སྣང་སྦྱང་སོགས་ཁྲིད་ཡིག་རྣམས་ཀྱི་སྔོན་འགྲོ་བཤད་བྱའི་ཡན་ལག་བཤད་པ་རྣམ་གྲོལ་ལམ་བཟང་།

From Dudjom Wiki
Revision as of 14:59, 1 August 2024 by Mort (talk | contribs)

TTDL-ZABTER-21-AA-001
Wylie title snang sbyang sogs khrid yig rnams kyi sngon 'gro bshad bya'i yan lag bshad pa rnam grol lam bzang TTDL-ZABTER-21-AA-001.pdf
Location bdud 'joms gling pa zab gter
Volume 21, Text 1, Pages 1-17 (Folios 1a1 to 9a2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Snang sbyang sogs khrid yig rnams kyi sngon 'gro bshad bya'i yan lag bshad pa rnam grol lam bzang. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 21: 1-17. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bshad bya'i yan lag   Verso: bdud 'joms rdzogs chen snang sbyang
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Detailed Explanation - rnam bshad
Colophon

།དེ་ལྟར་བཤད་བྱའི་ཡན་ལག་བཤད་པ་དེ་ཉིད་སྔོན་དུ་གྲུབ་ཟིན་པའོ། །དེ་ལྟར་ཆོས་ཀྱི་ཡན་ལག་ཏུ་རྩ་ཁྲིད་ལས་བསྡུས་ཙམ་བདེ་བའི་རྡོ་རྗེས་ཉེར་མཁོའི་ཆེད་དུ་ཁོལ་དུ་ཕྱུང་པའོ། །དགེའོ། །སརྦ་མངྒ་ལཾ།།

/de ltar bshad bya'i yan lag bshad pa de nyid sngon du grub zin pa'o/_/de ltar chos kyi yan lag tu rtsa khrid las bsdus tsam bde ba'i rdo rjes nyer mkho'i ched du khol du phyung pa'o/_/dge'o/_/sarba mang+ga laM//

[edit]
༄༅། །སྣང་སྦྱང་སོགས་ཁྲིད་ཡིག་རྣམས་ཀྱི་སྔོན་འགྲོ་བཤད་བྱའི་ཡན་ལག་བཤད་པ་རྣམ་གྲོལ་ལམ་བཟང་བཞུགས་སོ།།


༄༅། །དང་པོ་བཤད་བྱའི་ཡན་ལག་བཤད་པ་ལའང་།རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་རྣམས་ཀྱིས།གདུལ་བྱའི་ཁམས་དབང་མོས་པ་དང་མཐུན་པའི་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ།ལམ་གྱི་འཇུག་ངོགས་བསམ་གྱིས་མི་ཁྱབ་པ།འབྲས་བུའི་ཐོབ་བྱ་བསམ་གྱིས་མི་ཁྱབ་པ་ཇི་སྙེད་ཅིག་གསུངས་པ་རྣམས་ཀྱང་།དོན་ཚུར་བསྡུ་ན་རྒྱུ་མཚན་ཉིད་དང་།འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་གཉིས་ལ་འདུས་ཏེ།ནང་གསེས་ཀྱི་དབྱེ་ན།རྒྱུའི་ཐེག་པར་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