TTDL-ZABTER-12-NA-076

From Dudjom Wiki
Revision as of 08:08, 19 August 2024 by Mort (talk | contribs)

TTDL-ZABTER-12-NA-076
Wylie title TTDL-ZABTER-12-NA-076.pdf
Location bdud 'joms gling pa zab gter
Volume 12, Text 76, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
༠༠༠༠༠བརྡ་ཡིག༤༣༡ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་པའི་ཆ་ལག༔ མདུན་བསྐྱེད་རྡོ་རྗེའི་ཕྲེང་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ སྒྲུབ་པ་ཉམས་སུ་ལེན་པའི་ཚེ༔ དངོས་གྲུབ་ཀུན་གྱི་འབྱུང་གནས་མཆོག༔ མདུན་བསྐྱེད་རྡོ་རྗེའི་ཕྲེང་བ་བསྟན༔ སྒྲུབ་པའི་རྟེན་དང་རྫས་དཀྱིལ་འཁོར༔ སྤྱི་དང་མཐུན་པ་ཉིད་དུ་བྱ༔ སྟོང་ཉིད་ལྟ་བའི་ཆོ་འཕྲུལ་གྱིས༔ ནམ་མཁའ་རྣམ་དག་དབྱིངས་སུ་བཤིག༔ མཁའ་ལས་འཇའ་ཚོན་ཤར་བ་བཞིན༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་བཞེངས༔ དེ་ནས་ལྷ་བསྐྱེད་རིམ་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཧཱུྃ༔ རང་ཉིད་ཡེ་ཤེས་སྒྱུ་འཕྲུལ་ལྷའི༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་བཞེངས༔ ཟླ་བ་ཆུ་ཟླ་ཇི་བཞིན་དུ༔ བཀོད་པ་རབ་རྫོགས་ཞིང་ཁམས་སུ༔ ཡེ་ཤེས་ལྔ་ཡི་གཞལ་ཡས་དབུས༔ བྱོལ་སོང་གཙོ་བརྒྱད་ཀྱིས་བཏེགས་པའི༔ རིན་ཆེན་ཁྲི་སྟེང་པད་ཟླ་དང་༔ ཉི་སྟེང་བདུད་ཆེན་བསྣོལ་བའི་ཁྲིར༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཁྲོ་གཉེར་སྡུད་ཅིང་སྤྱན་དགུ་བསྒྲད༔ དབུ་སྐྲ་ཁམ་ནག་མེ་ལྟར་འབར༔ ཐོད་སྐམ་དབུ་རྒྱན་ཅོད་པན་མཛེས༔ གཡས་གཉིས་གསེར་གྱི་རྡོ་རྗེ་ནི༔ རྩེ་དགུ་དང་ནི་རྩེ་ལྔ་ཕྱར༔ གཡོན་གཉིས་ཁ་ཊྭཱྃ་མེ་དཔུང་བསྣམས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ ཞབས་བཞི་གྱད་ཀྱི་འདོར་སྟབས་བསྒྲད༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ ཐབས་ཤེས་ཉི་ཟླའི་སྙན་རྒྱན་མཛེས༔ སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་འཁྲིལ༔ ཕྱག་གཡས་ཁ་ཊྭཱྃ་གཡོན་ཐོད་ཁྲག༔ ཞབས་གཡོན་ཡབ་ཀྱི་སྐེད་ལ་འཁྱུད༔ གཡས་པས་འཁོར་བའི་སྒོ་འཕར་གནོན༔ གཡང་གཞི་གཟིག་ཤམ་རུས་རྒྱན་གསོལ༔ ཐབས་མཆོག་རྡོ་རྗེ་སྲིན་པོ་ཡི༔ དཔྲལ་བར་ཐལ་ཆེན་ཚོམ་བུ་དང་༔ མཁུར་ཚོས་རཀྟའི་ཐིག་ལེ་བྱུག༔ ཞལ་ལ་ཞག་གི་ཟོ་རིས་མཛེས༔ སྨ་ར་སྨིན་མར་མེ་སྟག་འཕྲོ༔ སྐུ་སྟོད་གླང་ཆེན་ཀོ་རློན་དང་༔ མི་ལྤགས་གཡང་གཞི་ལྷུབ་ཆེན་གསོལ༔ སྐུ་སྨད་སྟག་ལྤགས་ཤམ་ཐབས་དང་༔ མགོ་ཕྲེང་སྦྲུལ་ཆུན་རྒྱན་དུ་འཆང་༔ བསྐལ་བ་དུས་མཐའི་མེ་ལྟར་འབར༔ གཡས་སུ་བུདྡྷ་ཀཱི་ལ་མཐིང་༔ གཡོན་དུ་སྒྲོལ་ཡུམ་ཨེ་ཀ་ཛ༔ མཐིང་ནག་མིག་དང་མཆེ་བ་གཅིག༔ རལ་གཅིག་སྲིད་པའི་རྩེ་རུ་བརྫེས༔ ཕྱག་གཉིས་ཞིང་དབྱུག་དགྲ་སྙིང་བསྣམས༔ ཞབས་གཅིག་ཞིང་བཅུའི་བསྟན་དགྲ་གནོན༔ གཅེར་བུ་མི་མགོའི་ཕྲེང་བས་སྤྲས༔ ཤར་དུ་རྡོ་རྗེ་ཀཱི་ལ་དཀར༔ ལྷོ་རུ་རཏྣ་ཀཱི་ལ་སེར༔ ནུབ་ཏུ་པདྨ་ཀཱི་ལ་དམར༔ བྱང་དུ་ཀརྨ་ཀཱི་ལ་ལྗང་༔ ཀུན་ཀྱང་གཡས་གཉིས་རྡོ་རྗེ་དང་༔ གཡོན་གཉིས་ཁ་ཊྭཱྃ་མེ་དཔུང་བསྣམས༔ མཐའ་གཉིས་རི་རབ་ཕུང་པ་འདྲིལ༔ སྐུ་སྨད་དབལ་ཕུར་ངར་ལྡན་གྱིས༔ དུག་ལྔའི་རང་གཟུགས་དགྲ་བགེགས་འབིགས༔ ཕྱོགས་བཅུར་ཡེ་ཤེས་ཁྲོ་བོ་བཅུ༔ རབ་འཇིགས་རྔམས་བརྗིད་ཁྲོ་གཏུམ་ཞིང་༔ གསོད་གཅོད་མཚོན་ཆ་ངར་ལྡན་བསྣམས༔ རང་རང་རིགས་ཀྱི་ཡུམ་དང་འཁྲིལ༔ སྤྲུལ་པ་ཟ་གསོད་ལས་ལ་འགྱེད༔ སྒོ་བཞིར་ལས་ཀྱི་སྒོ་མ་བཞི༔ དཀར་སེར་དམར་ལྗང་མགོ་བརྙན་ཅན༔ འགུགས་འཆིང་སྡོམ་མྱོས་ཕྱག་རྒྱ་བསྣམས༔ དཀྱིལ་འཁོར་ཕྱི་ཁྱམས་འཁོར་ཡུག་ཏུ༔ ཤྭ་ན་མ་བཞི་རེ་ཏཱི་བཞི༔ བསྭེ་མོ་མཆེད་བཞི་སྐྱེས་བུ་བཞི༔ དྲེགས་པ་སྡེ་བརྒྱད་འཁོར་དང་བཅས༔ མཚོ་ལ་གཟའ་སྐར་བཀྲ་བ་བཞིན༔ མ་འདྲེས་ཡོངས་རྫོགས་ཆེན་པོར་བསྐྱེད༔ ཡེ་ཤེས་སྒྱུ་འཕྲུལ་རོལ་བའི་ལྷའི༔ སྤྱི་བོར་ཟླ་སྟེང་ཨོཾ་དཀར་པོ༔ མགྲིན་པར་པདྨར་ཨཱཿདམར་པོ༔ ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་༔ ཁྱད་པར་འོག་མིན་ཆོས་དབྱིངས་ནས༔ ཡེ་ཤེས་རོལ་པའི་རྟེན་བརྟེན་ལ༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ གུ་རུ་དྷེ་ཝ་ཌཱཀྐི་ནཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿལན་གསུམ་མཐར༔ སྤྱན་འདྲེན་ལ་སོགས་གཞུང་ལ་འཇུག༔ དེ་ལྟར་བསྐྱེད་རིམ་གནད་ལྡན་པས༔ དངོས་གྲུབ་རྣམ་གཉིས་མཆོག་གི་ནོར༔ རིང་པོར་མི་ཐོགས་མྱུར་ཐོབ་འགྱུར༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ནི་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་ཆེ་མཆོག་ཞེས་བྱ་བས་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།