TTDL-ZABTER-14-PHA-054

From Dudjom Wiki
Revision as of 13:48, 21 August 2024 by Mort (talk | contribs)

TTDL-ZABTER-14-PHA-054
Wylie title TTDL-ZABTER-14-PHA-054.pdf
Location bdud 'joms gling pa zab gter
Volume 14, Text 54, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
བརྡ་ཡིག་༠༠༠༠༠༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ བླ་མའི་གསོལ་འདེབས་དབང་གི་སྤྲིན་ཕུང་བཞུགས་སོ༔ བརྡ་ཡིག་༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༤༡༢༔ ཡང་དག་ལམ་དུ་ཞུགས་པ་ཡི༔ སྐལ་བཟང་སྐྱེས་བུ་དད་ལྡན་རྣམས༔ དུས་གསུམ་རྒྱུན་ཆད་མེད་པ་རུ༔ དངོས་གྲུབ་འབྱུང་གནས་བླ་མ་ལ༔ འདི་ལྟར་དད་མོས་གསོལ་འདེབས་མཛོད༔ ཀྱཻ༔ དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་བདག་ཉིད༔ བདེན་གཉིས་ལམ་མཆོག་དམ་ཆོས་ཀྱི་ངོ་བོ༔ རྟོགས་གྲོལ་གདིང་ལྡན་དགེ་འདུན་གྱི་ཁྱབ་བདག༔ དཀོན་མཆོག་གསུམ་དངོས་བླ་མ་དེ་མཁྱེན་ནོ༔ བླ་མེད་བླ་མ་རྡོ་རྗེ་ཡི་ཐེག་པ༔ ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ངོ་བོ༔ མཁའ་འགྲོ་འཁོར་འདས་སྟོང་ཆེན་གྱི་དབང་ཕྱུག༔ ཡོངས་འདུས་བདག་ཉིད་བླ་མ་དེ་མཁྱེན་ནོ༔ ངོ་བོ་སྐྱེ་མེད་མཐའ་བྲལ་གྱི་ཆོས་སྐུ༔ རང་བཞིན་ལྷུན་གྲུབ་ལོངས་སྐུ་ཡི་ཚོམ་བུ༔ ཐུགས་རྗེ་ཕྱོགས་མེད་སྒྱུ་འཕྲུལ་གྱི་སྤྲུལ་སྐུ༔ རྫོགས་ལྡན་དཔལ་མགོན་བླ་མ་དེ་མཁྱེན་ནོ༔ གཞི་དབྱིངས་སྤྲོས་བྲལ་ཀ་དག་གི་རྡོ་རྗེ༔ དམིགས་མེད་ཡེ་བབ་རང་གྲོལ་གྱི་ལམ་ཟབ༔ སྦྱངས་བགྲོད་ཐོབ་བྲལ་ཡེ་ཡིན་གྱི་འབྲས་བུ༔ གཅིག་རྫོགས་རིག་སྟོང་བླ་མ་དེ་མཁྱེན་ནོ༔ མི་མིན་རང་སྣང་ཆོས་སྐུ་ཡི་སྟོན་པ༔ ཀུན་མཁྱེན་ཀུན་གཟིགས་ཡེ་ཤེས་ཀྱི་བདག་ཉིད༔ སྐྱོན་བྲལ་ཡོན་ཏན་ཕུན་ཚོགས་ཀྱི་བླ་མ༔ ཡེ་ཤེས་སྒྱུ་མའི་སྐུ་མཆོག་དེ་མཁྱེན་ནོ༔ དཔག་ཡས་མི་མཇེད་འཇིག་རྟེན་གྱི་ཁམས་སུ༔ མ་ངེས་གང་འདུལ་ཐབས་མང་གི་སྤྱོད་པས༔ འགྲོ་བའི་སྣང་སེམས་ཆོས་ཉིད་དུ་གྲོལ་མཛད༔ ཕྲིན་ལས་ལས་ཀྱི་དཔའ་བོ་དེ་མཁྱེན་ནོ༔ དགོངས་རྒྱུད་ཀློང་ཆེན་ནམ་མཁའ་ཡི་མཛོད་ལས༔ མ་འགགས་ཀློང་རྡོལ་ཟབ་གསང་གི་བརྡ་བཀྲོལ༔ ཐོས་ཚད་རྣམ་གྲོལ་དམ་ཆོས་ཀྱི་དོན་སྟོན༔ བརྒྱུད་པ་གཅིག་རྫོགས་བླ་མ་དེ་མཁྱེན་ནོ༔ ཤིན་ཏུ་རྙེད་དཀའ་དལ་འབྱོར་གྱི་མི་ལུས༔ རྒྱུ་མཚན་དྲན་ནས་དོན་མཆོག་དང་ལྡན་ཅིང་༔ ཚེ་འདིར་ཐར་པའི་ལམ་སྣ་ཞིག་ཟིན་པར༔ འགྲོ་བའི་མགོན་པོ་བླ་མ་དེ་མཁྱེན་ནོ༔ ཚེ་འདིའི་སྣང་བ་རྨི་ལམ་དང་སྒྱུ་མ༔ མི་རྟག་འཆི་བ་སྙིང་ནས་རང་དྲན་ཏེ༔ རྟག་ཏུ་བློ་སྣ་དམ་ཆོས་སུ་འགྱུར་བར༔ འགྲོ་བའི་མགོན་པོ་བླ་མ་དེ་མཁྱེན་ནོ༔ མི་དགེ་སྡིག་སྤྱོད་དུག་བཞིན་དུ་སྤངས་ནས༔ རྟག་ཏུ་ལུས་ངག་ཡིད་གསུམ་གྱི་བྱ་བྱེད༔ ཡང་དག་དགེ་བ་ཁོ་ན་རུ་འགྱུར་བར༔ འགྲོ་བའི་མགོན་པོ་བླ་མ་དེ་མཁྱེན་ནོ༔ ཁམས་གསུམ་འཁོར་བ་མཐའ་མེད་ཀྱི་གྲོང་ཁྱེར༔ བཟོད་མེད་ཉམ་ཐག་སྡུག་བསྔལ་གྱིས་གདུང་ལ༔ སྐྱོ་བ་སྐྱེས་ནས་བྱ་བཏང་ཞིག་ཐུབ་པར༔ འགྲོ་བའི་མགོན་པོ་བླ་མ་དེ་མཁྱེན་ནོ༔ སོ་ཐར་སྡོམ་པ་བྱང་སེམས་ཀྱི་བསླབ་བྱ༔ གསང་སྔགས་ཟབ་མོའི་དམ་ཚིག་དང་བཅས་པ༔ སྐྱོན་མེད་ཚུལ་བཞིན་མཐར་ཕྱིན་ཞིག་འབྱུང་བར༔ འགྲོ་བའི་མགོན་པོ་བླ་མ་དེ་མཁྱེན་ནོ༔ རྡོ་རྗེ་ཐེག་པའི་ལམ་མཆོག་ཏུ་ཞུགས་ཚེ༔ ཉམས་རྟོགས་ཡོན་ཏན་གོང་འཕེལ་དུ་རྒྱས་ཤིང་༔ གོལ་འཆུག་མེད་པའི་ས་ལམ་མཆོག་ཐོབ་པར༔ འགྲོ་བའི་མགོན་པོ་བླ་མ་དེ་མཁྱེན་ནོ༔ མ་རིག་མུན་པ་ཡུལ་མེད་དུ་སངས་ནས༔ ཤེས་རབ་སྤྱན་གྱི་རང་ཞལ་ཉིད་གཟིགས་ཤིང་༔ ཆོས་ཉིད་བདེན་པ་མངོན་སུམ་དུ་མཐོང་བར༔ འགྲོ་བའི་མགོན་པོ་བླ་མ་དེ་མཁྱེན་ནོ༔ སྒྲོན་མ་རྣམ་བཞིའི་གསང་ལམ་དེར་བརྟེན་པས༔ ཤེས་རབ་མིག་ལ་ཡེ་ཤེས་ཀྱི་སྤྱན་ཚུད༔ མངོན་སུམ་སྣང་བ་སྒྲིབ་མེད་དུ་མཐོང་བར༔ འགྲོ་བའི་མགོན་པོ་བླ་མ་དེ་མཁྱེན་ནོ༔ མ་དག་སྣང་སེམས་ཆོས་ཉིད་དུ་འཇིགས་པས༔ མ་ངེས་ཉམས་རྟོགས་འར་འུར་དང་ཆལ་ཆོལ༔ གོང་འཕེལ་སྣང་བ་མངོན་གྱུར་དུ་འབྱུང་བར༔ འགྲོ་བའི་མགོན་པོ་བླ་མ་དེ་མཁྱེན་ནོ༔ དབྱིངས་རིག་དབྱེར་མེད་ཟུང་འཇུག་གི་ངོ་བོ༔ ལྷུན་གྲུབ་ལོངས་སྐུའི་ཚོམ་བུ་རུ་སྨིན་ཏེ༔ རིག་པ་ཚད་ཕེབས་སྣང་བ་དེ་འབྱུང་བར༔ འགྲོ་བའི་མགོན་པོ་བླ་མ་དེ་མཁྱེན་ནོ༔ ཆོས་ཅན་སྣང་བ་ཆོས་ཉིད་དུ་ཟད་ནས༔ མི་ཤིགས་གདིང་ཐོབ་བློ་འདས་ཀྱི་དབྱིངས་སུ༔ མྱུར་བར་གདོད་མའི་བཙན་ས་མཆོག་ཟིན་པར༔ འགྲོ་བའི་མགོན་པོ་བླ་མ་དེ་མཁྱེན་ནོ༔ སླར་ཡང་རིག་སྟོང་ཆོས་སྐུ་རུ་སངས་ནས༔ སྐུ་དང་ཡེ་ཤེས་རང་བྱུང་གི་ངོ་བོ༔ གཞོན་ནུ་བུམ་སྐུའི་གཏན་སྲིད་དེ་ཟིན་པར༔ འགྲོ་བའི་མགོན་པོ་བླ་མ་དེ་མཁྱེན་ནོ༔ ཁམས་གསུམ་འཁོར་བ་མ་སྟོངས་ཀྱི་བར་དུ༔ གདུལ་དཀའ་འདུལ་བྱེད་ཕྲིན་ལས་ཀྱི་རོལ་པས༔ འགྲོ་བ་འདྲེན་པའི་དེད་དཔོན་དུ་འགྱུར་བར༔ འགྲོ་བའི་མགོན་པོ་བླ་མ་དེ་མཁྱེན་ནོ༔ དབང་དང་བྱིན་རླབས་དངོས་གྲུབ་ཀྱི་གཏེར་མཛོད༔ མཁྱེན་བརྩེ་ནུས་གསུམ་ཡེ་ཤེས་དང་ཡོན་ཏན༔ ཐུགས་རྒྱུད་དགོངས་པ་ཡོངས་རྫོགས་སུ་འཕོ་བར༔ འགྲོ་བའི་མགོན་པོ་བླ་མ་དེ་མཁྱེན་ནོ༔ འཁོར་འདས་དག་མཉམ་བདེ་ཆེན་གྱི་དབྱིངས་སུ༔ སྟོན་འཁོར་དགོངས་པ་དབྱེར་མེད་ཀྱི་རོལ་པར༔ ཁྱབ་བདག་གདོད་མའི་གཞི་དབྱིངས་སུ་གྲོལ་ནས༔ འཇའ་ལུས་འཕོ་བ་ཆེན་པོ་རུ་འགྲུབ་པར༔ འགྲོ་བའི་མགོན་པོ་བླ་མ་དེ་མཁྱེན་ནོ༔ འདི་ནི་ཡང་ཟབ་བཅུད་དུ་དྲིལ༔ རིག་འཛིན་བླ་མའི་ཐུགས་བཅུད་ཡིན༔ ཡི་དམ་རྒྱ་མཚོའི་ངོ་བོ་ཡིན༔ མཁའ་འགྲོ་འབུམ་གྱི་སྙིང་ཐིག་དེ༔ བཀའ་སྲུང་ཡོངས་ཀྱི་སྲོག་ཏིག་ཡིན༔ ཉམས་སུ་ལེན་པའི་སྐྱེས་བུ་ཀུན༔ དད་མོས་དམ་ཚིག་དང་ལྡན་པས༔ ཉམས་རྟོགས་ཡོན་ཏན་གོང་འཕེལ་རྒྱས༔ ཕྱི་ནང་བར་ཆད་གེགས་གྲོལ་ཞིང་༔ བསམ་དོན་ཆོས་བཞིན་འགྲུབ་པ་དང་༔ ཡང་དག་རྫོགས་པའི་སངས་རྒྱས་འགྲུབ༔ མཁའ་འགྲོ་ལས་ཀྱི་དབང་མོ་ངས༔ རིག་འཛིན་ཁྱོད་དང་བརྒྱུད་འཛིན་སྤྱི༔ བྱེ་བྲག་རྡོ་རྗེ་བདུད་འཇོམས་ཀྱི༔ སྐྱེས་བརྒྱུད་སྦས་པའི་རྣལ་འབྱོར་ལ༔ སྨོན་ལམ་གཏད་རྒྱས་དབུགས་དབྱུང་ཞིང་༔ འཇའ་ལུས་འཕོ་ཆེན་རྟེན་འབྲེལ་བསྒྲིགས༔ ཞེས་གསུངས་ཆོས་ཉིད་སྒྱུ་མར་ཡལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རང་སློབ་དམ་པ་བློ་གྲོས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡེ་ཤེས་སྒྱུ་མར་རོལ་པའི་དབྱིངས་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།