་དང་།འབྲས་བུའི་ཐེག་པར་ཕྱི་རྒྱུད་སྡེ་གསུམ་ནི་ཀྲི་ཡ་ཨུ་པ་ཡོ་ག་གསུམ།ནང་རྒྱུད་སྡེ་གསུམ་ནི།ཕ་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག་མ་རྒྱུད་ལུང་ཨ་ནུ་ཡོ་ག་གཉིས་མེད་རྒྱུད་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་དང་གསུམ་དུ་གྲགས་ཏེ།རྒྱུད་ལས།འདས་པ་རྒྱུ་དང་འབྲས་བུ་ལས། །རྒྱུ་ལ་གསུམ་དང་འབྲས་ལ་གཉིས། །གཉིས་པ་ལ་ཕྱེ་དྲུག་ཏུ་འགྱུར། །འདི་ལྟར་དབང་པོའི་རིམ་པའོ། །ཞེས་གསུངས་སོ། །འདིར་སྐབས་སུ་བབ་པ་བཀའ་གཏེར་གཉིས་ལས།འདི་ནི་བརྒྱུད་ཐག་ཉེ་བ།གདམས་ངག་མི་འཆུགས་པ།བྱིན་རླབས་ཆེ་བ།བརྒྱུད་པའི་བབ་བསྟན་པ་སྟེ་ཁྱད་པར་བཞིས་འཕགས་པ།རྒྱ་ཆེ་བ་ཟབ་མོའི་གཏེར་བྱོན་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་དགོངས་པ་རྨ་མེད་པ།དེ་ལ་ཡང་སེམས་ཀློང་མན་ངག་གི་སྡེ་གསུམ་ལས།འདི་ནི་གཙོ་བོ་ཡང་གསང་བླ་ན་མེད་པ་ཀུན་བཟང་པོའི་རང་ཞལ་མངོན་དུ་བྱེད་བའི་གདམས་པ་མ་བསྒོམ་སངས་རྒྱས་ཀྱི་ཁྲིད་འཆད་པར་བྱེད་པ་ལ།ཐོག་མར་ཆོས་ཉན་པའི་ཚུལ་དང་།བཤད་བྱའི་གཞུང་དོན་དངོས་བཤད་པ་གཉིས་ལས།དང་པོ་ཆོས་ཉན་པའི་ཚུལ་ལའང་།སྤྱི་དང་།བྱེ་བྲག་གཉིས་ལས།དང་པོ་སྤྱིར་བཤད་པ་ནི།རང་དོན་ཡིད་བྱེད་ཀྱི་བློ་ངན་དྲུང་ནས་ཕྱུང་སྟེ།འདི་ལྟར་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་ཡེ་ཐོག་མ་མེད་པའི་དུས་ནས་རང་ཅག་གི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པས་ན།དེ་རྣམས་གནས་ངན་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ།ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་དུ།བདག་གིས་དམ་པའི་ཆོས་ཟབ་མོ་ཡང་དག་པར་ཉམས་སུ་བླང་བར་བྱ་སྙམ་པའི་གཞན་དོན་བསྒྲུབ་པ་ལ་སྐྱོ་ངལ་མེད་པའི་ཐེག་པ་ཆེན་པོའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་གལ་ཤིན་ཏུ་ཉིད་ནས་ཆེ་སྟེ།མགོན་པོ་བྱམས་པས།སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་སངས་རྒྱས་འདོད། །ཅེས་གསུངས་སོ། །ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཟབ་མོ་ཉམས་སུ་ལེན་པ་ལ།བསྐྱེད་དམིགས་དང་སེམས་བསྐྱེད་ཀྱི་འཕེན་པ་གལ་ཆེ་སྟེ།ཚུལ་གསུམ་སྒྲོན་མེ་ལས།དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པ་ལྟར་གསང་སྔགས་རྡོ་རྗེའི་ཐེག་པ་འདི་ལ་ཐབས་མང་ལ་