TTDL-ZABTER-05-CA-006

From Dudjom Wiki
Revision as of 09:37, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-05-CA-006
Wylie title TTDL-ZABTER-05-CA-006.pdf
Location bdud 'joms gling pa zab gter
Volume 5, Text 6, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༦༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་གྱི༔ གབ་བྱང་ལས་འཕྲོས་དམར་བྱང་བཞུགས་སོ༔ ༠༠༠༠བརྡ་ཡིག༦༩ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གབ་བྱང་ཟབ་མོའི་དམར་བྱང་ནི༔ སྲུང་མ་གཉན་པོའི་དྲིལ་སྒྲུབ་ཐབས༔ དམར་གྱི་གཏོར་མ་བཞི་བཞི་ལ༔ བརྟེན་པ་སྲུང་མ་བསྐྱེད་པའི་རིམ༔ ཧཱུྃ་༔ རང་བྱུང་ལྷུན་གྲུབ་གསང་ཆེན་དཀྱིལ་འཁོར་གྱི༔ བར་ཁྱམས་གནམ་ལྕགས་འཁོར་ལོ་རྩིབས་བཞིའི་སྟེང་༔ གཉིས་མེད་རོལ་པའི་བཀའ་སྡོད་བཅུ་དྲུག་ཤར༔ ཤར་ཕྱོགས་ཆེ་ཞེ་ཤྭ་ན་སྤྱང་གདོང་ནག༔ ཆིབས་སུ་ལྕགས་ཀྱི་སྤྱང་མོ་མགོ་དགུ་ཞོན༔ ཕྱག་གཡས་ཐོད་དབྱུག་གཡོན་པས་ལྕགས་ཕུར་འདྲིལ༔ དེ་གཡས་སྲི་ཀ་འཕར་གདོང་ཆེན་མོ་སེར༔ ཆིབས་སུ་གསེར་གྱི་འཕར་བ་ལྕེ་བརྒྱད་ཞོན༔ ཕྱག་གཡས་ལྕགས་ཀྱུ་གཡོན་པས་གསེར་ཕུར་འདྲིལ༔ མདུན་དུ་སྲི་ལ་ཝ་གདོང་ཆེན་མོ་དམར༔ ཆིབས་སུ་ཟངས་ཀྱི་ཝ་མོ་རྐང་གསུམ་བཅིབས༔ ཕྱག་གཡས་རྡོ་རྗེ་གཡོན་པས་ཟངས་ཕུར་འདྲིལ༔ གཡོན་དུ་ཀུ་ཀུ་མུ་ཁ་སྐུ་མདོག་ལྗང་༔ གཡུ་ཡི་ཁྱི་མོ་རལ་པ་ཅན་ལ་ཞོན༔ ཞིང་ཆུང་མགོ་ནས་འཇོམས་ཤིང་གཡུ་ཕུར་འདྲིལ༔ ཀུན་ཀྱང་གཅེར་བུ་རལ་པའི་ཅོད་པན་ཅན༔ རལ་པར་རང་མདོག་ཕུར་པ་དག་གིས་བརྒྱན༔ རང་འདྲའི་ལས་བྱེད་བུད་མེད་འབུམ་སྡེ་འགྱེད༔ ལྷོ་ཕྱོགས་ཆེ་ཞེ་དཔལ་ལྡན་རེ་མ་ཏྲི༔ མཐིང་ནག་གཡས་གཉིས་མེ་ལོང་སྤྲུལ་ཞགས་ཐོགས༔ གཡོན་གཉིས་ཁ་ཏྭཱྃ་གནམ་ལྕགས་ཕུར་པ་འདྲིལ༔ གཡང་གཞི་གསོལ་ཞིང་རལ་པས་སྟོང་གསུམ་ཁེབས༔ ཆིབས་སུ་མྱུར་མགྱོགས་དྲེལ་རྟ་རྐང་གསུམ་ཞོན༔ གཡས་སུ་དཔལ་ལྡན་ལྷ་མོ་རེ་མ་ཛ༔ སྐུ་མདོག་དམར་ནག་ཆུ་གླང་ནག་པོ་བཅིབས༔ ཕྱག་གཡས་ལྕགས་ཀྱུ་གཡོན་པས་ཐོད་ཁྲག་བསྣམས༔ གོས་སུ་རེ་ལྡེ་ནག་པོའི་ལའུ་གསོལ༔ མདུན་དུ་མ་བདུད་ཀུན་གཙོ་རེ་མ་ཛི༔ སྐུ་མདོག་སེར་ནག་སྨན་ཤ་ཡུ་མོ་བཅིབས༔ ཕྱག་གཉིས་གསེར་ཟོར་གཡུ་ཡི་སྒྲོམ་བུ་བསྣམས༔ གོས་སུ་རབ་མཛེས་རྨ་བྱའི་ཐུལ་པ་གསོལ༔ གཡོན་དུ་སྒྲོལ་བྱེད་དཔལ་འབར་རེ་མ་ཛུ༔ སྐུ་མདོག་ལྗང་ནག་རྔ་མོང་གྭ་པ་བཅིབས༔ ཕྱག་གཉིས་ཁྲམ་ཤིང་ཚོན་གྱི་གྲུ་གུ་བསྣམས༔ གོས་སུ་རབ་མཛེས་ཆུ་དར་ལའུ་གསོལ༔ ཀུན་ཀྱང་རབ་ཁྲོས་བསྟན་དགྲའི་སྲོག་ལ་རྔམས༔ སྤྲུལ་པའི་རེ་ཏཱི་སྟོང་རྩ་ལས་ལ་འགྱེད༔ སྲིད་པའི་ལེགས་ཉེས་ཀུན་གྱི་དབང་མོར་བསྐྱེད༔ ནུབ་ཏུ་ཆེ་ཞེ་ས་བདག་ཆེན་མོ་ནི༔ རྡོ་རྗེ་ཡ་བྱིན་མཐིང་ནག་གཡུ་འབྲུག་བཅིབས༔ ཕྱག་གཡས་ལྕགས་ཀྱུ་གཡོན་པས་གདབ་ཕུར་བསྣམས༔ གོས་སུ་མཐིང་ནག་དར་གྱི་བེར་ཆེན་གསོལ༔ གཡས་སུ་རྡོ་རྗེ་དེ་བྱིན་ཆེན་མོ་ནི༔ སྐུ་མདོག་སེར་མོ་ཆུ་སྲིན་ཁམ་པ་ཞོན༔ ཕྱག་གཉིས་གསེར་ཞགས་གཟུག་མོའི་བྱི་ཐུར་བསྣམས༔ གོས་སུ་དར་ནག་བེར་ཆེན་བརྗིད་པ་གསོལ༔ མདུན་དུ་རྡོ་རྗེ་བསྭེ་བྱིན་ཆེན་མོ་ནི༔ སྐུ་མདོག་དམར་ནག་གློག་དམར་འཇིགས་ལ་བཅིབས༔ ཕྱག་གཉིས་ལྕགས་སྒྲོག་མི་ལག་མཆོག་ཕུར་བསྣམས༔ གོས་སུ་ལེ་བརྒན་འཇོལ་བེར་དམར་པོ་གསོལ༔ གཡོན་དུ་རྡོ་རྗེ་ཕག་བྱིན་ཆེན་མོ་ནི༔ སྐུ་མདོག་ལྗང་ནག་ཆུ་རྟ་སྔོན་པོ་བཅིབས༔ ཕྱག་གཉིས་དྲིལ་བུ་སེང་ལྡེང་ཕུར་པ་འདྲིལ༔ གོས་སུ་སྔོ་ནག་དར་གྱི་བེར་ཆེན་གསོལ༔ ཀུན་ཀྱང་སྣང་སྲིད་ཀུན་ལ་མངའ་དབང་བསྒྱུར༔ སྤྲུལ་པའི་བསྭེ་མོ་ཉིས་བརྒྱ་ལྔ་བཅུ་འགྱེད༔ སྒྲུབ་ལ་བརྩེ་ཞིང་དམ་ཞིག་ལས་རྗེས་གཅོད༔ ཞིང་བཅུའི་སྲོག་གི་གཤེད་མར་ལྷུན་གྱིས་གྲུབ༔ བྱང་ཕྱོགས་སྒྲོལ་གིང་དུང་གི་སྐྱེས་བུ་ནི༔ ཕྱག་གཉིས་ཤེལ་གྲི་ཤེལ་གྱི་ཕུར་པ་འདྲིལ༔ སྤྱང་དཀར་སློག་པ་གསོལ་ཞིང་སེར་གེ་བཅིབས༔ རང་འདྲའི་ལས་མཁན་དཔག་མེད་ཁྲ་ཐབས་འགྱེད༔ གཡས་སུ་བསྭེ་ཡི་སྐྱེས་བུ་དམར་ནག་རྔམས༔ ཕྱག་གཡས་ཟངས་གྲི་གཡོན་པས་ཟངས་ཕུར་འདྲིལ༔ དབང་གི་བསྭེ་ཁྲབ་གསོལ་ཞིང་རྟ་དམར་ཞོན༔ དབང་སྡུད་ལས་ཀྱི་ཕོ་ཉ་འབུམ་གྱིས་བསྐོར༔ མདུན་དུ་ལྕགས་ཀྱི་སྐྱེས་བུ་སྔོ་ནག་འཇིགས༔ ཕྱག་གཡས་རལ་གྲི་གཡོན་པས་ལྕགས་ཕུར་འདྲིལ༔ དར་ནག་བེར་གསོལ་ལྕགས་སྤྱང་སྔོན་མོ་བཅིབས༔ རང་འདྲའི་ལས་མཁན་ཁྲི་འབུམ་ལས་ལ་འགྱེད༔ གཡོན་དུ་ཏ་ཀི་ནག་པོ་མེ་དཔལ་འཇིགས༔ སྐུ་མདོག་སྔོ་ནག་གྲི་གུག་ཐོད་ཁྲག་བསྣམས༔ ལྕགས་ཁྲབ་གསོལ་ཞིང་ལྕེ་སྤྱང་སྔོན་མོ་བཅིབས༔ འཁོར་དུ་ལས་མཁན་བདུད་ནག་འབུམ་གྱིས་བསྐོར༔ ཀུན་ཀྱང་སྒྲུབ་པ་པོ་ལ་གདུང་ཞིང་བརྩེ༔ དགྲ་བགེགས་གནོད་བྱེད་མ་ལུས་སྒྲོལ་བར་བསམ༔ ས་མ་ཡ༔ སླར་ཡང་དྲིལ་སྒྲུབ་དམིགས་གནད་ལ༔ ཧཱུྃ༔ བདག་ཉིད་དྲག་པོའི་ཐུགས་ཀ་ནས༔ མཐིང་ནག་འོད་ཟེར་རབ་འཕྲོས་པས༔ སྲུང་མ་གཉན་པོའི་སྲོག་དང་འདྲེས༔ གསང་བའི་ཡང་སྙིང་ཧཱུྃ་དུ་གྱུར༔ གསང་སྔགས་རིག་སྔགས་གཟུངས་སྔགས་ཀུན༔ གཉིས་སུ་མེད་པར་རོ་གཅིག་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ འདི་ལྟར་བསྐྱེད་རིམ་གནད་ལྡན་པས༔ སྲུང་མ་གཞན་དུ་བསྒྲུབ་མི་དགོས༔ དྲིལ་སྒྲུབ་ཟབ་མོ་མཆོག་ཏུ་འཕགས༔ གནད་ཀྱི་ཡང་ཞུན་འདི་ཁོ་ན༔ རབ་དབེན་མི་མེད་ལུང་པ་རུ༔ གྲུབ་རྟགས་མངོན་དུ་མ་གྱུར་བར༔ གྲུབ་ཚུགས་ཟུངས་ཤིག་ཕྱི་རབས་རྣམས༔ པདྨ་ང་དང་གཉིས་སུ་མེད༔ སྣང་སྲིད་བྲན་འཁོལ་དྲེགས་པ་ཐུལ༔ ཚེ་གཅིག་རྫོགས་པའི་སངས་རྒྱས་འཐོབ༔ ལྷ་ལ་གསལ་སྣང་ཐོན་པ་ན༔ མི་འདའ་བ་ནི་གྲོལ་བའི་གནད༔ གཞན་དུ་ལེ་ལོའི་དབང་གྱུར་ན༔ བསྐལ་པར་བཟླས་ཀྱང་བསོད་ནམས་ཙམ༔ གྲོལ་བ་ཐོབ་པར་ངས་མ་བཤད༔ དེ་ཕྱིར་གསལ་བའི་གཟེར་དེ་གནད༔ གནོད་སྦྱིན་ཤན་པ་དམར་ནག་གིས༔ སྲུངས་ཤིག་བཀའ་དང་ཐ་ཚིག་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་རིག་པའི་རྡོ་རྗེས་སོ།།དགེའོ།།དགེའོ།།དགེའོ།།།།