DJYD-KABUM-05-CA-008

From Dudjom Wiki
Revision as of 05:20, 1 June 2024 by Jeremi (talk | contribs)

DJYD-KABUM-05-CA-008
Wylie title DJYD-KABUM-05-CA-008.pdf
Location bdud 'joms rin po che bka' 'bum
Volume 5, Text 8, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)(སྒྲུབ་ཆེན་བཀའ་བརྒྱད་དགུ་འདུས་ཀྱི་རྣལ་འབྱོར་རྒྱུན་གྱི་ཉམས་ལེན་སྙིང་པོར་དྲིལ་བ་བཞུགས།)ཨོཾ་སྭསྟི། (བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་རྣལ་འབྱོར་རྒྱུན་གྱི་ཉམས་ལེན་དུ་བྱ་བ་ལ། རྒྱུན་བཤགས་ཡན་ལག་བརྒྱད་པས་ཚོགས་བསགས་སྔོན་དུ་འགྲོ་བས།)ཧཱུྃ༔ སྤྲོས་མེད་ཡང་དག་དེ་བཞིན་ཉིད༔ ཀུན་ཁྱབ་རང་གསལ་ཀུན་ཏུ་སྣང་༔ རང་བྱུང་རྒྱུ་ཡི་ཡི་གེ་ཧཱུྃ༔ དེ་ལས་འོད་འཕྲོས་སྣོད་བཅུད་སྦྱངས༔ འབྱུང་བ་རིམ་བརྩེགས་ཡུམ་ལྔའི་ཀློང་༔ བྷྲཱུཾ་ལས་ཡེ་ཤེས་གཞལ་ཡས་ཁང་༔ དུར་ཁྲོད་རབ་འཇིགས་དཀྱིལ་འཁོར་དབུས༔ དྲེགས་པ་པདྨ་ཉི་ཟླའི་སྟེང་༔ རྒྱུ་ཡི་ཡི་གེ་གདན་ལ་བབས༔ སྤྲོ་བསྡུའི་སྦྱོར་བས་དཔལ་ཆེན་སྐུ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་འདོར་སྟབས་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་ཧཱུཾ༔ སྤྱུན་དགུ་ཞལ་བགྲད་མཆེ་བ་གཙིགས༔ གཡས་ཀྱི་ཕྱག་གསུམ་རྡོ་རྗེ་གདེངས༔ གཡོན་གྱི་ཕྱག་གསུམྦྷན་དམར་འཛིན༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ གནམ་ཞལ་ཡུམ་ཆེན་ཀུན་བཟང་སྦྱོར༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་༔ གཡས་པས་གཙོ་འཁྱུད་ཁ་ཊྭཱྃ་བསྣམས༔ གཡོན་པས་དུང་དམར་(1བ)གཙོ་ལ་སྟོབ༔ བསྐལ་པའི་མེ་དཔུང་ཀློང་ན་རོལ༔ སྣང་སྟོང་ཟུང་འཇུག་སྐུ་ཡི་དབྱིངས༔ སྤྱི་བོར་རིག་འཛིན་ཐོད་པ་རྩལ༔ དཀར་དམར་རྡོ་དྲིལ་ཕྱག་རྒྱ་བསྒྱུར༔ དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད༔ སེར་ནག་བེ་ཅོན་ཐོད་ཁྲག་བསྣམས༔ མགྲིན་པར་དབང་ཆེན་རྟ་མཆོག་དཔལ༔ དམར་སྨུག་པདྨ་བྷཉྫ་འཛིན༔ ཐུགས་ཀར་ཡང་དག་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དུང་ཁྲག་རོལ༔ ལྟེ་བར་རྡོ་རྗེ་གཞོན་ནུ་ཆེ༔ ལྗང་ནག་ཕྱག་གཉིས་ཕུར་བུ་འདྲིལ༔ གསང་བ་བླ་མེད་ཧེ་རུ་ཀ༔ མཐིང་ནག་བྱ་ཁྱུང་ཞིང་དབྱུག་འཕྱར༔ བརླ་གཡས་དྲེགས་པ་ཀུན་འདུལ་ནི༔ མཐིང་ནག་ཐོ་བ་མདུང་ཐུང་གསོར༔ བརླ་གཡོན་ཁྲག་འཐུང་སྟོབས་ལྡན་ནག༔ དུད་ཁ་ལྕགས་ཀྱུ་སྦྲུལ་ཞགས་འཆིངས༔ ཀུན་ཀྱང་རང་རང་ཡུམ་དང་འཁྲིལ༔ རིགས་ཀྱི་ཚོམ་བུ་ཅི་ཡང་སྤྲོ༔ རྡོ་རྗེའི་གཤོག་པ་གཡས་གཡོན་ལ༔ ཀླུ་འདུས་ཁྱུང་ཆེན་དཀར་ནག་རོལ༔ གཞན་ཡང་བ་སྤུའི་ཁུང་བུ་ཚུན༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ དེ་ནས་དམ་ཡེ་གཉིས་སུ་མེད༔ རང་བྱུང་ལྷུན་གྲུབ་ཆེན་པོར་བསྒོམ༔ ཙིཏྟ་རིན་ཆེན་ཟུར་བརྒྱད་དབུས༔ ཡེ་ཤེས་སེམས་དཔའ་རྡོར་སེམས་ཀྱི༔ ཐུགས་དབུས་རྡོ་རྗེ་ཧཱུྃ་གི་མཐར༔ འབར་བའི་སྔགས་ཕྲེང་སྒྲར་བཅས་འཁོར༔ (2ན)འོད་ཀྱིས་ལུས་དཀྱིལ་ལྷ་རྣམས་བསྐུལ༔ དེ་རྣམས་སྙོམས་ཞུགས་དགྱེས་འོད་ཀྱིས༔ རྩ་གསུམ་མཆོད་ཅིང་བྱིན་རླབས་བསྡུས༔ རིགས་དྲུག་ཉོན་མོངས་དུག་ཆེན་སྦྱངས༔ གཉིས་སྣང་དྲེགས་པ་ཟིལ་གྱིས་མནན༔ གཟུང་འཛིན་དགྲ་བགེགས་ཚར་ཐག་བཅད༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ སྣང་སྲིད་གཞིར་བཞེངས་ལྷ་སྔགས་དབྱིངས༔ ཁྲག་འཐུང་རོལ་པའི་ཕྱག་རྒྱར་ཤར༔ མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར༔ ཨོཾ་བཛྲ་ཀྲོ་ངྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ (ཅེས་གཙོ་སྔགས་དང་།)ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ (ཅེས་ཁྲོ་བོ་སྤྱི་བསྡུས་ཀྱི་སྙིང་པོ་ཉིད་ཅི་འགྲུབ་ཏུ་བཟླ་ཞིང་། མཐར་ལས་སྦྱོར་སྤྲོ་ན་མགར་གྱི་ཚྭ་ཚྭ་ལྟ་བུའི་དམིགས་གནད་དང་བཅས་དྲག་སྔགས་སོ་ལྔ་པའམ་ཅུང་ཟད་རེ་བཟླས་ལ།)སྣང་སྲིད་ཁྲོ་བོའི་དཀྱིལ་འཁོར་རྣམས༔ ཐུགས་ཀྱི་ཐིག་ལེ་ཆེན་པོར་ཐིམ༔ ཧཱུྃ་ཧཱུྃ་ཧཱུྃ༔ དཔལ་ཆེན་པོ་ཡི་དབྱིངས་ཉིད་ལས༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསལ༔ ཕཊ་ཕཊ་ཕཊ༔ བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾཿ མི་གནས་ཡེ་ཤེས་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་སུ་ལྷུན་གྲུབ་ནས༔ ཧེ་རུ་ཀ་དཔལ་གོ་འཕང་ཐོབ༔ འགྲོ་བ་ཀུན་གྱི་དཔལ་དུ་ཤོག༔ (ཅེས་དང་ཤིས་པ་བརྗོད་པས་མཚམས་སྦྱར་(2བ)ཏེ་རྒྱུན་གྱི་སྤྱོད་ལམ་ལ་འཇུག་གོ ། ཞེས་པའང་མཆོག་སྤྲུལ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རབ་གསལ་ཟླ་བ་རྒྱས་པའི་སྡེའི་གསུང་གིས་བསྐུལ་བ་ལྟར་གཏེར་གཞུང་ཁག་ལས་བཏུས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཛ་ཡནྟུ།། །།)