TTDL-ZABTER-03-GA-051

From Dudjom Wiki
Revision as of 09:37, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-03-GA-051
Wylie title TTDL-ZABTER-03-GA-051.pdf
Location bdud 'joms gling pa zab gter
Volume 3, Text 51, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གསང་བདག་ཕྱག་ན་རྡོ་རྗེའི་དབང་ཆོག་ཟབ་མོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དབང་དང་ལྡན་པའི་སློབ་དཔོན་གྱིས༔ མོས་གུས་སྣོད་ལྡན་སློབ་མ་ལ༔ འདི་བསྐུར་གསང་བདག་སྒོར་ཞུགས་ན༔ རྡོ་རྗེ་འཆང་གི་ས་ཐོབ་འགྱུར༔ དབང་རྫས་དམ་ཚིག་བདུད་རྩི་བསྒྲུབ༔ བུམ་པ་སྐུ་གཟུགས་སྐུ་ཡི་རྟེན༔ བདུད་རྩི་རྩ་སྔགས་གསུང་གི་རྟེན༔ རྡོ་རྗེ་སྦྲུལ་ཞགས་ཐུགས་ཀྱི་རྟེན༔ འཇའ་ཤེལ་མདངས་ལྡན་ཚིག་གི་དབང་༔ ཐིག་ལེ་ལྔ་མདངས་རིག་རྩལ་དབང་༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ རྣམ་མཁྱེན་སངས་རྒྱས་གོ་འཕང་དུ༔ དབང་བསྐུར་མངའ་གསོལ་མཐའ་བརྟེན་ནོ༔ བསྒྲུབ་ནས་བདག་འཇུག་ལས་བྱེད་དུས༔ སློབ་མ་གྲལ་འཁོད་ཁྲུས་བྱས་ཤིང་༔ བགེགས་བསྐྲད་སྲུང་བའི་འཁོར་ལོ་བསྒོམ༔ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ཅིང་༔ མཎྜལ་ཕུལ་ཞིང་གསོལ་འདེབས་ནི༔ ཀྱཻ༔ ཁྲོ་བོ་ཆེན་པོ་དགོངས་སུ་གསོལ༔ བདག་ནི་བསྐལ་པ་དཔག་མེད་ནས༔ འཁོར་བའི་བཙོན་རར་མནར་བ་ཡི༔ ད་ནི་ཐར་པའི་གྲོང་འཇུག་ཕྱིར༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ གོ་འཕང་མཆོག་ཏུ་རྣམ་གྲོལ་ཕྱིར༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་ངང༔ རྣམ་གྲོལ་དབང་གི་སྨིན་པར་མཛོད༔ ལན་གསུམ་མཐར་བླ་མས༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ གསང་སྔགས་དབང་གི་སྒོར་འཇུག་ན༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ སྲོག་གི་ཕྱིར་ཡང་མི་ཉམས་སྲུངས༔ རྟག་ཏུ་དགེ་ལ་གནས་པར་མཛོད༔ དེ་ཕྱིར་དབང་མཆོག་བསྐུར་བར་བགྱི༔ དེ་ནས་དམ་ཆུ་སྦྱིན་པ་ནི༔ ཧཱུྃ༔ དམ་ཚིག་གཉན་པོ་མནའ་ཡི་ཆུ༔ སློབ་མ་ཁྱོད་ཀྱི་ལྕེ་ལ་བཞག༔ དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ༔ ཉམས་ན་རྡོ་རྗེ་དམྱལ་བར་མནར༔ དེ་བས་དམ་ཚིག་སྲུངས་མཛོད་ཅིག༔ ཅེས་བསྒོས་སློབ་མས༔ ལེགས་སོ་བསྒོས་པ་བཞིན་དུ་བསྲུང་༔ ས་མ་ཡ་ན་ར་ཀན༔ རྡོ་རྗེའི་རྭ་རྩེས་བདུད་རྩི་ལྕེ་ལ་བཞག་གོ༔ དེ་ནས་སློབ་མ་ལྷར་བསྐྱེད༔ ཡེ་ཤེས་པ་དབབ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་བུམ་དབང་ཟབ་མོ་ནི༔ བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་ཁྱབ་བརྡལ་གཞལ་ཡས་ཁང་༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ སྐུ་ཡི་དཀྱིལ་འཁོར་ཡོངས་སུ་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གཙོ་བོའི་སྐུ་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ངོ་བོ་ཉིད་སྐུ་ཆེ་བའི་མཆོག༔ དོན་གྱི་ཧེ་རུ་ཀ་དཔལ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སངས་རྒྱས་ཁྲག་འཐུང་གཏད་ལ༔ ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ སྐུ་ཡི་ངོ་བོ་ཡོངས་རྫོགས་དཔལ༔ སངས་རྒྱས་ཁྲག་འཐུང་ཆེན་པོ་ཡི༔ ཆོས་དབྱིངས་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རྡོ་རྗེ་ཁྲག་འཐུང་གཏད་ལ༔ ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཐུགས་ཀྱི་ངོ་བོ་ཡོངས་རྫོགས་དཔལ༔ རྡོ་རྗེ་ཁྲག་འཐུང་ཆེན་པོ་ཡི༔ མེ་ལོང་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགསཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རིན་ཆེན་ཁྲག་འཐུང་གཏད་ལ༔ ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཡོན་ཏན་ངོ་བོ་ཡོངས་རྫོགས་དཔལ༔ རཏྣ་ཁྲག་འཐུང་ཆེན་པོ་ཡི༔ མཉམ་ཉིད་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ པདྨ་ཁྲག་འཐུང་གཏད་ལ༔ ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ གསུང་གི་ངོ་བོ་ཡོངས་རྫོགས་དཔལ༔ ཁྲོ་ཆེན་པདྨ་དྲག་པོ་ཡི༔ སོར་རྟོག་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཀརྨ་ཁྲག་འཐུང་གཏད་ལ༔ ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཕྲིན་ལས་ངོ་བོ་ཡོངས་རྫོགས་དཔལ༔ ཁྲོ་ཆེན་ཀརྨ་ཧེ་རུ་ཀའི༔ བྱ་གྲུབ་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས་ཀརྨ་ཀྲོ་དྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཧཱུྃ་བཅུ་ཐོགས་ལ༔ ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཕྲིན་ལས་ལས་ཀྱི་ཕོ་ཉ་བ༔ ཡེ་ཤེས་ཁྲོ་བོ་ཆེན་པོ་བཅུ༔ ཆགས་བྲལ་ཡི་གེ་ཧཱུྃ་དུ་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཛཿཧཱུྃ་བྃ་ཧོཿཐོགས་ལ༔ ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཚད་མེད་ཕྲིན་ལས་རང་གཟུགས་ཤར༔ ཡེ་ཤེས་སྒོ་མ་ཆེན་མོ་བཞི༔ ཆགས་བྲལ་ཡི་གེ་བཞི་རུ་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཕྲིན་ལས་ཐོགས་མེད་དབང་ཐོབ་ཤོག༔ རྩ་སྔགསཛཿཧཱུྃ་བྃ་ཧོཿཀཱ་ཡ་ཨཱ་བྷི་ཥིཉྩ་ཨོཾ༔ ཞེས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གསང་དབང་ཟབ་མོ་ནི༔ དང་པོ་ཐོད་པ་བདུད་རྩི་ཐོགས་ལ༔ ཧཱུྃ༔ མཉམ་པ་ཉིད་ཀྱི་བྷནྡྷ་རུ༔ རྒྱལ་བ་རྒྱ་མཚོ་སྤྱི་དང་ནི༔ ཁྱད་པར་གསང་བའི་བདག་པོ་ཡི༔ གསུང་གི་བཅུད་འདུས་བདུད་རྩི་འཁྱིལ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ གསང་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རྩ་སྔགས་ཐོགས་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་ཡང་སྙིང་རྩ་བའི་སྔགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཕྲེང་བ་ཐོགས་ལ༔ ཧཱུྃ༔ ཆོས་ཕུང་ཡོངས་རྫོགས་རིན་ཆེན་ཕྲེང་༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཝཱཀ་ཨ་བྷི་ཥིཉྩ་ཨཱཿཞེས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཤེར་དབང་བསྐུར་བ་ནི༔ གནམ་ལྕགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཅན་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་ངོ་བོ་རྡོ་རྗེའི་དབང་༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྦྲུལ་ཞགས་གཏད་ལ༔ ཧཱུྃ༔ གསང་སྔགས་བདག་པོ་རྡོ་རྗེ་ཅན༔ དྲག་པོ་ཆེན་པོའི་དྲག་ཤུལ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཉོན་མོངས་བརྒྱད་ཁྲི་གཞོམ་པར་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཐུན་རྫས་ཐོགས་ལ༔ ཧཱུྃ༔ འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་༔ བགེགས་རྣམས་མ་ལུས་འཇོམས་མཛད་པའི༔ དྲག་པོ་ཆེན་པོའི་མཐུ་རྩལ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ དགྲ་བགེགས་ཡོངས་སྒྲོལ་མཐུ་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དྲག་པོའི་མེ་ཧོམ་ཐོགས་ལ༔ ཧཱུྃ༔ རང་རྩལ་ལྷུན་གྲུབ་ཧེ་རུ་ཀའི༔ མཉམ་ཉིད་ཞལ་གྱི་ཧོམ་ཁུང་དུ༔ དགྲ་བགེགས་བསྲེག་པའི་དབང་བསྐུར་རོ༔ འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཚིག་དབང་བསྐུར་བ་ནི༔ འཇའ་ཤེལ་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡེ་ཤེས་ཡོན་ཏན་ཡོངས་རྫོགས་པའི༔ ལྷུན་གྲུབ་འཇའ་ཤེལ་འདི་གཏད་པས༔ རྡོ་རྗེ་ཚིག་གི་དབང་ཐོབ་ཤོག༔ རྩ་སྔགས་སརྦ་ཨ་བྷི་ཥིཉྩ་ཧྲཱིཿདེ་ནས་ཐིག་ལེ་སྟོང་པའི་སྒྲོན་མ་གཏད་ལ༔ ཧཱུྃ༔ རང་རིག་ཡེ་ཤེས་ངོ་བོ་ཉིད༔ རྒྱལ་ཀུན་གསང་འདུས་ཐིག་ལེའི་དབང་༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ རིག་པའི་རྩལ་དབང་ཐོབ་པར་ཤོག༔ ཨ༔ ཕཊ༔ རྫོགས་སོ༔ ས་མ་ཡ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ དཀྱིལ་འཁོར་ཡོངས་རྫོགས་གཏོར་མ་འདི༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ཡི༔ དཀྱིལ་འཁོར་ཡོངས་ལ་དབང་ཐོབ་ཤོག༔ རྩ་སྔགས་བ་ལིངྟ་མཎྜ་ལ་གུ་ཧྱ་ཨ་བྷི་ཥིཉྩ༔ དེ་ནས་བཀྲ་ཤིས་རྫས་བརྒྱད་གཏད་ལ༔ ཧཱུྃ༔ བཀྲ་ཤིས་རྫས་མཆོག་རྣམ་པ་བརྒྱད༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ རྒྱལ་བ་རྒྱ་མཚོའི་ཡོན་ཏན་ལ༔ དབང་བསྒྱུར་འགྲོ་བ་འདུལ་བར་ཤོག༔ སརྦ་མངྒ་ལ་ཨ་བྷི་ཥིཉྩ༔ དེ་ནས་བཀྲ་ཤིས་རྟགས་བརྒྱད་གཏད་ལ༔ ཧཱུྃ༔ ཕུན་སུམ་ཚོགས་པའི་བཀྲ་ཤིས་རྟགས༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ འཁོར་འདས་ཡོངས་ལ་དབང་བསྒྱུར་ནས༔ ཕྲིན་ལས་མཐའ་རྒྱས་དབང་ཐོབ་ཤོག༔ ལཱཀྵྀཾ་མངྒ་ལ་ཨ་བྷི་ཥིཉྩ༔ དེ་ནས་རྒྱལ་སྲིད་སྣ་བདུན་གཏད་ལ༔ ཧཱུྃ༔ འབྱོར་པ་ཕུན་སུམ་ཚོགས་པའི་ནོར༔ རྒྱལ་སྲིད་སྣ་བདུན་དབང་བསྐུར་རོ༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི༔ གོ་འཕང་མཆོག་ལ་དབང་ཐོབ་ཤོག༔ མ་ཎི་རཏྣ་ཨ་བྷི་ཥིཉྩ༔ དེ་མཐར་བཀྲ་ཤིས་བསྔོ་སྨོན་བརྗོད༔ མ་འོངས་ལས་ཅན་བུ་མཆོག་རྣམས༔ དབང་འདི་ཐོབ་ནས་གསང་བདག་གི༔ སྒྲུབ་པ་ལྷུར་ལེན་བྱེད་པ་ཀུན༔ ཚེ་འདིར་རིག་འཛིན་ས་ཐོབ་འགྱུར༔ དམ་ཚིག་གཉན་པོ་བསྲུང་བ་ནི༔ གསང་སྔགས་ཀུན་གྱི་སྲོག་རྩ་ཡིན༔ བཀའ་སྲུང་རྒྱལ་ཆེན་རྣམ་ཐོས་སྲས༔ དྲང་སྲོང་གཟའ་དང་བཅས་པས་སྲུངས༔ དམ་ལོག་རཱུ་ཏྲའི་དབང་པོ་བསྣུབས༔ དམ་ལྡན་བུ་ལ་བརྩེ་གྲོགས་མཛོད༔ བཀའ་དང་དམ་ཚིག་གཉན་པོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།