དཀའ་བ་ཆེན་པོ་སྤྱད་མ་དགོས་པར་འབྲས་བུ་མངོན་དུ་བྱེད་པའི་ཐབས་ཟབ་མོ་མང་དུ་ཡོད་པ་ལ།དེ་དག་གི་རྩ་བར་གྱུར་པ་ཡང་འདུན་པ་བསྒྱུར་བ་ལ་རག་ལས་ཏེ།ཇི་སྐད་དུ།ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་གསུངས་པ་ལྟར།ཆོས་འཆད་པའི་ཡུལ་དང་།སྟོན་པ་སོགས་ཐ་མལ་རང་རྒྱུད་པར་མི་འཛིན་ཅིང་ཕུན་སུམ་ཚོགས་པ་ལྔ་རུ་གསལ་གདབ་ནས་སྒོ་གསུམ་རྣམ་པར་དག་པའི་སྒོ་ནས་དམ་པའི་ཆོས་ཉན་དགོས།དེ་ཡང་གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་དབྱིངས་རྣམ་པར་དག་པའི་ཞིང་ཁམས།སྟོན་པ་ཕུན་སུམ་ཚོགས་པ་གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ།འཁོར་ཕུན་སུམ་ཚོགས་པ་རྒྱལ་བ་དགོངས་པའི་བརྒྱུད་པ།རིག་འཛིན་བརྡ་ཡི་བརྒྱུད་པ།སེམས་དཔའ་སེམས་མ་ལྷ་དང་ལྷ་མོའི་རང་བཞིན་དུ་གསལ་གདབ།ཆོས་ཕུན་སུམ་ཚོགས་པ་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པ་ཐེག་པ་ཆེན་པོའི་ཆོས།དུས་ཕུན་སུམ་ཚོགས་པ་དུས་བཞི་མཉམ་པ་ཉིད་འཕོ་འགྱུར་དང་བྲལ་བ་རྟག་པ་རྒྱུན་གྱི་འཁོར་ལོར་གསལ་བཏབ།དེས་ནི་སྒོ་གསུམ་རྣམ་པར་དག་ཅིང་རྒྱུད་ལ་བྱིན་རླབས་འཇུག་པའི་དགོས་པ་ཡོད་དོ། །ཆོས་འཆད་ཉན་བསྒོམ་བསྒྲུབ་གང་གི་སྐབས་སུའང་རང་རྒྱུད་ལེགས་པར་བརྟགས་ནས་སྐྱོན་གསུམ་དང་བྲལ་བའི་ངང་ནས་ཉན་དགོས་ཏེ།སྐྱོན་གསུམ་ནི།སྣོད་ཁ་སྦུབས་ལྟར་ཆོས་ཀྱི་ཚིག་ཇི་ལྟར་བཤད་ཀྱང་རྣ་བ་མི་གཏད་ཅིང་ཚིག་དོན་ཅུང་ཟད་མི་འཛིན་པ་དང་།ཞབས་རྡོལ་བཞིན་ཆོས་ཀྱི་སྒྲ་ཙམ་བཟུང་ཡང་དབུ་ནས་ཞབས་སུ་བསྡུ་བའི་དོན་ལ་རྟོག་པ་མི་བརྟན་པ་དང་།དུག་ཅན་ལྟར་ཆོས་ཀྱི་ཚིག་ཟིན་ཀྱང་རང་རྒྱུད་ལ་ངེས་འབྱུང་གི་བློ་དང་སེམས་བསྐྱེད་རྣམ་དག་གིས་མ་ཟིན་པའི་ཉོན་མོངས་པའི་གཉེན་པོར་མ་སོང་བ་རྣམས་སྤང་དགོས་ཏེ།མདོ་ལས།དགེ་སློང་དག་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་།ངས་ཁྱོད་ལ་བཤད་དོ། །ཞེས་གསུངས་པ་བཞིན།ལེགས་པར་ཆོས་ཉན་པས་དུག་ཅན་གྱི་སྐྱོན་སེལ།རབ་ཏུ་ཉན་པས་ཁ་སྦུབས་ཀྱི་སྐྱོན་སེལ།ཡིད་ལ་བཟུང་བས་ཞབས་རྡོལ་གྱི་སྐྱོན་རྣམས་སེལ།ཆོས་ཉན་པའི་དུས་རང་མཐོང་གི་ང་མཁས་སྙམ་པའི་ང་རྒྱལ།ཆོས་གྲོགས་དང་བླ་མ་ལམ་དད་པ་དང་།ཆོས་ལ་དོན་གཉེར་མེད་པ་དང་།མིག་དང་དབང་པོ་སོགས་ཕྱི་རོལ་དུ་གཡེང་དུ་འཇུག་པ་སོགས་ཆོས་ཀྱི་འགལ་ཟླར་གྱུར་པ་ཐམས་ཅད་སྤངས་ནས།དམ་པའི་ཆོས་ཐོབ་པ་ལ་དགའ་བ།དེ་ལ་གུས་ཤིང་དད་པ་བརྟན