TTDL-ZABTER-13-PA-095

From Dudjom Wiki
Revision as of 10:49, 23 August 2024 by Mort (talk | contribs)

TTDL-ZABTER-13-PA-095
Wylie title TTDL-ZABTER-13-PA-095.pdf
Location bdud 'joms gling pa zab gter
Volume 13, Text 95, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ལས་མྱུར་འགྲུབ་སླ་དྲག་ཤུལ་སྟོབས་དང་ལྡན་པའི་མ་ཆེན་ཤ་ཟ་ཧོར་མོའི་བསྐུལ་བ་གནམ་ལྕགས་ཐོག་མདའ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཤྲཱི་ཧེ་རུ་ཀ་ན་མ་ཧོཿབ་ལིང་ཤ་དང་ཁྲག་སྐྱེམས་བཤམས༔ གདོང་ལ་ཁྲག་བྱུགས་སྐྲ་བསིགས་ཏེ༔ འཇིགས་པའི་ང་རོས་སྡང་སེམས་བསྐྱེད༔ དེ་ནས་དྲག་ཏུ་བསྐུལ་བ་ལ༔ ཀྱཻ༔ ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ བོད་ཀྱི་ཡུལ་གྱི་ཕ་མཐའ་དང་༔ བལ་པོའི་ཡུལ་གྱི་ཚུར་མཐའ་རུ༔ ཁྲག་མཚོ་རྦ་རླབས་གནམ་དུ་འཕྱོ༔ དུག་དང་མུན་པའི་ན་བུན་འཐུལ༔ ཆོ་སྒྲ་སོད་རྒྱོབ་འབྲུག་སྟོང་ལྟར༔ དྲག་ཅིང་ལྡིར་བའི་རང་སྒྲ་ཡིས༔ ཤིན་ཏུ་འཇིགས་ཤིང་ཡ་ངའི་གནས༔ གནས་དེར་སུ་བཞུགས་སུ་མ་བཞུགས༔ མི་སྲུན་ཤ་ཟ་ཧོར་མོ་དང་༔ འཁོར་དུ་སྤྲུལ་པ་ཤ་ཟ་མོ༔ རང་འདྲ་བརྒྱད་ཀྱིས་བསྐོར་ཞིང་འདུད༔ བཞེངས་ཤིག་བཞེངས་ཤིག་ད་བཞེངས་ཤིག༔ ཁྲག་མཚོ་ཁོལ་མའི་ཀློང་ནས་བཞེངས༔ དུག་རླངས་འཕྱོ་བའི་ཀློང་ནས་བཞེངས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ ནམ་མཁའ་སྟོང་པའི་དབྱིངས་ནས་བཞེངས༔ བཞེགས་ཤིག་བཞེངས་ཤིག་ད་བཞེངས་ཤིག༔ ཤ་ཟ་ཆེན་མོ་ད་བཞེངས་ཤིག༔ ཁྲག་འཐུང་ཆེན་མོ་ད་བཞེངས་ཤིག༔ མ་བདུད་རྒྱལ་མོ་ད་བཞེངས་ཤིག༔ སྲོག་གཅོད་མ་མོ་ད་བཞེངས་ཤིག༔ དབུགས་ལེན་མ་མོ་ད་བཞེངས་ཤིག༔ ཐན་བདག་མ་མོ་ད་བཞེངས་ཤིག༔ ལྟས་ངན་འཕྲུལ་གྱི་བདག་མོ་ཁྱོད༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ མྱུར་བ་ཉིད་དུ་གཤེགས་སུ་གསོལ༔ ཤ་ཁྲག་དམར་གྱི་གཏོར་མ་དང་༔ གསེར་སྐྱེམས་རྒྱུག་ཆང་འདི་བཞེས་ལ༔ དགྲ་བོའི་ཡུལ་དུ་ད་རྒྱུག་ཅིག༔ དམ་ཉམས་དགྲ་བོ་ཆེ་གེ་མོའི༔ མིག་སོགས་དབང་པོའི་སྒོ་འཕྲུལ་ཅིག༔ ལྟས་ངན་ཐན་གྱི་ཡོ་ལངས་ཐོངས༔ མིང་ནས་བོས་ལ་སྐྲ་ནས་འཐེན༔ བུད་མེད་ཚོགས་ཀྱི་ངུ་འབོད་གྱིས༔ འུག་པ་ཧ་ཧ་རྒོད་དུ་ཆུག༔ ནམ་མཁའི་བྱ་ཡི་ཐན་སྣ་ཐོངས༔ ས་གཞི་སྲོག་ཆགས་སྣ་ཚོགས་ཀྱི༔ ཐན་དང་ལྟས་ངན་སྣ་ཚོགས་སྟོན༔ གཟུགས་དང་སྒྲ་སོགས་མི་རུང་བའི༔ ཐན་ལྟས་སྣ་ཚོགས་སྣང་བར་གྱིས༔ རྣམ་རྟོག་བཙན་ཐབས་ཉིད་དུ་སློང་༔ མངོན་སུམ་ཁྱོད་ཀྱི་གཟུགས་སྟོན་ལ༔ དཀོར་ཆ་ཟས་ནོར་གང་ཡང་རུང་༔ ཁྱོད་ཀྱི་ཤེས་བཞིན་ཁྱེར་ཤོག་གྱིས༔ འོ་དོད་ལྷང་ལྷང་འབོད་པར་གྱིས༔ ང་ཡིས་བརྗོད་པའི་ཚིག་དེ་དག༔ རྡོ་རྗེ་འཆང་དང་པདྨ་འབྱུང་༔ རིག་འཛིན་བརྒྱུད་པ་དང་བཅས་པའི༔ བཀའ་དང་ཐ་ཚིག་གཉན་པོ་རྣམས༔ དཔང་དུ་བཙུགས་ཏེ་གཏའ་རུ་བཞག༔ མ་འདའ་བཛྲ་ས་མ་ཡ༔ མ་མོ་ཤ་ཟ་ཧོར་མོ་ཆོ་ཆོ་རྒྱུག་རྒྱུག་བྷྱོ་བྷྱོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས་བསྐུལ་ཞིང་རྦད་ཚིག་དེ་དག་ཆུད་མི་ཟ་བར་འགྲུབ་པར་ཤོག་ཅིག༔ ཅེས་གཏོར་མ་ཐུན་གྱིས་བྲབ་པ་དང་དུས་མཉམ་དུ་ཐལ་མོ་བརྡབ༔ སྐྲ་བསིགས༔ བྲང་བརྡུངས་ཏེ༔ གཏོར་མ་དགྲ་ཕྱོགས་སུ་འཕང་༔ དེ་ཡིས་བསམ་དོན་ངེས་པར་འགྲུབ༔ བསྒྲུབ་ནས་འགྲུབ་རྟགས་ཐོན་པ་ཡི༔ རྣལ་འབྱོར་དག་གི་སྤྱོད་ཡུལ་ལོ༔ བཀའ་སྲུང་དྲེགས་པ་སྡེ་བརྒྱད་ཀྱིས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་སློབ་བུ་དམ་པ་མཁྱེན་རབ་རྒྱ་མཚོ་ལ་སོགས་པའི་སློབ་བུ་འགས་ནན་དུ་བསྐུལ་ངོར་བདུད་འཇོམས་པས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།