TTDL-ZABTER-05-CA-036

From Dudjom Wiki
Revision as of 08:36, 8 August 2024 by Mort (talk | contribs)

TTDL-ZABTER-05-CA-036
Wylie title TTDL-ZABTER-05-CA-036.pdf
Location bdud 'joms gling pa zab gter
Volume 5, Text 36, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms phur pa bde gshegs snying po
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཡང་གསང་བདེ་གཤེགས་སྙིང་པོ་ (dpal chen rdo rje gzhon nu'i yang gsang bde gshegs snying po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
[edit]
༠༠༠བརྡ་ཡིག༣༠༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་པ་གསང་ཆེན་སྙིང་གི་ཡང་ཐིག་ཅེས་བྱ་བ་བཞུགས་སོ༔ ༠༠༠༠བརྡ་ཡིག༣༠༨ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནཱི༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་པ་གསང་ཆེན་སྙིང་གི་ཡང་ཐིག་འདི་ནི༔ བདག་འདྲ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ གསང་བའི་ཡང་ཐིག་ཟབ་མོ་འདི༔ མང་པོར་སྤེལ་བའི་སྐལ་མེད་ཀྱང་༔ བཀའ་ཡིས་རྒྱས་བཏབ་གཏེར་དུ་སྦས༔ སྐལ་ལྡན་རེ་འགའ་མ་གཏོགས་པའི༔ སྐལ་མེད་ལེ་ལོ་ཅན་རྣམས་ལ༔ རླུང་ཕྱོགས་ཙམ་ཡང་སྤེལ་མི་རུང་༔ གསང་བའི་ནང་ནས་ཡང་གསང་འདི༔ སྒོ་འཆོལ་དག་ལ་སྤེལ་མི་རུང་༔ མྱུར་དུ་མཁའ་འགྲོའི་བཀའ་ཆད་འོང་༔ སྐལ་ལྡན་བུ་ཡིས་ཉམས་བླངས་ཀྱང་༔ ཚེ་གཅིག་གསང་རྒྱས་ཐོབ་པར་འགྱུར༔ པདྨའི་བཀའ་ཡིས་འགྲོ་བ་བསླུ་མི་འགྱུར༔ ས་མ་ཡ༔ མེ་ཏོག་ནང་ནས་ཨུ་དུམ་ཝར༔ སྐར་ཚོགས་ནང་ནས་ཉི་ཟླ་འདྲ༔ འདབ་ཆགས་ནང་ནས་ཁྱུང་ཆེན་འདྲ༔ སྡེར་ཆགས་ནང་ནས་སེང་གེ་འདྲ༔ དུད་འགྲོའི་ནང་ནས་གླང་པོ་རིན་ཆེན་ལྟར༔ གང་བསྒྲུབ་རིག་འཛིན་ཐོབ་པའི་གདམས་ངག་ཡིན༔ ཉམས་སུ་ལོངས་ཤིག་ང་ཡི་རྗེས་འཇུག་ཀུན༔ ས་མ་ཡ༔ གུ་ཧྱ༔ དེ་ནས་སྐྱབས་འགྲོ་ནི༔ ན་མོ༔ འཁོར་འདས་གཉིས་མེད་ཀ་དག་ཆོས་ཀྱི་དབྱིངས༔ གཞིར་བཞེངས་རང་གྲོལ་རང་བཞིན་ལྷ་ལ་སྐྱབས༔ སྣང་སྲིད་འཁོར་འདས་ཀ་ནས་དག་པ་ལ༔ ཀུན་བཏགས་གོམས་པའི་དབང་གིས་འདི་ཀ་བྱས༔ རྒྱུ་ནི་རང་བྱས་ལས་ཀྱི་རྣམ་སྨིན་ལ༔ རྐྱེན་ནི་ངར་འཛིན་གཞན་སྣང་གཉིས་སུ་བཟུང་༔ ཡེ་ནས་སྣང་སྲིད་ལྷ་ཡི་རོལ་བ་ལ༔ དྲན་རིག་ཕྱིར་མི་ལྡོག་པའི་དམ་བཅའ་བཟུང་༔ སེམས་བསྐྱེད་པ་ནི༔ ཧོཿརང་བཞིན་སྣང་སྲིད་གཞིར་བཞེངས་གཉིས་སུ་མེད༔ མ་རྟོགས་ལོག་ལམ་སྣང་བའི་སེམས་ཅན་དོན་དུའོ༔ ཡེ་ནས་འཁོར་བ་དང་འདས་པ་ཐམས་ཅད་སྣང་སྲིད་བཞིར་བཞེངས་ཆེན་པོ་ལ་ངང་འཛིན་དང་ང་ཁྱོད་ཅེས་མེད་པ་ལ་མ་རིག་གཉིས་སུ་འཛིན་པའི་རྐྱེན་སྣང་ཉོན་འཁྲུལ་གྱི་སེམས་ཅན་ཐམས་ཅད་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་འཁྲུལ་མེད་ཀུན་བཟང་ཡངས་པ་ཆེན་པོའི་ཀློང་དུ་མོས་སོ༔ དེ་ནས་ཏིང་འཛིན་རྣམ་གསུམ་ནི༔ ཨཱཿབདག་སྣང་ཐམས་ཅད་ཆོས་དབྱིངས་སྟོང་པ་ཉིད༔ སྙིང་རྗེའི་རོ་མཉམ་ཉེ་རིང་མེད་པར་བརྡལ༔ སྐྱེ་མེད་རྩ་བྲལ་དོན་འདུས་ཡི་གེ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ངོ་བོ་ཡེ་ནས་སྤྲོས་མེད་ནམ་མཁའ་གཡའ་ཆད་པ་ལྟ་བུར་རྒྱ་མ་ཆད་ཕྱོགས་མ་ལྷུང་བ་གཏད་མེད་ཡེངས་མེད་བསྒོམ་མེད་ཅེས་པ་རྒྱུས་མེད་ཀྱི་ཡུལ་དྲིས་པ་ལྟ་བུའོ༔ སྙིང་རྗེ་ཕྱོགས་བྲལ་ཉེ་རིང་ལས་འདས་པ་མཁའ་ལ་ཉི་མ་ཤར་བ་ལྟ་བུ་ཡིད་ཅེས་བརྗོད་པ་རང་བཞིན་ཉོན་འཁྲུལ་གྱིས་བར་མ་ཆད་པ་ཤར་བ་འགགས་པ་མེད་པར་གྲོལ་བ་དེར་འཛིན་མེད་པའོ༔ སྐྱེ་མེད་འགགས་མེད་ཡོད་མིན་མེད་མིན་གྱི་རྩལ་ཐུགས་རྗེ་ཕྱོགས་མེད་ཀྱི་ཧཱུྃ་ཡིག་རྒྱུ་རུ་ཨཱཿས་མ་ཡ༔ གུ་ཧྱ༔ དེ་ནས་སྣང་སྲིད་ཐམས་ཅད་སེམས་ལ་དབང་བསྒྱུར་བའི་ཕྱིར༔ རྫོགས་པའི་ཀློང་དུ་བསྐྱེད་པ་མི་འཚལ་ཡང་༔ རང་སེམས་རང་དབང་ཐོབ་ཕྱིར་རང་གཞིར་ལྷུན་གྲུབ་ཀྱི་ཡེ་ཤེས་རྗེན་ནེར་གསལ་བ་ནི༔ མ་རིག་ཉོན་མོངས་པའི་སྟོབས་ཀྱིས་ལྷན་སྐྱེས་ཡེ་ཤེས་མ་མངོན་པ་དེ་མཐོང་ཕྱིར་ཡེ་ཤེས་ལྷ་ལ་འབྲེལ་བཞག་ན་ཡི་དམ་ལྷ་ཡི་ཐུགས་རྒྱུད་རང་ལ་དབབ་ནས་རྒྱུད་སྨིན་གྲོལ་གྱི་དགོས་པ་ཡོད༔ ས་མ་ཡ༔ གུ་ཧྱ༔ འཕྲོ་འདུ་སྦྱོར་བའི་ཡེ་ཤེས་གཞལ་ཡས་དབུས༔ མ་སྐྱེས་ལྷུན་གྲུབ་རྡོ་རྗེ་གཞོན་ནུ་ཆེ༔ སྐུ་བཞིའི་བདག་ཉིད་ཞལ་བཞི་ཕྱོགས་བཞིར་གཟིགས༔ ཆོས་སྐུ་སྐྱེ་མེད་གཡས་ཞལ་དཀར་ལ་བཞད༔ ལོངས་སྐུ་འགགས་མེད་གཡོན་ཞལ་དམར་པོ་རྔམས༔ སྤྲུལ་སྐུ་འཁྲུལ་མེད་དབུས་ཞལ་མཐིང་ནག་འབར༔ ངོ་བོ་ཉིད་མཚོན་རྒྱབ་ཞལ་ལྗང་ལ་འཇིགས༔ ཚོགས་བརྒྱད་རང་གྲོལ་ཕྱག་བརྒྱད་གཡས་གསུམ་ན༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་དགྲ་སྟྭ་དང་༔ གཡོན་གསུམ་ཁ་ཊྭཱྃ་མེ་དཔུང་རྒྱ་གྲམ་བསྣམས༔ མཐའ་གཉིས་རི་རབ་ཕུར་པ་དགྲ་ལ་འདྲིལ༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར༔ ཡེ་ཤེས་ལྔ་རྫོགས་ཐོད་སྐམ་དབུ་རྒྱན་དང་༔ སྤྱན་ནི་འཇིགས་པའི་སྡང་མིག་ཕྱོགས་བཞིར་གཟིགས༔ ཧ་ཧཱུྃ་བྷྱོ་ཕཊ་ནམ་མཁའི་འབྲུག་ལྟར་སྒྲོགས༔ ཁམས་གསུམ་རྣམ་རྒྱལ་རྒྱབ་གཞོང་གཤོག་གཉིས་གདེངས༔ དུར་ཁྲོད་ཆས་བརྒྱད་དཔལ་ཆས་གར་དགུར་ལྡན༔ པད་ཉི་བདུད་བཞི་བསྣོལ་བའི་གདན་སྟེངས་སུ༔ ཞབས་བཞི་གྱད་ཀྱི་འདོར་སྟབས་ཚུལ་དུ་བསྒྲད༔ སྐུ་ཆེ་མཐའ་བྲལ་ཆོས་ཉིད་དབྱིངས་སུ་བརྡལ༔ དབྱིངས་ཀྱི་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ༔ སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་དྲག་ཁྲོས་འབར༔ ཕྱག་གཡས་དུག་གསུམ་གཅོད་པའི་ཁ་ཊྭཱྃ་དང་༔ གཡོན་པས་ཁམས་གསུམ་ཁྲག་རོལ་ཐོད་ཁྲག་སྟོབ༔ གཟིག་ཤམ་རུས་རྒྱན་མི་འཇིགས་རྡོ་རྗེའི་ཆས༔ མ་ཆགས་ཞབས་གཡོན་ཡབ་ཀྱི་སྐེད་ལ་འཁྲིལ༔ གཡས་པས་མོ་གདོན་དམ་སྲི་མ་ལུས་གནོན༔ ནང་རྩལ་ཕྱི་རུ་ཤར་བའི་ཁྲོ་རྒྱལ་དང་༔ དུག་ལྔ་དབྱིངས་སུ་སྒྲོལ་བའི་ཀཱི་ལ་བཞི༔ མི་དགེ་དགེ་བར་སྦྱོར་བའི་ཁྲོ་རྒྱལ་བཅུ༔ འཁྲུལ་རྟོག་རང་སར་གྲོལ་བའི་ཕུར་པ་སྲས༔ རོལ་རྩལ་སྣ་ཚོགས་མ་ངེས་ཕུར་སྲུང་ཚོགས༔ ཡེ་ཤེས་འོད་ཟེར་བ་སྤུའི་ཁོང་བུ་རུ༔ སྙིང་པོ་བུམ་པའི་སྐུ་རུ་ལྷུན་གྲུབ་རྫོགས༔ གནས་གསུམ་འོད་འཕྲོས་མཁའ་ཁྱབ་ཞིང་ཀུན་གྱི༔ སངས་རྒྱས་བྱང་སེམས་དག་པ་རབ་འབྱམས་ལྷ༔ ཡེ་ནས་གཞིར་བཞེངས་རང་ལ་རྫོགས་པ་བཞིན༔ རང་གྲོལ་ཀློང་ལས་སྤྱན་དྲངས་རང་ལ་བསྟིམ༔ གཟི་བརྗིད་འོད་འབར་ཡེ་ཤེས་མེ་དཔུང་ཀློང་༔ གཏུམ་དྲག་རྔམས་བརྗིད་མི་འཇིགས་འཇིགས་པའི་སྐུ༔ དམ་ཡེ་དབྱེར་མེད་ཐུགས་ཀར་ཡེ་ཤེས་སེམས༔ ཚོན་གང་ཙམ་གྱི་ཐུགས་ཀར་རྡོ་རྗེའི་ལྟེར༔ ཉི་ཟླ་ཁ་སྦྱོར་དྭངས་མ་ལྔ་ལྡན་དབུས༔ ཐུགས་སྲོག་ཧཱུྃ་སྔོན་སྤུ་ཤད་ཙམ་གྱི་མཐར༔ རིག་པ་ལུག་རྒྱུད་གཡས་སུ་འཁོར་བ་ལས༔ རང་ཟེར་མདངས་ལྔས་སྣང་བའི་ཞིང་ལ་ཁྱབ༔ དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ལ༔ མ་དག་འཁྲུལ་རྟོག་བྱ་བའི་མིང་ཡང་མེད༔ ཕྱོགས་བྲལ་བྱམས་དང་སྙིང་རྗེའི་ངང་ཉིད་ལས༔ གསལ་སྟོང་འབྱམས་ཀླས་ཀློང་ལས་དྲག་སྔགས་སྒྲོགས༔ འཁོར་འདས་རང་འགྱུར་ངང་ནས་འགྲོ་དོན་བྱ༔ གཏད་མེད་རྒྱ་ཡན་རྐྱེན་ཐུབ་ངང་གྱུར་ནས༔ བླ་མེད་རྡོ་རྗེའི་ཀློང་དུ་བདེ་བླག་རྙེད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་འཕེན་པ་སྐར་མདའ་ལྟ་བུའི་དམིགས་པའི་གཟེར་དང་༔ སྦྱང་བ་མེ་ལོང་གཡའ་བྲལ་བ་ལྟ་བུའི་དམིགས་པའི་གཟེར་དང་༔ བསྡུ་བ་ཆུ་ལ་ཆུ་འདྲེས་པ་ལྟ་བུའི་དམིགས་པའི་གཟེར་དང་༔ སྦྱོར་བ་གློག་འོད་ནམ་མཁའ་ལ་ཐིམ་པ་ལྟ་བུའི་དམིགས་པའི་གཟེར་དང་བཞི༔ འཕེན་པ་ཞེས་བྱ་བ་ནི་རང་བྱུང་རིག་པའི་འོད་ཟེར་ཕར་འཕྲོས་པས་འཁོར་འདས་ཐམས་ཅད་ཁྱབ༔ སྦྱོང་བ་ཞེས་བྱ་བ་ནི་མཐའ་མེད་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་སྦྱོངས༔ བསྡུ་བ་ཞེས་བྱ་བ་ནི་རབ་འབྱམས་རྒྱལ་བའི་ཞིང་གི་རྒྱལ་དང་རྒྱལ་སྲས་ཡོངས་ལ་མཉེས་མཆོད་འབུལ༔ བདེ་སྟོང་ཡེ་ཤེས་དཔག་ཏུ་མེད་པ་བསྐྱེད༔ ཐུགས་རྗེ་བྱིན་རླབས་ཐམས་ཅད་རང་གི་འོད་དང་འདྲེས༔ སྦྱོར་བ་ཞེས་བྱ་བ་ནི་རང་འོད་དང་རྒྱལ་བའི་ཐུགས་རྗེ་ཐམས་ཅད་འདྲེས༔ རང་ཡང་སྣང་སྟོང་སྒྱུ་མ་ལྟ་བུའི་ཡེ་ཤེས་ལ་ཐིམ་པ་ནི་གློག་འོད་ནམ་མཁའ་ལ་ཐིམ་པ་ལྟ་བུའོ༔ རང་ལ་ཡང་བདེ་སྟོང་གི་ཡེ་ཤེས་སྐྱེད༔ ལས་ཉོན་བག་ཆགས་དག༔ རྒྱལ་ཀུན་ཕྲིན་ལས་ཀྱི་བདག་ཉིད་ཤ་སྟག་ཏུའོ༔ ས་མ་ཡ༔ ཨོཾ་ཤྲཱི་མ་ཧཱ་བཛྲ་ཀུ་མཱ་ར་སརྦ་ཙིཏྟ་སིདྡྷི་ཧཱུྃ་ཧྲཱིཿཛཿཧཱུྃ་ཨ༔ སྣང་སྲིད་ཐམས་ཅད་དག་པ་ལྷའི་དཀྱིལ་འཁོར་ཆེན་པོར་གསལ་ཞིང་རང་གིས་དྲག་སྔགས་བསྒྲགས་པ་ཙམ་གྱིས་འཁོར་འདས་གཉིས་ལྟོས་ཀྱི་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལུས་ལྷ་རུ་བསྒོམ༔ ངག་སྔགས་སྒྲ་སྒྲོགས༔ ཡིད་དྲག་རྟོག་ཐམས་ཅད་ཆོས་ཉིད་རོལ་པ་ཆེན་པོ་ལས་སྣང་སྲིད་ཐམས་ཅད་འུར་ཆེམ་ཆེམ་དུ་བྱེད་པར་བསྒོམ༔ སྣང་སྲིད་ཐམས་ཅད་ལ་སྔགས་སྒྲས་འུར་ཆེམ་སྒྲོགས༔ ཡེ་ཤེས་ཀྱི་འོད་ཕུང་འཁྲིགས༔ བྱིན་རླབས་ཀྱི་ན་བུན་འཐིབས༔ དངོས་གྲུབ་ཆར་ལྟར་དུ་འབེབས་པར་བསམ་ཞིང་བཟླས་སོ༔ ཨོཾ་བཛྲ་ཀཱི་ལི་རཀྵ་སརྦ་ས་མ་ཡ་དུ་ཏྲི་ར་ཙ་སརྦ་ཤ་ཏྲུཾ་མཱ་ར་ཕཊ༔ ཅེས་བཟླས་ཚེ་རང་ཉིད་དྲག་པོའི་ཐུགས་ཀ་དང་བུ་ག་ནས་དྲག་སྔགས་དང་ཐོག་སེར་མེ་རླུང་མཚོན་འཁོར་ལྕགས་ཕུར་ཁྲོ་ཆུང་སྡིག་ནག་གྲངས་མེད་ཆར་ལྟར་དུ་འབེབ་ཅིང་ན་བུན་ལྟར་དུ་འཐིབས་པས༔ གནོད་བྱེད་བདུད་བགེགས་དམ་སྲི་རྒྱ་འདྲེ་རྒྱལ་བསེན་ཐམས་ཅད་གཅིག་ཀྱང་མ་ལུས་པ་ཁོ་རང་གི་བསྒོམ་བཟླས་བྱས་པ་ཐམས་ཅད་ཁོ་རང་ལ་རང་གཤེད་རང་ལ་དབབ་སྟེ་སྐད་ཅིག་ཀྱང་འདའ་བའི་གནས་མེད་པ་ཐལ་བ་རླུང་གིས་གཏོར་བཞིན་དུ་མཚོན་ཆ་སྣ་ཚོགས་ཀྱིས་གཏུབ༔ ཁྲོ་ཚོགས་མང་པོས་ཟོས༔ མེ་དཔུང་འབར་བས་བསྲེགས༔ སྤུ་གྲིའི་རླུང་གིས་གཏོར༔ རྣམ་པར་ཤེས་པ་འཁྲུལ་མེད་ཀུན་ཏུ་བཟང་པོའི་ཀློང་དུ་བསྒྲལ་ཏེ་གཡོ་མེད་ཀུན་ཏུ་འོད་ཀྱི་ཆོས་སྐུ་ཐོབ་པར་བསམ་པའོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ༔ ཨ་པ་རཱ་ཛི་ཏེ༔ མཱ་ར་སེ་ན༔ པྲ་མར་ཏ་ན་ཡེ༔ སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་རཀྨོ་ཡཀྨོ༔ ཀ་ལ་རུ་པ༔ ཆེ་གེ་མོའི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ སྲོག་རྩ་ལ་ཆོམ་ཆོམ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་ཤད་ཛ༔ ཐུམ་རི་ལི་ལི༔ སྙིང་རྩིགས་རྩིགས༔ འུར་འུར༔ ཤིག་ཤིག༔ མགུལ་མགུལ༔ མྱོག་མྱོག༔ སོད་སོད༔ དྷ་ཏི་མ་མ་ཤཱི་ཀྲཾ་ཀརྨ་ཀ་ར་ཡེ༔ མཱ་ར་ས་ན༔ པྲ་མར་ཏ་ན་ཡེ༔ སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ས་མ་ཡ༔ ༠༠༠༠༠བརྡ་ཡིག༣༡༥ས་མ་ཡ༔ གུ་ཧྱ༔ ཡི་དམ་ལྷའི་ཕྱག་རྒྱ་ལ་འབྲལ་མེད་ཟངས་ལྕགས་ཀྱི་ཕུར་པ་མདུན་བསྐྱེད་དམིགས་པའི་རྟེན་ཕུར་རབ་གྲུ་དོ༔ འབྲིང་གྲུ་གང་བའམ་ཆགས་གང་༔ ཐ་མ་སོར་བརྒྱད་ཀྱི་དཔྲལ་བར་འདི་དག་དངུལ་ལམ་དུང་གིས་བྲིས་ཏེ་འཛུག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བཛྲ་བིདྱ་དྷ་ར་ན་སརྦ་བུདྡྷཱ་ཀཱ་ཡ་སརྦ་ས་མ་ཡ་བུདྡྷཱ་བཛྲ་རཏྣ་པདྨ་ཀརྨ་ས་མ་ཡ་ཛ་ཛ་ས་མ་ཡ་སྟྭཾ་སརྦ་ཀཱ་ཡ་སིདྡྷི་ཨོཾ༔ མགྲིན་པར་མཚལ་ལམ་ལི་ཁྲིས་སྔགས་འདི་བྲིས་ལ་བཙུག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སརྦ་ས་མ་ཡ་ཝཱཀ་ས་མ་ཡ་ཛ་ཛ་ཨ་བྷི་ཥིཉྩ་སྟྭཾ་ཨཱཿཨ་ལི་ཀ་ལི་རྟེན་སྙིང་བྲིས༔ ཐུགས་ཀར་མཐིང་ངམ་སྣག་ཚས་སྔགས་འདི་བྲིས་ཏེ་འཇུག༔ ཧཱུྃ་ཤྲཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་ཤྲཱི་མ་ཧཱ་བཛྲ་ཀུ་མཱ་ར་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱིཿཛ་ཧཱུྃ་ཨཱཿཙིཏྟ་སིདྡྷི་ཧཱུྃ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ རྒྱ་མདུད་འོག་མ་ལ་རིན་ཆེན་སྣ་ཚོགས་ཀྱིས་སྔགས་འདི་བྲིས་ལ་འཇུག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྟ་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ས་མ་ཡ་ཛ་ཛཿས་མ་ཡ་སྟྭཾ༔ ཀ་ཏཾ་ཀ་ཡེ་སོགས༔ མ་མ་རཀྨོ་ཡཀྨོ་སོགས་བྲིས་ལ་འཇུག་གོ༔ དཔྲལ་བར་དམ་རྫས་རྟེན་འདུས་དང་བཟང་པོ་དྲུག༔ མགྲིན་པར་གསུང་རྟེན་ལ་ཁྲུས་བྱས་པའི་ཆུ་དང་གུར་གུམ༔ སྙིང་གར་རིན་ཆེན་སྣ་བཞི་དང་རིན་ཆེན་སྣ་ལྔ༔ ཙན་དན་དཀར་དམར་བྱང་སེམས་དཀར་དམར་ཡུང་བ་ཆུ་དག༔ རྒྱ་མདུད་འོག་མ་ལ་ཟངས་ལྕགས་རྡོ་ཡི་ཕྱེ༔ ཀེ་ཚེ་ཤངས་མཚེ༔ ཡུངས་དཀར་ནག༔ རཀྟ་མཚེ་དང་ཧ་ལ་བླུག༔ དར་ལྗང་གུའམ་མཐིང་གས་དྲིལ༔ གཞན་གྱིས་མི་མཐོང་བར་གསང་ཕུར་སྐེད་དུ་བརྟེན་ནོ༔ རྒྱུན་དུ་མདུན་བསྐྱེད་ཕྱི་ལྟར་བདག་བསྐྱེད་ནང་ལྟར་དེའི་སྤྱི་བོར་ཕུར་པའི་རིག་འཛིན་རྒྱ་མཚོ་དང་ཞི་བའི་དཀྱིལ་འཁོར་ཐམས་ཅད་བསྐྱེད༔ ཐུགས་ཀར་རྡོ་རྗེ་གཞོན་ནུ་ཁྲོ་རྒྱལ་རིགས་བཞི་ཀཱི་ལ་རིགས་བཞི་ཁྲོ་བཅུ་ཁྲ་ཐབས་སྒོ་སྐྱོང་དང་བཅས་པ་བསྐྱེད༔ རྒྱ་མདུད་འོག་མ་ལ་ཕུར་སྲུང་དམ་ཅན་རྒྱ་མཚོ་བསྐྱེད༔ བར་སྐབས་སུ་རང་དྲག་པོའི་གནས་ཐམས་ཅད་ནས་ཉེར་སྤྱོད་འདོད་ཡོན་གསང་མཆོད་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་ཐོགས་པ་དང་༔ གཞན་ཡང་མཆོད་པའི་ལྷ་མོ་གྲངས་མེད་བསམ་གྱིས་མི་ཁྱབ་པ་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ལ་ཁྱབ་པར་སྤྲོས་པས༔ མདུན་བསྐྱེད་ཀྱི་ལྷ་རེ་རེའི་སྤྱན་ལམ་དུ་གྲངས་མེད་བསམ་གྱིས་མི་ཁྱབ་པ་ཡོངས་སུ་རྫོགས་པ་རེ་རེ་འཕྲོས་ཏེ་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ་སྐུའི་གཟི་མདངས་བསྐྱེད༔ གསུང་གི་ནུས་པ་བསྐྱེད༔ ཐུགས་ཀྱི་དགྱེས་པ་བསྐང་༔ ལྷ་མོ་རྣམས་གཟུགས་མ་སྤྱན་ལ་ཐིམ༔ སྒྲ་མ་སྙན་ལ་ཐིམ༔ དྲི་མ་ཤངས་ལ་ཐིམ༔ རོ་མ་ལྗགས་ལ་ཐིམ༔ རེག་མ་སྐུ་ལ་ཐིམ༔ ཆོས་མ་ཐུགས་ལ་ཐིམ༔ གཞན་ཡང་ལྷ་མོ་རྣམས་གནས་སོ་སོར་ཐིམ་པས་བདེ་སྟོང་གི་ཡེ་ཤེས་རྒྱ་ཆེན་པོ་དཔག་ཏུ་མེད་པ་བསྐྱེད་པར་བསམ༔ མདུན་བསྐྱེད་ཀྱི་གནས་ནས་མཆོད་པའི་ལྷ་མོ་གྲངས་མེད་པ་སྤྲོས་ཏེ༔ བདག་བསྐྱེད་ཀྱི་ལྷ་རྣམས་ལ་མཉེས་མཆོད་ཕུལ་ཞིང་གནས་སོ་སོར་ཐིམ་པས་བདེ་སྟོང་གི་ཡེ་ཤེས་དཔག་ཏུ་མེད་པ་བསྐྱེད་པར་བསམ་མོ༔ ས་མ་ཡ༔ གུ་ཧྱ༔ ༠༠༠༠བརྡ་ཡིག༣༡༨ཡང་བསྟོད་པའི་སྐབས་སུ་རང་གི་གནས་ཐམས་ཅད་ནས་མཆོད་པའི་ལྷ་མོ་གྲངས་མེད་པ་སྤྲོས་ཏེ་སྐུས་གར་འཆམ་ཞིང་ཕྱག་ནས་རོལ་མོ་དཀྲོལ་ངག་ནས་ཚངས་པའི་དབྱངས་ཀྱིས་ཡི་དམ་གྱི་ལྷ་ལ་བསྟོད་པར་བསམ་མོ༔ གཞན་ཡང་ཡི་དམ་ལྷའི་སྐུའི་དམ་ཚིག་ལ༔ དབང་ལུང་མན་ངག་གནང་བའི་བླ་མའི་སྐུ་གསུང་ཐུགས་མཉེས་པར་བྱེད་པ་དང་༔ རང་ལུས་ཀྱི་སྐྲ་དང་ཁ་སྤུ་མི་བྲེག༔ ཁ་དང་ལག་པ་མི་བཀྲུའོ༔ གསུང་གི་དམ་ཚིག་སྔགས་བཟླས་པའི་དུས་སུ་སྒྲ་གཞན་གྱིས་མི་ཐོས་པར་ཡིད་ཀྱིས་བཟླས༔ ཕྲེང་བ་འདྲེན་ཡང་གཞན་གྱིས་མི་མཐོང་བར་བྱ་བ་དང་༔ བརྟེན་པའི་ཡི་དམ་དེ་གཞན་ལ་རླུང་ཕྱོགས་ཙམ་ཡང་མི་བསྒྲགས་པ་ནི་གནད༔ ས་མ་ཡ༔ གུ་ཧྱ༔ ཐུགས་ཀྱི་དམ་ཚིག་ལ་ཡི་དམ་གྱི་ལྷ་ལ་ལྟ་ལོག་མི་བྱེད་པ་དང་༔ འགྲུབ་པའི་རྟགས་མཚན་ལ་མི་རེ་བ་ནི་གནད༔ གཞན་ཡང་ཡི་དམ་ལྷའི་ང་རྒྱལ་ལྟ་བའི་གདིང་ཞེས་བྱ་བ་བསྐྱེད༔ ཕྱི་ལྟར་ན་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་༔ བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན༔ སྒྲ་གྲགས་སྟོང་ཀཱི་ལ་ཡའི་སྔགས་སྒྲར་གསལ་བ་དང་༔ ནང་རང་གི་ལུས་ལྷའི་དཀྱིལ་འཁོར༔ ངག་སྔགས་ཀྱི་དཀྱིལ་འཁོར༔ ཡིད་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་གསལ༔ གསང་བ་ནི་ལྷ་ཡང་ཡེ་ནས་རང་ངོར་རྫོགས་པ་ལ་རང་ངོ་རང་ཞལ་མཐོང་སྟེ་ཆོས་ཉིད་རང་ཀློང་དུ་སད་པ་དང་༔ ཡེ་ནས་ཀ་དག་ཆེན་པོའི་ངང་ལ་མ་ཡེངས་པ་ཡེངས་མེད་འཛིན་མེད་གཏད་མེད་བསྒོམ་མེད་ཆེན་པོའི་ངང་ནས་ངོ་བོ་སྐྱེ་མེད་ཀྱི་ཀློང་ལ་ལྟ་ཞིང་ཤིག་གེར་བཞག་སྟེ་ཅེར་གྱིས་ལྟའོ༔ དེ་ཡང་རྣམ་རྟོག་གི་རྗེས་སུ་མི་འབྲང་ཞིང་དྲན་རིག་དབྱེར་མེད་ཀྱི་ངང་ནས་ལྷོད་ཀྱིས་གློད་ཅིང་སྐྱེས་བུའི་ཁོང་སྙིང་ཕྱུང་པའམ་ཡུལ་རྒྱུས་མེད་ཀྱི་ས་ཡི་རྒྱུས་མི་དཔོན་ནམ་བླ་མ་དྲག་ཤུལ་ཅན་གྱིས་དྲིས་པ་ལྟ་བུར་སྨྲ་བསམ་བརྗོད་མེད་ཀྱི་ངང་ལ་ཧྲིག་གེར་བཞག་སྟེ་འདས་མ་འོངས་པའི་འགྱུ་དྲན་ཉོན་འཁྲུལ་ཀྱི་རྟོག་ཚོགས་ཐམས་ཅད་བཤིག་སྟེ༔ དེས་ནམ་མཁའ་གཡའ་ཆད་པའི་ངོར་ཉི་མ་ཤར་བས་སྐར་ཚོགས་ཕྲ་མོ་ཟིལ་གྱིས་གནོན་པ་ལྟ་བུར༔ རིག་པའི་ཡེ་ཤེས་ཀྱིས་མ་རིག་པའི་རྟོག་ཚོགས་ཐམས་ཅད་ཟིལ་གྱིས་གནོན་པ་ནི་ངོ་བོ་སྐྱེ་མེད་ཀྱི་དབྱིངས་སུ་སང་ངེར་ལྟའོ༔ དོན་ལ་བལྟ་བྱ་ལྟ་བྱེད་མེད་པར་ཡོད་མིན་སྟོང་སང་ངེ་བ་རྒྱ་མ་ཆད་ཕྱོགས་མ་ལྷུང་བ་མཐའ་དང་གཏིང་མེད་པའོ༔ རྗེས་དཔྱོད་དང་ཡིད་དཔྱོད་དང་རྣམ་རྟོག་གི་རྗེས་འབྲང་དང་འདས་པ་དང་མ་འོངས་པ་རྣམས་ལ་བསམ་མནོ་ཅི་ཡང་མི་བཏང་བར་རང་བཞིན་རྫོགས་པ་ཆེན་པོའི་ངང་ལ་སང་ངེར་བཞག༔ ཡེ་ནས་སྣང་སྲིད་ཐམས་ཅད་རང་གཞིར་རྫོགས་པ་ལ་ཅི་ཡང་བསྒོམ་མེད་དུ་བཞག་གོ༔ སྒོམ་རྒྱུ་བྱུང་ན་སེམས་དུམ་བུར་ཆད་ནས་རྒྱུན་ཆད་པ་ཡིན་ཏེ༔ བསྒོམ་མེད་རྫོགས་པ་ཆེན་པོ་ནི༔ རྒྱ་མ་ཆད་པ་ནམ་མཁས་གར་ཁྱབ་ཁྱབ་སྟེ་རྒྱ་མ་ཆད་ཕྱོགས་མ་ལྷུང་ངོ་༔ རྣམ་རྟོག་གི་རྗེས་དེད་བྱུང་ན་སྔོན་ཆད་སྐྱེ་བ་ཐོག་མེད་ནས་ད་བར་དུ་རྣམ་རྟོག་ཤར་བ་ཐམས་ཅད་ད་ལྟ་ཅི་ལ་རྙེད༔ གོལ་ས་དང་ནོར་ས་དང་ཤོར་ས་རུ་ཤོར་ཉན་ཡང་སྲིད་པས༔ 'སྔོན་ནས་བསུ་མ་མི་བྱེད་ཅིང་༔ རྗེས་སུ་དཔྱོད་པ་མི་བཏང་ངོ་༔ བློ་ཡིས་བཟོ་བཅོས་ཡིད་དཔྱོད་མིན༔ སྣང་སྲིད་གཞིར་བཞེངས་རྫོགས་པ་ཆེ༔ ཞེས་ལྷར་གསལ་བ་ཡང་གསལ་ཉམས་ཙམ་ཡིན་ཏེ་གསལ་ལ་དེར་འཛིན་མེད་པ་ཉམས་ལ་དེར་དོགས་མེད་པ་གཅེས་སོ༔ སྔགས་སྒྲ་སྒྲོགས་པ་ཡང་དོན་ལ་སྒྲ་གྲགས་སྟོང་པ་སེམས་ཀྱི་ཆོས་ཞེས་ཡིན་པའི་བློ་གཏོད་བྱེད་པའི་ཐབས་ཏེ༔ དོན་ལ་རང་སེམས་མིན་པའི་ཆོས་མེད་དེ་ཚེ་གཅིག་སངས་རྒྱས་ཐོབ་པའི་ལམ་ལ་ཡང་༔ འདི་ཉིད་མ་གཏོགས་པའི་ལམ་མེད་ངེས་སོ༔ ཡང་ཤར་བ་ལ་བཟང་ངན་མེད་དེ་ཡེངས་མེད་ཆོས་ཉིད་སྐྱེ་བ་མེད་པའི་ཀློང་དུ་བཟང་ངན་གང་ཤར་ཐམས་ཅད་དུས་གཅིག་ཏུ་གྲོལ་བ་གཅེས་སོ༔ ཤར་བའི་ཚེ་ན་མཉམ་ཤར་བཟང་ངན་མེད༔ གྲོལ་བའི་ཚེ་ན་མཉམ་གྲོལ་བཟང་ངན་མེད༔ ཤར་གྲོལ་དུས་མཉམ་ཆོས་ཉིད་གྲོལ་བའི་ཀློང་༔ ཡེངས་མེད་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་བ༔ ཞེས་ཉིན་སྣང་དང་མཚན་སྣང་ཡང་འདྲེས་ཏེ་བཟང་ངན་རེ་དོགས་ཨ་འཐས་དང་ཐེར་ཟུག་ང་ཁྱོད་དང་གཉིས་སྣང་མེད་པར་སྣང་སྟོང་སྒྱུ་མ་ལྟ་བུར་སྔོན་ཆད་ཀྱི་འཁྲུལ་རྟོག་ཐམས་ཅད་རྨི་ལམ་ལས་སད་པ་བཞིན་དུ་ཆོས་ཉིད་སྐྱེ་མེད་ཀྱི་ཀློང་དུ་འབྱམས་ཀླས་སུ་བྲག་ཆ་མཁའ་ལ་ཐིམ་པ་བཞིན་དུ་འགྱུ་དྲན་མ་ཡི་ཀློང་དུ་སྤྲོས་བརྒྱད་མཐའ་གྲོལ་ཆེན་པོ་གློག་འོད་ནམ་མཁའ་ལ་ཐིམ་པ་བཞིན་དུ་གཏད་མེད་དུ་ཨ་ཨ་ཨཱཿཞེས༔ ང་ལ་ཁས་ལེན་མེད་པས་ན༔ ང་ནི་སྐྱོན་མེད་ཁོ་ནའོ༔ གཅིག་དང་སོ་སོ་འགལ་འདུ་དང་༔ ཡོད་མེད་དྲི་མའི་སྐྱོན་མ་གོས༔ ས་མ་ཡ༔ གུ་ཧྱ༔ ༠༠༠༠བརྡ་ཡིག༣༢༢ཞེས་སེམས་ནི་སངས་རྒྱས་ཡིན་ཏེ་རྩ་གསུམ་གཞན་ན་མི་གནས་རང་སེམས་ལ་གནས་ངེས་སོ་གནས་ཀྱང་༔ ལམ་མ་རིག་པ་ཡི་དགྲ་བོ་དེས༔ ནོར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཕྲོག༔ ཡེ་འཁོར་བ་ཐོག་མཐའ་མེད་པ་ནས༔ ངེད་མ་བུ་རང་ངོ་མ་མཇལ་འགལ༔ ངེད་དྭངས་གསལ་རྒྱ་འབྱམས་ཆེན་པོ་ལ༔ བུ་འགྱུ་འཕྲིག་མ་རིག་སྤྲིན་དུ་ཤར༔ ལམ་བདེ་བ་འདོད་པའི་སོ་ནམས་ཀྱིས༔ ངེད་མ་རིག་དུ༔ ཁའི་འདམ་དུ་ཚུད༔ ངེད་མ་བུ་འཕྲོག་བའི་བདེ་བླག་རྙེད༔ གནས་མ་བུའི་རང་གདངས་གཞལ་ཡས་ན༔ སྐུ་རང་བྱུང་དཔའ་བོ་ཏིལ་འབྲུ་ཙམ༔ འོད་དྭངས་མའི་དབུས་སུ་བུམ་པར་གྲུབ༔ མདངས་རང་བྱུང་ཡེ་ཤེས་རིགས་ལྔ་སྤྲུལ༔ ངེད་རང་གྲོལ་ཀློང་དུ་ཨེ་མ་ཧོ༔ ཞེས་པ་རང་གི་གདངས་སུ་རང་ངོར་མཇལ་ཏེ་འབྲས་བུ་སྐྱེ་འགག་འགྱུར་བ་མེད་པའི་ཆོས་སྐུ་ཐོབ་བོ༔ རྫོགས་པ་ཆེན་པོ་ལ་ལམ་མེད་དེ་ལམ་མ་ཡེངས་པའི་ངང་ནས་ངོ་བོ་ལ་ལྟོས༔ མདུད་རྒྱ་མང་པོའི་སྣེ་བཞིན་དུ༔ གཅིག་གྲོལ་ཐམས་ཅད་གྲོལ་བཞིན་དུ༔ འགྱུ་དྲན་རྩ་བ་ངོ་བོ་སྟེ༔ ངོ་བོ་ནི་གཞི་མེད་རྩ་བྲལ་ཡིན༔ དེ་ངོ་བོ་མཐོང་བས་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དང་བཅས་ལྷན་གཅིག་ཏུ་གྲོལ་ལོ༔ རྨི་ལམ་ལས་སད་པ་བཞིན་རང་ཀློང་དུ་སད་པས་ད་ཡན་ཆད་ཀྱི་འཁྲུལ་པ་ཐམས་ཅད་རྨི་ལམ་མོ༔ སྒྱུ་མའོ༔ མིག་ཡོར་ལྟ་བུའོ༔ དཔེར་ན་རྨི་ལམ་གྱི་ངོ་ལ་རིན་པོ་ཆེ་དང་བང་མཛོད་དང་ཡུལ་མཁར་འབངས་འཁོར་དང་བཅས་པ་རྒྱལ་པོ་ཆེན་པོས་རང་ལ་སྟེར་ཞིང་རང་དབུལ་པོས་རྙེད་དེ་དགའ་ཞིང་ཡི་རང་སྟེ་ལོངས་སྤྱོད་དེ་སོ་ནམས་དང་ལས་ཀ་ལ་བརྩོན་པའི་དཀའ་ཞིང་དཀའ་བ་ལ་མི་འཛེམ་པར་ཡོད་པ་དེ་གཉིད་ལས་སད་དེ༔ འོ་རྨི་ལམ་མོ༔ རྫུན་ནོ༔ སྒྱུ་མའོ༔ ཞེས་སེམས་པ་ལྟར་ཆོས་ཉིད་ཀྱི་ཀློང་དུ་སད་པས་འཁོར་བའི་བྱ་བ་ཐམས་ཅད་འཁྲུལ་བའི་དབང་གིས་མ་དག་པའི་ཆོས་དང་དུ་བླང་༔ འཁོར་བའི་མཚང་ལོན་པས་མི་བདེན་པར་རྟག་འཛིན་རྒྱབ་ཏུ་བོར༔ རྨི་ལམ་དུ་ཤེས༔ སྒྱུ་མ་རུ་ཤེས༔ མིག་ཡོར་དུ་ཤེས༔ སྨིག་རྒྱུ་རུ་ཤེས༔ འཁོར་བ་ལ་བློ་ཕྱིར་མི་ལྡོག་པའི་གདིང་རྙེད༔ ས་མ་ཡ༔ གུ་ཧྱ༔ ༠༠༠༠བརྡ་ཡིག༣༢༣གསང་ཆེན་ཐེག་དགུའི་ཡང་རྩེ་དམ་པ་རུ༔ དགོས་འདོད་ནོར་བུ་བསམ་འཕེལ་ལྟ་བུའི་ཏོག༔ པད་འབྱུང་བདག་གི་སྙིང་ཐིག་ཟབ་མོ་ལ༔ མ་འོངས་རྩུབ་འགྱུར་བསྐལ་བའི་ཐ་མ་ལ༔ འདུལ་ཁྲིམས་མེད་པའི་འདུལ་བ་ཁས་ལེན་པའི༔ སྨྲ་མཁས་སེམས་མེད་གསོབ་པོས་གྲུབ་མཐའ་རྩོད༔ ཝ་དང་སྤྲེའུས་སེང་གེའི་རྩལ་ལ་འགྲན༔ པད་འབྱུང་བདག་ལ་བདུད་ཀྱི་གླེང་བསླང་བྱེད༔ གཏེར་མིན་གཏེར་འདྲས་ཟབ་ཆོས་བསྟན་པ་བསྣུབས༔ ཆེ་འདོད་སྡུད་ཆགས་དོན་དུ་གྲུབ་ཐོབ་མང་༔ ཟང་ཟིང་ནོར་ལ་རེ་བའི་གཏེར་སྟོན་དང་༔ གྲགས་འདོད་རང་རྒྱལ་དོན་དུ་གྲུབ་ཐོབ་སྟེ༔ བསྟན་པའི་བླ་བཙོངས་དཀོན་མཆོག་རྐག་འདྲེན་པོ༔ ས་སྟེང་འདི་རུ་ལྷག་ན་དབང་པོ་སྣུབས༔ ས་མ་ཡ༔ གུ་ཧྱ༔ ༠༠༠༠བརྡ་ཡིག༣༢༤དམུ་རྒོད་སེམས་ཅན་ང་ལ་དྲིན་མི་དྲན༔ བུད་མེད་འཁོར་བའི་སྒྲོག་དང་འདམ་རྫབ་ཡིན༔ སྙན་གྲགས་བདུད་ཀྱིས་བསླུ་མ་ཡིན་པར་ངེས༔ ལོངས་སྤྱོད་བསྙེན་བཀུར་རྣམ་རྟོག་བསྐྱེད་པའི་རྒྱུ༔ ངན་སྨྲ་གྲགས་ངན་དངོས་གྲུབ་སྔ་ལྟས་ཡིན༔ སྙིང་གི་ཐིག་པ་གཏད་དོ་གཉེར་ཆེན་པོ༔ ཁེ་འདོད་དྲེགས་འདོད་མ་ཆེ་བདུད་འཇོམས་གླིང་༔ ངོམས་པ་སྔ་ན་བདུད་ཀྱི་བར་ཆད་འབྱུང་༔ སྐལ་ལྡན་མ་གཏོགས་ཀུན་ལ་སྣོད་མ་ཡོད༔ ས་མ་ཡ༔ བཀའ་འདི་ཕུར་སྲུང་རྒྱ་མཚོའི་ཚོགས་ཀྱིས་སྲུངས༔ དམ་ཉམས་ལྟ་ལོག་བྱུང་ན་སྙིང་ཁྲག་རོལ༔ དམ་ལྡན་རྣམས་ལ་བསྒྲུབ་པའི་གྲོགས་མཛོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཉན་རྒྱ༔ གསང་རྒྱ༔ བཀའ་རྒྱ༔ དགོངས་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་སྤྲང་དྲེད་པོ་བདུད་འཇོམས་གླིང་བས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ཕྱོགས་ཤྭ་བྲག་སེང་གེ་འདྲ་བའི་མགུལ་ནས་གདན་དྲངས་པའོ།།ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།།།