་པོའི་སྒོ་ནས་དྲི་མ་དྲུག་གི་སྐྱོན་རྣམས་སྦྱངས་ནས་སེམས་ཅན་གྱི་དོན་ཁོ་ནར་དམིགས་ཏེ་ཆོས་ཉན་དགོས་ཏེ།འཕགས་པ་སྡུད་པ་ལས།དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་བཞག་སྟེ། །སྒྲིབ་པ་ཉོན་མོངས་བསལ་ནས་དྲི་མ་ལས་འདས་པ། །འགྲོ་དོན་མངོན་ཞུགས་དེས་པའི་ཤེས་རབ་ཕ་རོལ་ཕྱིན། །གང་ལ་དཔའ་རྣམས་སྤྱོད་པ་དེ་ནི་ཉན་པར་གྱིས། །ཞེས་གསུངས་པ་བཞིན་ནོ། །ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བྱ་བ་ནི།ཆོས་ཀྱི་སྟན་དང་མཆོད་པ་བཤམས་པ་ནི་སྦྱིན་པ།སྒོ་གསུམ་སྡོམ་ནས་ཆོས་ཉན་པ་ནི་ཚུལ་ཁྲིམས།དེ་དུས་གཞན་གྱིས་འཚེ་བ་བཟོད་པ་ནི་བཟོད་པ།བླ་མ་ལ་ཆོས་གསུངས་པར་བསྐུལ་བ་ནི་བརྩོན་འགྲུས།ཆོས་ཀྱི་དོན་རྣམས་མ་ཡེངས་པར་ཉན་པ་ནི་བསམ་གཏན།ཐེ་ཚོམ་གྱི་གནས་རྣམས་རྟོག་དཔྱོད་ཀྱི་འདྲི་བ་ནི་ཤེས་རབ་སྟེ་ཉན་པ་པོ་ཡན་ལག་དྲུག་དང་ལྡན་ནོ། །མངོན་པར་རྟོགས་པའི་རྒྱུད་ལས།མེ་ཏོག་སྟན་སོགས་རབ་དབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་སྡོམ་པ་དང་། །སྲོག་ཆགས་ཀུན་ལ་འཚེ་མི་བྱ། །བླ་མ་ལ་ནི་གསོལ་བ་འདེབས། །མ་ཡེངས་བླ་མའི་གདམས་ངག་འཛིན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །སྒྲོན་མ་ཡན་ལག་དྲུག་དང་ལྡན། །ཅེས་གསུངས་པ་བཞིན་དུ།ཀུན་སློང་དང་ཀུན་སྤྱོད་ཐམས་ཅད་ལེགས་པར་གསལ་བཏབ་སྟེ་ཆོས་ཉན་པ་ནི་ཤིན་ཏུ་གལ་ཆེ་བས་གནད་དམ་པ་ཡིན་ནོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ།བླ་མ་ལ་མོས་གུས།མཆེད་གྲོགས་ལ་བརྩེ་གདུང་།སེམས་ཅན་ལ་སྙིང་རྗེ།འཁོར་བ་ལ་ངེས་འབྱུང་།འདུས་བྱས་མི་རྟག་པ་བསྒོམ་པ་དང་ལྔ་ལས།དང་པོ་བླ་མར་མོས་གུས་བསྒོམ་པ་ནི།སྤྱིར་རང་ལ་གདམས་པ་ཐོབ་ཚུལ་གྱི་སློབ་དཔོན་དྲུག་ཏུ་བཤད་ཀྱང་།དབང་བསྐུར།རྒྱུད་བཤད།མན་ངག་སྟོན་པ་ནི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ཡིན་པས་ན།བླ་མ་མ་བསྟེན་པར་སངས་རྒྱས་ཐོབ་པའི་ལོ་རྒྱུས་མདོ་རྒྱུད་གང་ལའང་མ་གསུངས།སྔོན་བྱོན་གྲུབ་ཐོབ་གོང་མ་རྣམས་ཀྱང་དངོས་དང་དངོས་མེད་ཀྱི་བླ་མ་ལ་བསྟེན་ནས་ས་ལམ་གྱི་ཡོན་ཏན་ཐམས་ཅད་བསྐྱེད་ཅིང་གྲུབ་པ་ཐོབ་པ་ཤ་སྟག་མཐོང་ཆོས་སུ་འབྱུང་སྟེ།དེས་ན་བླ་མ་ནི་སྐྱོན་ཟད་ཡོན་ཏན་ཀུན་ཆུབ་སངས་རྒྱས་དངོས་ཡིན་ཀྱང་།རང་ཅག་སོ་སོའི་སྐྱེ་བོའི་ཤེས་རྒྱུད་ཡུལ་དུས་དང་གྲོགས་ལ་སོགས་པའི་རྐྱེན་གྱིས་བསྒྱུར་སླ་བས།དང་པོ་ཐག་ཉེ་རིང་ཀུན་ནས་བླ་མ་ལ་བརྟག།བར་དུ་རང་གི་ཀུན་རྟོག་བློ་ངན་གྱི་སྐྱོན་སྤངས་ནས་བླ་མ་བསྟེན།ཐ་མ་མཉེས་པ་གསུམ་གྱིས་ཞབས་ཏོག་བསྒྲུབས་ནས་དམ་ཚིག་ཉམས་ཆག་མེད་པར་བླ་མའི་དགོངས་སྤྱོད་ཐམས་ཅད་སཱཙྪའི་བསྐོས་ཕོར་བཞིན་དུ་བསླབ་པ་ནི་གལ་ཆེ།ད་ལྟ་དུས་སྙིགས་མར་སོང་བས་རྒྱུད་སྡེ་རྣམས་ནས་བཤད་པའི་བླ་མའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་ཚང་བ་རྙེད་པར་དཀའ་ཡང་།བསྟེན་བྱའི་བླ་མ་ལ་ཡོན་ཏན་འདི་དག་ཚང་དགོས།སྡོམ་གསུམ་གཙང་བ་ཐོས་རྒྱ་ཆེ་བ།སེམས་ཅན་ལ་སྙིང་རྗེ་ལྡན་པ།ཕྱི་སྡེ་སྣོད་གསུམ་དང་།ནང་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་དོན་ལ་མཁས་པ།རང་དོན་དུ་རྟོགས་པ་མངོན་དུ་གྱུར་ཅིང་སྤང་ཐོབ་ཀྱི་ཡོན་ཏན་མཐར་ཕྱིན་ནས།གཞན་དོན་གདུལ་བྱའི་ཁམས་དབང་དང་མཐུན་པའི་དམ་པའི་ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ་དུ་མཛད་ཅིང་།བསྡུ་བའི་དངོས་པོ་རྣམ་པ་བཞིའི་སྒོ་ནས་སྐལ་བཟང་གི་སློབ་མ་སྡུད་པ་སྟེ།དེ་ལྟ་བུའི་དགེ་བའི་བཤེས་གཉེན་བསྟེན་པ་དང་།ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་མན་ངག་གི་ཟབ་གནད་སྟོན་པའི་བླ་མ་ནི་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་ཀྱི་བརྒྱུད་པའི་ཟམ་མ་ཆད་པས་རྒྱུད་སྨིན་ཅིང་གྲོལ་བ་དབང་དུས་ཀྱི་ཁས་བླངས་པའི་རྩ་བ་སྐུ་གསུང་ཐུགས་སོགས་ཀྱི་དམ་ཚིག་དང་སྡོམ་པའི་གནད་ལ་འགལ་བ་མེད་ཅིང་ཉོན་མོངས་དང་རྣམ་རྟོག་ཆུང་བ།ཐུགས་རྒྱུད་ཞི་ཞིང་དུལ་བ།གཞི་ལམ་འབྲས་བུའི་རྒྱུད་དོན་མན་ངག་ཐམས་ཅད་ཁོང་དུ་ཆུད་པ།བསྐྱེད་རྫོགས་ཀྱི་རྟགས་མཐོང་ནས་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པ་མངོན་དུ་གྱུར་པ།ཚེ་འདི་བློས་ཐོང་ཞིང་རྟག་ཏུ་དབེན་ཁྲོད་ལ་གནས་པ།གཞན་དོན་ལ་ཐུགས་རྒྱ་ཆེ་ཞིང་གང་འདུལ་གྱིས་འགྲོ་བ་རྣམས་ཆོས་ལམ་ལ་བཙུད་པ།བླ་མའི་བཀའ་བཞིན་བསྒྲུབ་པས་བརྒྱུད་པའི་བྱིན་རླབས་མྱུར་ཞིང་ཡོན་ཏན་མངོན་དུ་གྱུར་པ་དེ་ལྟ་བུ་ཞིག་བསྟེན་པ་གལ་ཆེ་སྟེ།དེ་ལྟར་ཡོན་ཏན་ཐམས་ཅད་དང་ལྡན་པའི་བླ་མ་དེ་ནི་འདས་པའི་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ཚབ།མ་འོངས་པའི་སངས་རྒྱས་རྣམས་ཀྱི་འབྱུང་གནས།ད་ལྟའི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ།སྐུ་དགེ་འདུན།གསུང་དམ་ཆོས།ཐུགས་སངས་རྒྱས།སྐུ་བླ་མ།གསུང་ཡི་དམ།ཐུགས་མཁའ་