར་འདོད་ན། །དལ་འབྱོར་རྙེད་དཀའི་ཚུལ་དྲན་ནས། །དོན་དང་ལྡན་ཕྱིར་དགེ་སྦྱོར་འབུངས། །འཆི་བ་སྙིང་ནས་དྲན་མཛོད་ལ། །དལ་ཁོམ་མེད་པར་ཆོས་ལ་འབུངས། །རྒྱུ་འབྲས་བླང་དོར་མ་ནོར་བར། །རྟག་ཏུ་ལག་ལེན་ཐེབས་པར་གྱིས། །འཁོར་བའི་སྡུག་བསྔལ་དྲན་མཛོད་ལ། །མྱུར་དུ་ཐར་བའི་ཐབས་ལ་འབུངས། །བདེ་སྐྱིད་ཆེ་གྲགས་ཕྱུག་འདོད་ཀྱང་། །བསམ་པ་ཐོག་ཏུ་ཁེལ་དུས་མེད། །འཇིག་རྟེན་བྱ་བ་ལ་འབད་ཀྱང་། །འགྲུབ་ཅིང་ཟིན་དུས་མི་འོང་བས། །ལས་སྣ་ཟིན་པ་ལྷ་ཆོས་ཡིན། །གཉེན་དང་ཉེ་དུ་ཕན་ཚུན་ཀུན། །བརྩེ་བས་བསྐྱངས་ཀྱང་མཐར་ཐུག་མེད། །རང་སྡུག་རང་གིས་ཉོས་པ་ལས། །དྲིན་ལན་དྲན་དང་གཟོ་མི་འོང་། །དེ་དོན་སོམས་ལ་རང་ཚོད་ཟུངས། །རང་ལུས་ཤ་ཁྲག་མ་གཏོགས་པ། །ཟས་ནོར་གཞན་ལ་བྱིན་ནའང་། །མགུ་ཞིང་ངོམས་པའི་དུས་མི་འོང་། །སྒྲུབ་རྒྱག་ཁོ་ནར་འགྲོ་བ་གལ། །ནོར་རྫས་བསགས་པ་རྒྱ་ཆེ་ཡང་། །ཤི་ཚེ་གཞན་གྱིས་ཧབ་ཤ་བྱེད། །ཆགས་དང་འཁྲུལ་པའི་གཞི་མ་ཡིན། །ཆོག་ཤེས་བརྟེན་པ་གནད་དུ་ཟུངས། །ཁ་ཡེངས་མིག་ཡེངས་རྣམ་གཡེང་གིས། །མི་ཚེ་སྟོང་ཟད་བྱེད་པ་དག༔ འཆི་ཁ་འགྱོད་དང་སྙིང་སྡུག་གིས། །ཅི་བྱ་གཏོལ་མེད་ལ་ཐུག་ངེས། །དེ་དོན་མ་བརྗེད་སེམས་ལ་ཞོག།སྡུག་བསྔལ་སེམས་ལ་བཏགས་བཞིན་དུ། །འཇིག་རྟེན་ཕ་རོལ་འགྲོ་བའི་ཚེ། །སྐྱབས་མགོན་དཔུང་གཉེན་གང་ཡང་མེད།སྡུག་བསྔལ་སྒོས་ཁུར་བྱེད་དགོས་འབྱུང་། །ཚེ་འདིའི་བྱ་བའི་འཕྲོ་བསྟུང་ལ། །རྒྱལ་བ་གོང་མའི་གཤེགས་ཤུལ་སྙོགས། །ཁམས་གསུམ་འཁོར་བར་འཁྱམས་པའི་རྒྱུ། །ང་མེད་ང་རུ་འཛིན་པའི་སེམས། །གཞི་རྩ་བྲལ་བའི་ངང་ལ་ལྟོས། །གཞི་དབྱིངས་ཁྱབ་བརྡལ་ནམ་མཁའ་ཆེ། །བདག་ཏུ་འཛིན་པས་གུད་དུ་བཅད། །སྒྱུ་མ་ལྟ་བུའི་རྟེན་འབྲེལ་ལས། །འདོད་ཡོན་ལྔ་ཡི་སྣང་བ་ཤར། །མིང་དང་དངོས་པོ་མཚན་མ་བྲལ། །ཆུ་ཡི་གཟའ་སྐར་ནམ་མཁའི་འཇའ། །སྣང་བཞིན་གཞི་དབྱིངས་སྟོང་གསལ་ཉིད། །སྣོད་བཅུད་འདོད་ཡོན་ཆོས་སུ་ཤར། །གཞི་དབྱིངས་ཉིད་དུ་རོ་གཅིག་པས། །ངང་ཚུལ་རྟོགས་པའི་ཤེས་རབ་ཆེ། །ལྟ་བའི་རྒྱལ་པོ་བླ་ན་མེད། །སྐུ་དང་ཡེ་ཤེས་ཡོན་ཏན་དཔལ། །ལམ་དང་འབྲས་བུའི་ཆོས་རྣམས་ཀུན། །ཡེ་གཞི་ཉིད་ལ་རང་ཆས་རྫོགས། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །མངོན་གྱུར་ངང་ནས་བསྒྲུབ་པ་མཆོག།འཁོར་འདས་དག་མཉམ་ཆེན་པོའི་དབྱིངས། །ལུང་མ་བསྟན་དུ་མ་སོང་བར། །ཇི་ལྟ་ཇི་སྙེད་ཡེ་ཤེས་ཀྱིས། །མཁྱེན་དང་གཟིགས་པའི་གདིང་ལྡན་ཅིང་། །སྒོ་གསུམ་བྱ་བ་དགུ་ཕྲུགས་དང་། །བྱར་མེད་ངང་དུ་ཆམ་གྱིས་བཞག།ཕྱོགས་ལྷུང་བྲལ་བ་ལྟ་བའི་ཚད། །གཟའ་གཏད་མེད་པ་སྒོམ་པའི་ཚད། །བྱར་མེད་ངང་གནས་སྤྱོད་པའི་ཚད། །ཚད་གསུམ་དང་ལྡན་རྣལ་འབྱོར་ལམ།འཁོར་འདས་དག་མཉམ་གཞིའི་ཆོས་སྐུ། །མངོན་གྱུར་ངང་གནས་ལམ་གྱི་མཆོག།རང་ཐོག་རང་གྲོལ་འབྲས་བུ་སྟེ། །ཇི་བཞིན་ཡེ་གནས་ཡེ་ཤེས་ཀྱིས། །གནས་ལུགས་ཡིན་ལུགས་རྟོགས་ནས་སླར། །སྒྲོན་མ་རྣམ་བཞིའི་གསང་ལམ་ལ། །བརྟེན་ནས་གོལ་འཕྱུགས་མེད་པ་ཡི། །གནད་ལ་བསླབ་ཅིང་རྒྱུད་ལ་ཁེལ། །རིང་པོར་མི་ཐོགས་མྱུར་བའི་ལམ། །ཚེ་འདིར་ཡང་དག་སངས་རྒྱས་པའི། །གདམས་ངག་ཟབ་བརྒྱའི་ཡང་བཅུད་མཆོག།ཡལ་བར་མ་དོར་སྐལ་ལྡན་བུ། །སྔོན་བསགས་བསོད་ནམས་ལས་འབྲས་བུ། །ད་ལྟ་མི་ལུས་རིན་ཆེན་ཐོབ། །འཁོར་འདས་གཉིས་ཀྱི་ས་མཚམས་ཡིན། །གར་འགྲོ་གང་ཟག་ཁྱོད་ལ་རག།མི་རྒན་བདག་གི་སྙིང་གཏམ་ཡིན། །མ་བརྗེད་སྙིང་གི་མེ་ལོང་གྱིས། །ཡི་གེ་ཉར་ཚགས་མ་བྱེད་པར། །དོན་ལ་གཞོལ་ཏེ་ལག་ལེན་ཐོབ། །ལས་ངན་དྲེད་པོའི་རྗེས་མ་འབྲང་། །ཡ་རབས་དག་གི་རྗེས་སུ་སྙོགས། །གདམས་ངག་རྩ་བ་དེ་ལས་མེད། །ཅེས་པ་འདི་སློབ་བུ་ཡེ་ཤེས་ཉི་མ་དང་དོན་དམ་ཞེས་བྱ་བ་གཉིས་ཀྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ། །། །