TTDL-ZABTER-14-PHA-041

From Dudjom Wiki
Revision as of 13:47, 21 August 2024 by Mort (talk | contribs)

TTDL-ZABTER-14-PHA-041
Wylie title TTDL-ZABTER-14-PHA-041.pdf
Location bdud 'joms gling pa zab gter
Volume 14, Text 41, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
བརྡ་ཡིག་༠༠༠༠༠༣༧༡༔ གཉིད་འོད་གསལ་འདྲེས་པའི་དག་སྣང་ངོར༔ ཡུལ་ཡངས་པ་ཆེན་པོ་སྐྱིད་མོའི་ཐང་༔ ཁོད་སྙོམས་ཤིང་ཉམས་དགའི་ཆུ་སྐྱེས་བཞད༔ མཁའ་སྤྲིན་བྲལ་ཉི་གཞོན་གསལ་བ་ཡི༔ ལྷོའི་ནམ་མཁར་སྐར་ཆེན་མཇུག་རིང་ཤར༔ མེ་འབར་བས་ནམ་མཁའ་མེ་རིས་ཁྱབ༔ མཇུག་བརྐྱང་བའི་ངོས་ནས་དུད་པ་འཐུལ༔ འོག་བར་སྣང་ས་གཞི་ཁྱབ་པ་རྨིས༔ བདག་སེམས་ལ་དམག་ངོ་ཨི་ཡིན་བསམ༔ སྐབས་དེ་རུ་ཡེ་ཤེས་མཁའ་འགྲོ་མ༔ མ་བདེ་ཆེན་དབང་གི་རྒྱལ་མོ་ཡིས༔ ངག་སྙན་པས་གླུ་འདི་ལོན་པ་ཐོས༔ ཨ་ཨ༔ ཨཻ༔ ཀློང་ཕྱོགས་མཐའ་ཡས་པ་ཀ་དག་གཞི༔ གཞི་སྐྱོན་བྲལ་ཡོན་ཏན་རྫོགས་པ་ཆེར༔ ཆེར་གོམས་འབྲས་སྔོན་སྦྱངས་ལས་འཕྲོ་སད༔ སད་ཙམ་ལས་གདིང་ཐོབ་ཨ་མའི་བུ༔ བུ་མ་ཡེངས་ཉོན་དང་ངས་གླུ་ལེན༔ གཞི་ཀ་དག་ཆོས་དབྱིངས་སྐྱེ་མེད་ཀློང་༔ མདངས་འགགས་མེད་ལྷུན་གྲུབ་སྒོ་མཆེད་པས༔ གདངས་མ་ངེས་འཁོར་འདས་གཉིས་སུ་ཤར༔ ཐད་ཁོད་སྙོམས་ཡངས་པ་ཐབས་ཀྱི་ཆ༔ ཉམས་དགའ་བའི་ཆུ་སྐྱེས་སྣང་བའི་རྒྱན༔ སྟེང་ནམ་མཁའ་སྤྲིན་བྲལ་ཤེས་རབ་ཆ༔ འོད་གསལ་གྱི་ཉི་མ་ཡེ་ཤེས་རྒྱན༔ ཡུལ་གཞན་དབང་རང་སྣང་ཡེ་ཤེས་ཀློང་༔ དོན་ངོ་བོ་ཉིད་དུ་དག་མཉམ་ཐལ༔ བརྡ་གོའམ་སྐྱེས་མཆོག་ཀློང་གྲོལ་པ༔ གཟའ་མཇུག་རིང་ལྷོ་ཡི་ནམ་མཁར་ཤར༔ མེ་འབར་བས་སྟེང་གི་མཁའ་དབྱིངས་ཁྱབ༔ མཇུག་དུ་བ་སྔོ་ནག་ས་གཞི་འགེངས༔ དྲི་མནམ་པས་ཉམ་ཆུང་བརྒྱལ་བ་རྣམས༔ ཁྱོད་བསྟན་པ་གཟའ་ཡིས་བསྲུང་བ་དང་༔ ཉམས་རྟོགས་པའི་བར་ཆད་བསྲེགས་པ་དང་༔ ཡུལ་འདོད་ཁམས་དབང་དུ་བསྒྱུར་བ་དང་༔ དགྲ་དམ་ཉམས་མ་རུངས་བཏུལ་བའི་བརྡ༔ དུང་མདོག་གི་ཟླ་བ་ཤར་ནས་ཚེས༔ ཟླ་འོད་ཀྱིས་སྣང་སྲིད་ཁྱབ་པ་དང་༔ རབ་བསིལ་གྱི་ཟིལ་པ་འདེབས་པ་རྣམས༔ ལྷ་ཚོགས་བདག་ཡབ་ཡུམ་བསྟན་ལ་གདུང་༔ ཆོས་སྙིང་ཐིག་བསྟན་མདངས་ཕྱུང་བ་དང་༔ བརྒྱུད་འཛིན་ལ་དངོས་གྲུབ་སྩོལ་བའི་ལྟས༔ ནུབ་པདྨ་རཱ་གའི་རི་བོ་ལ༔ འོད་དམར་པོས་ས་སྟེང་གཡོགས་ནས་སུ༔ སྤང་མེ་ཏོག་རྣམས་ཀྱི་གདངས་གསལ་བྱེད༔ ལྷ་གནོད་སྦྱིན་དམར་ནག་བསྟན་ལ་བརྩེ༔ བོད་ཁམས་ཀྱི་སྐྱེ་འགྲོའི་བློ་དབང་བསྒྱུར༔ བརྒྱུད་འཛིན་གྱིས་ས་སྟེང་ཁྱབ་པའི་ལྟས༔ བྱང་གནམ་ལྕགས་འབར་བའི་རི་བོ་ལ༔ ལོ་ཐོག་དང་འབྲས་དྲུག་སྨིན་རྒྱས་ཤིང་༔ ཆུ་ཆེན་པོ་ཕྱོགས་མཚམས་བརྒྱད་དུ་འབབ༔ འདི་བསྟན་པའི་སྲོག་ཤིང་རི་བོ་ལ༔ དངོས་གྲུབ་ཀྱི་ལོ་ཐོག་རྒྱས་པ་དང་༔ ཡུལ་ཆེན་པོ་བརྒྱད་དུ་དར་རྒྱས་རྟགས༔ དེ་ཁྱོད་ཀྱི་བསྟན་པའི་སྔ་ལྟས་ལགས༔ ད་མཐའ་དབུས་འཁྲུགས་རྩོད་ཆེར་མོད་ཀྱང་༔ གནས་མི་བདེའི་འཚུབས་མ་ལང་རྐྱེན་ནི༔ ཡུལ་མཐའ་ཡི་དམ་སྲི་དབུས་སུ་ཤོར༔ བདུད་མི་སྲུན་སྐྱེ་བུས་བློ་སྙིང་དཀྲུགས༔ ལས་མཚོན་འཁྲུགས་གཡུལ་འགྱེད་ཁྲག་ཏུ་རོལ༔ ཡུལ་གཅིག་མགོ་གཅིག་གི་མི་ལོན་ཀྱང་༔ ད་ཕན་ཚུན་མཐུན་པ་རེ་དཀོན་ཙམ༔ དུས་སྙིགས་མ་བདུད་ཀྱི་བསྟན་པ་འདིར༔ ལས་སྨོན་ལམ་ལོག་པའི་དམ་སྲི་དགུས༔ འཕྲུལ་ཀླ་ཀློར་དགའ་བའི་བི་ན་ཡིས༔ བློ་ཆོས་ལ་དགའ་བའི་བན་བཙུན་བསླུ༔ ཚོང་ཁེ་དང་དམེ་འཁྲུགས་ཀུན་ཇག་སྤྱོད༔ ལས་སྡིག་སྤྱོད་སྤྱང་ཀུའི་རྒྱུད་དུ་འགྱུར༔ དེ་བཟློག་ཐབས་ལས་ལ་བརྩོན་འདོད་ན༔ གནས་བསྟན་གཞི་དགོན་གནས་ཐམས་ཅད་དང་༔ དོན་ཚུལ་བཞིན་བསྟན་ལ་འཇུག་པ་ཡི༔ འཁོར་བཀོལ་དང་སློབ་འབངས་དཔོན་སློབ་ཀུན༔ ལྷ་ཡི་དམ་སྲུང་མའི་བསྙེན་སྒྲུབ་འབད༔ ལོ་རེ་བཞིན་ཚོགས་བསྐང་ཁྲི་རེ་དང་༔ དུས་རྒྱུན་དུ་སྨོན་ལམ་རྣམ་དག་གདབ༔ ལས་དེ་ལྟར་བྱས་པའི་གནས་གང་དག༔ དཔལ་པདྨ་འོད་ལྟར་བཀྲ་ཤིས་འགྱུར༔ ཞེས་ཟེར་ནས་ཆོས་ཉིད་མཁའ་ལ་ཡལ༔ སྤྲང་མ་ནུས་བདུད་འཇོམས་རྡོ་རྗེས་སྨྲས༔ དགེའོ།།།།