འགྲོ།སྐུ་སྤྲུལ་སྐུ།གསུང་ལོངས་སྐུ།ཐུགས་ཆོས་སྐུ་སྟེ།སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་དེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས།ལུས་གུས་པས་ཕྱག་འཚལ་བ།ངག་གུས་པས་གསོལ་བ་འདེབས་པ།ཡིད་གུས་པས་སྤྱི་མགྲིན་སྙིང་གའི་དབུས་སུ་བླ་མ་བསྒོམས་ནས་ཐུགས་ཡིད་བསྲེ་བ་སོགས་སྒོ་གསུམ་ཟོལ་ཟོག་མེད་པའི་ངང་ནས་བླ་མ་ལ་མཉེས་པ་གསུམ་གྱིས་དད་པ་དག་སྣང་མོས་གུས་རྒྱུན་ཆད་ཐང་ལྷོད་མེད་པ་ནི་གནད་གལ་པོ་ཆེ་ཡིན་པས།སྡེ་སྣོད་གསུམ་བློ་རུ་ཤེས་པརཔ་ལྟ་བུ་ཡིན་ཀྱང་།བླ་མ་ལ་མོས་གུས་མེད་ཚེ་རང་རྒྱུད་ལ་ཕན་པ་ཅུང་ཟད་ཀྱང་མེད་དེ།ཇི་སྐད་དུ།བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་དང་།འབྲི་གུང་སྐྱོབ་པ་རིན་པོ་ཆེས།བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབས་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་གསུངས་བཞིན།བླ་མ་ལ་ཡིད་གཉིས་དང་ཐེ་ཚོམ་མེད་པར་རྩེ་གཅིག་ཏུ་གསོལ་བ་བཏབ་ན་ཐུགས་རྒྱུད་ཀྱི་རྟོགས་པ་རང་ལ་འཕོས་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་བ་ཡིན་ནོ། །གཉིས་པ་མཆེད་གྲོགས་ལ་བརྩེ་གདུང་བསྒོམ་པ་ནི།དེ་ལ་བླ་མ་དགེ་བའི་བཤེས་གཉེན་དང་།རྡོ་རྗེའི་མཆེད་གྲོགས་གཉིས་ནི་རྣམ་མཁྱེན་ཐར་པའི་གླིང་གི་ལམ་མཁན་ལྟ་བུ་ཡིན་པས་བརྩེ་གདུང་གི་སྒོ་ནས་བསྟེན་དགོས།དེ་ཡང་རྡོ་རྗེའི་མཆེད་ལའང་ནང་གསེས་ཀྱི་དབྱེ་ན་མཆེད་བཞིར་ཡོད་ཀྱང་།འདིའི་སྐབས་སུ་ནང་འདྲེས་པའི་མཆེད་གྲོགས་མཚེ་མ་ལྟ་བུ་ཡིན་པས།དུས་དང་རྣམ་པ་ཀུན་ཏུ་དམ་ཚིག་ལ་མངོན་ལྐོག་མེད་པར་བརྩེ་གདུང་དང་བྱམས་པའི་ཚུལ་གྱིས་རང་གི་སྒོ་གསུམ་གྱི་བྱ་བ་བསྡོམས་ནས།བླ་མ་ལྟར་ཅི་གསུངས་ཚད་མར་འཛིན་ཅིང་ཅི་མཛད་བརྡ་ཆོས་སུ་མཐོང་བའི་མོས་གུས་ཀྱིས་དག་སྣང་བསྒོམ་པ་དང་།རང་གི་ཁོག་པའི་སྙིང་ལྟ་བུར་རྟག་ཏུ་མི་འབྲལ་ཞིང་གཅེས་སྤྲས་སུ་བརྩེ་གདུང་དགོས་ཏེ།རྔམ་གློག་ལས།རྡོ་རྗེའི་སྤུན་ལ་གདུང་སེམས་ཀྱིས། །འདྲེས་དང་མ་འདྲེས་ཡོངས་ཀྱི་སྤུན། །ཡང་དག་ལམ་དུ་ཞུགས་པ་ལ། །རྔན་དང་བཅས་པའི་སེམས་ཙམ་ཡང་། །རྟག་ཏུ་སྤང་བར་བྱ་བ་ཡིན། །བརྩེ་ཞིང་གདུང་བའི་ཤུགས་ཕྱུང་ལ། །གཅིག་ལ་གཅིག་ནི་མིག་བཞིན་བལྟ། །ཞེས་གསུངས་པས།ཐར་པ་དང་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་མ་གྱུར་གྱི་བར་དུ་རྡོ་རྗེའི་སྤུན་གྲོགས་རྣམས་དང་འགྲོགས་དགོས་པས་ན།བརྩེ་གདུང་དང་དམ་ཚིག་མ་ཉམས་པ་གལ་ཆེ།ཉམས་ན་རང་གཞན་ཀུན་གནས་ངན་དུ་འཕྱན་པར་འགྱུར་བས།དེའི་ཕྱིར་དམ་ཚིག་ཚུལ་བཞིན་དུ་བསྲུངས་ནས་འབད་རྩོལ་གྱིས་བརྩེ་གདུང་དགོས་སོ། །གསུམ་པ་སེམས་ཅན་ལ་སྙིང་རྗེ་བསྒོམ་པ་ནི།འདི་ལྟར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རང་གི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་དེ་ཕ་མར་གྱུར་པའི་སེམས་ཅན་དེ་རྣམས་རང་རང་གི་ལས་སྣང་འཁྲུལ་པའི་དབང་གིས་སྡུག་བསྔལ་ཁོ་ནར་སྤྱོད་ཅིང་བདེ་བའི་གནས་སྐབས་སྤུ་རྩེ་ཙམ་ཡང་མེད་པས་ན།དེ་དག་གི་ལས་སྣང་བག་ཆགས་སྡུག་བསྔལ་དང་བཅས་པ་བྱང་ཞིང་དག་པ་དང་།ཡང་དག་པ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ་བའི་ཕྱིར་དུ།བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཁམས་གསུམ་འཁོར་བའི་རྒྱ་མཚོ་དོང་ནས་སྤྲུགས་སྙམ་པའི་སྙིང་ཐག་པ་ནས་སེམས་ཅན་གྱི་དོན་དུ་རྒྱལ་པོ་སྙིང་སྟོབས་ཅན་ལྟ་བུར་རང་དོན་ཡིད་བྱེད་ཀྱི་བློ་བོར་ནས་སྙིང་རྗེ་བསྒོམ་དགོས་ཏེ།དཔལ་ས་ར་ཧ་པའི་དོ་ཧ་ལས་ཀྱང་།སྙིང་རྗེ་དང་བྲལ་སྟོང་པ་ཉིད་ལྟ་བ། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །གལ་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང་། །འཁོར་བ་འདིར་གནས་ཐར་པ་ཡོད་དམ་ཅི། །གང་ལ་གཉིས་པོ་ཡོད་པར་གྱུར་པ་དེ། །སྲིད་པར་མི་གནས་མྱ་ངན་འདས་མི་གནས། །ཞེས་གསུངས་བཞིན།བྱམས་དང་སྙིང་རྗེས་བྱང་ཆུབ་ཀྱི་སེམས་གསུམ་ནི་ཆོས་པ་རྣམས་ལ་མེད་ཐབས་མེད་པ་ཡིན་པས།རྟག་ཏུ་ལམ་གང་བསྒྲུབ་ཀྱང་གཞུང་ཤིང་ལྟ་བུ་ཡིན་པས་ན་ཚུལ་བཞིན་དུ་ཉམས་སུ་ལེན་དགོས་སོ། །བཞི་པ་འཁོར་བ་ལ་ངེས་འབྱུང་བསྒོམ་པ་ནི།དེ་ཡང་རང་ཅག་རྣམས་འཁོར་བ་མཐོ་དམན་བར་གསུམ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན།སྡུག་བསྔལ་གྱི་ཡོ་ལང་།སྡུག་བསྔལ་གྱི་འཁྲུལ་འཁོར་ལས་མ་འདས་པ་ཤ་སྟག་ཡིན་པས།འཁོར་བའི་བྱ་བ་ལ་སྙིང་པོ་མེད་པའི་ཚུལ་ལ་བསམས་ནས།ཚེ་འདི་སྣང་གི་བྱ་བ་དགྲ་འདུལ་གཉེན་སྐྱོང་ལ་སོགས་པ་ཐམས་ཅད་བློས་བཏང་ནས།དམ་པའི་ཆོས་ཁོ་ན་བསྒྲུབ་སྙམ་པའི་དམ་བཅའ་བརྟན་པོས་མི་མེད་དབེན་པའི་གནས་སུ་རང་གཅིག་པུར་ཚེ་དང་བསྒྲུབ་པ་མཉམ་པ་ཞིག་བྱེད་དགོས་མ་གཏོགས།ཉེ་རིང་ཆགས་སྡང་ཟས་གོས་ལོངས་སྤྱོད་སོགས་དྲི་ཟའི་གྲོང་ཁྱེར་ལྟ་བུ་འདི་ལ་ཞེན་ཅིང་ཆགས་ན་གནས་མཐོ་དམན་གང་དུ་སྐྱེ་བའི་རྒྱུར་འགྲོ་ཞིང་བདེ་བའི་གོ་སྐབས་མེད་ཅིང་སྡུག་བསྔལ་ཁོ་ནར་སྤྱོད་དགོས་པས་ན།ཨོ་རྒྱན་ཆེན་པོས།འཁོར་བ་འདི་ལ་ཁབ་ཀྱི་རྩེ་ཙམ་ཡང་། །བདེ་བ་ནམ་ཡང་ཡོད་པ་མ་ཡིན་ནོ། །ཅུང་ཟད་བདེ་ཡང་འགྱུར་བའི་སྡུག་བསྔལ་ཡོད། །ཅེས་གསུངས་པ་བཞིན།འཁོར་བའི་བྱ་བ་ལ་སྙིང་པོ་མེད་པའི་ཁོ་ཐག་རྦད་ཀྱིས་བཅད་ནས།སྙིང་པོ་དམ་པའི་ཆོས་ཁོ་ན་ལ་འབད་པ་གནད་གལ་པོ་ཆེ་ཡིན་ནོ། །ལྔ་པ་འདུས་བྱས་མི་རྟག་པ་བསྒོམ་པ་ནི།དེ་ཡང་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་སྲ་ཞིང་འཐས་པ།ནང་གཡོ་བ་བཅུད་ཀྱི་སེམས་ཅན་གྲངས་མང་བ།བར་འདོད་ཡོན་ལྔའི་ཡུལ་སྣང་བཀོད་ལེགས་པ་དེ་དག་ཐམས་ཅད་ཀྱང་མཐར་མི་རྟག་པར་འཇིག་པའི་ཆོས་ཅན་ཡིན་པ་དང་།གཞན་འདུས་བྱས་ཀྱི་དངོས་པོ་ཇི་ལྟར་སྣང་ཡང་།ནམ་མཁའི་སྤྲིན་ལྟ་བུ་ཚུགས་མི་ཐུབ་ཅིང་།བྱ་བྱེད་ཐམས་ཅད་དཔེར་ན་མདང་སུམ་གྱི་རྨི་ལམ་ལྟ་བུ།ནམ་མཁའི་འཇའ་ཚོན་ལྟ་བུ་ཟིན་པའི་དུས་ནམ་ཡང་མེད་པས་ན།རྟག་ཏུ་འཆི་བ་མི་རྟག་པ་བསྒོམ་སྟེ།འཆི་བ་འོང་སྙམ་པའི་འཇིགས་སྣང་དེ་བོར་མ་སོང་བར་དུ་ལེ་ལོ་དང་ཕྱི་བཤོལ་མེད་པར་ཚེ་དང་བསྒྲུབ་པ་མཐར་འཁྱོལ་བ་ཞིག་བྱེད་དགོས་ཏེ།རྗེ་རྨོག་ཅོག་པའི་ཞལ་ནས།འཆི་བ་རྒྱུད་ལ་མ་སྐྱེས་པའི། །ཉམས་མྱོང་སྟོན་ཁའི་ན་བུན་འདྲ། །འཆི་བ་རྒྱུད་ལ་མ་སྐྱེས་པའི། །བཙུན་པ་རྒྱལ་པོའི་བཙུན་མོ་འདྲ། །འཆི་བ་རྒྱུད་ལ་མ་སྐྱེས་པའི། །སྙིང་རུས་དབྱར་ཁའི་ཆབ་རོམ་འདྲ། །ཞེས་གསུངས་པ་བཞིན།མི་རྟག་པ་ཆོས་ཀྱི་བསྐུལ་མ་ཡིན་པས་དུས་དང་རྣམ་པ་ཀུན་ཏུ་རང་རྒྱུད་ལ་ངེས་ཤེས་འདྲོངས་ངེས་པར་བྱས་ཏེ།ཕ་ཡུལ་རྒྱབ་ཏུ་བོར།མི་ཡུལ་དང་དུ་བླང་།དཀའ་བ་ཁྱད་དུ་བསད།ལུས་སྲོག་འབེན་དུ་བཙུག།གནས་ཚང་བྲག་སྐྱིབ་ཏུ་བསྡད།གྲོགས་རི་དྭགས་དང་འགྲོགས།བློ་ཕུགས་བླ་མ་དང་ཆོས་ལ་གཏད་ནས་ཚེ་དང་སྒྲུབ་པ་མཐར་ཕྱིན་པར་བྱེད་པ་ནི་གནད་ཀྱི་ཡང་གཅེས་དམ་པ་ཡིན་ནོ། །དེ་ཡན་གྱི་ས་བཅད་ལྔ་པོ་དེ་དག་ལམ་གཞན་བསྐྱེད་རྫོགས་བསྒོམ་དམིགས་ཅི་ལྟ་བུ་ཞིག་ཉམས་སུ་བླངས་ཀྱང་མེད་ཐབས་མེད་པ་ཆོས་པ་ཀུན་གྱི་སྙིང་ནོར་ལྟ་བུར་བླང་བྱའི་གཙོ་བོ་ཡིན་པས་རང་རྒྱུད་ལ་ལོན་ངེས་རེ་བྱེད་དགོས་སོ། །དེ་ལྟར་བཤད་བྱའི་ཡན་ལག་བཤད་པ་དེ་ཉིད་སྔོན་དུ་གྲུབ་ཟིན་པའོ། །དེ་ལྟར་ཆོས་ཀྱི་ཡན་ལག་ཏུ་རྩ་ཁྲིད་ལས་བསྡུས་ཙམ་བདེ་བའི་རྡོ་རྗེས་ཉེར་མཁོའི་ཆེད་དུ་ཁོལ་དུ་ཕྱུང་པའོ། །དགེའོ། །སརྦ་མངྒ་ལཾ།། །།