TTDL-ZABTER-05-CA-037

From Dudjom Wiki
Revision as of 08:37, 8 August 2024 by Mort (talk | contribs)

TTDL-ZABTER-05-CA-037
Wylie title TTDL-ZABTER-05-CA-037.pdf
Location bdud 'joms gling pa zab gter
Volume 5, Text 37, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms phur pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
[edit]
༠༠༠༠བརྡ་ཡིག༣༢༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐབས་མཆོག་རྟེན་འབྲེལ་ཟབ་མོའི་གསང་ལམ་རྡོ་རྗེའི་རྒྱ་ཅན་བཞུགས་སོ༔

༠༠༠༠བརྡ་ཡིག༣༢༨གུ་རུ་པདྨ་འབྱུང་གནས་ཀྱི་སྒྱུ་འཕྲུལ་བཀོད་པ་མཐའ་ཡས་ཀྱི་གྲོང་ཁྱེར་མཆོག་ལ་མི་ཕྱེད་དད་པའི་སྒོ་ནས་ཕྱག་འཚལ་ལོ༔

༠༠༠༠བརྡ་ཡིག༣༢༨བདག་འདྲ་པདྨ་འོད་གསལ་རྡོ་རྗེ་ངས༔ མ་འོངས་སྐལ་ལྡན་ལས་འཕྲོ་ཅན་རྣམས་ཀྱི༔ སྐལ་བར་བསྔགས་པའི་ཟབ་ལམ་འདི་བཀོད་བྱ༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ གདུལ་བྱ་རྟག་འཛིན་ཅན་རྣམས་ལ༔ རྩོལ་མེད་ལྟ་སྒོམ་ཟབ་མོའི་གནད༔ བསྟན་ཀྱང་ལྷུར་ལེན་བྱེད་པ་ཡི༔ ལས་སྐལ་མེད་ཕྱིར་ཡལ་བར་དོར༔ དེ་ཕྱིར་རྟག་འཛིན་མངོན་ཞེན་ཅན༔ ཐབས་མཆོག་རྟེན་འབྲེལ་ཟབ་མོ་ཡི༔ ལམ་ལ་བརྟེན་ནས་ངེས་གསང་གི༔ ཐེག་པ་མཆོག་ཏུ་ཁ་དྲངས་ཕྱིར༔ ཐབས་ལམ་དག་གི་མཆོག་ཡང་རྩེར༔ དབྱིངས་གསུམ་ཡེ་ཤེས་དྭངས་མ་རུ༔ སྦྱངས་པའི་གདམས་པ་འདི་ཁོ་ན༔ དེ་ཕྱིར་ཐར་པ་དོན་གཉེར་ཞིང་༔ བརྩོན་འགྲུས་སྙིང་སྟོབས་དད་དམ་དང་༔ ལྡན་པའི་སྐྱེས་བུ་སྐལ་ལྡན་ལེགས༔ བྱུང་ན་འདི་བསྟན་རབ་ཏུ་འཚེངས༔ དེ་མིན་ཚེ་འདིའི་བྱ་བ་ལ༔ ཁ་འབྱམས་ཆོས་ཀྱི་རྒྱུས་ཤེས་ཤིང་༔ དམ་ཚིག་ཉམས་ལ་ཅང་མི་སེམས༔ བླ་མ་མཆེད་དང་ཆོས་ལ་སྨོད༔ ང་རྒྱལ་ཁེངས་སེམས་གཡོ་དང་རྒྱུས༔ རྒྱུད་གང་གྲོང་ཡུལ་ཐ་དག་ལ༔ ཁྱི་བཞིན་ཉུལ་དང་དཀོར་ལ་འབྱམས༔ དེ་ལྟར་སྐྱོན་ངན་གྱིས་བསླད་པའི༔ ཉམས་པ་ཅན་ལ་བསྟན་གྱུར་ན༔ གདམས་པའི་རྣོ་ནུས་ཉམས་པ་དང་༔ མ་དང་མཁའ་འགྲོའི་བཀའ་ཆད་འོང་༔ སྲུང་མ་གཉན་པོའི་ཀོ་ལོང་སྡོམ༔ དེ་ཕྱིར་གསང་རྒྱའི་གནད་ལ་གཟབ༔ ས་མ་ཡ༔ ཟབ་གསང་ཉམས་སུ་ལེན་པ་ལ༔ དགོངས་རྒྱུད་ཉམས་རྟོགས་འཕོ་བའི་ཕྱིར༔ བླ་མའི་རྣལ་འབྱོར་གནད་དུ་བསྣུན༔ མོས་གུས་གསོལ་འདེབས་དབང་བཞི་བླང་༔ དེ་ནས་རྣམ་པར་སྣང་མཛད་ཀྱི༔ ཆོས་བདུན་དང་ལྡན་ལུས་གནད་ཀྱིས༔ རྡོ་རྗེ་ཁུ་ཚུར་སྟ་ཟུར་དུ༔ ཤད་དང་བསྐོར་ཏེ་སྣ་གཡོན་པ༔ མཛུབ་མོས་བཀག་སྟེ་གཡས་པ་ནས༔ ཞེ་སྡང་ལས་རླུང་ཁམ་ནག་གི༔ རྣམ་པར་ལན་གསུམ་འབུད་པ་དང་༔ དེ་བཞིན་གཡས་བཀག་གཡོན་ནས་འདོད་ཆགས་ཀྱི༔ ལས་རླུང་དམར་ནག་ལན་གསུམ་འབུད་པར་བྱ༔ སྣ་བུག་ཟུང་ནས་མཉམ་དུ་གཏི་མུག་གི༔ ལས་རླུང་སྔོ་ནག་རྣམ་པར་ལན་གསུམ་འབུད༔ སླར་ཡང་ནད་གདོན་སྡིག་གྲིབ་བག་ཆགས་དང་༔ གདོས་བཅས་ཤ་ཁྲག་ཕུང་པོ་དང་བཅས་པ༔ ཧ་ཧའི་སྒྲ་དང་ཁུ་ཚར་བསྣོལ་བ་དང་༔ སྐྱིལ་ཀྲུང་བཤིགས་པ་མཉམ་དུ་ནམ་མཁའ་ལ༔ འཐོར་དང་ཡལ་བར་བསམ་སྟེ་སྟོང་པར་བཞག༔ ཨ༔ གཟུང་དང་འཛིན་པས་བསྡུས་པ་ཡི༔ ཆོས་ཀུན་ཆོས་ཉིད་ཆེན་པོར་ཞིག༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་ཁྲོ་གཏུམ་རྔམས་པའི་སྐུ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕྱར༔ གཡོན་པས་ཕུར་པ་ས་ལ་གཟིར༔ ཞབས་གཉིས་གྱད་ཀྱི་འདིར་སྟབས་བགྲད༔ ཁམ་ནག་དབུ་སྐྲ་གྱེན་དུ་བརྫེས༔ ཐོད་སྐམ་དབུ་བརྒྱན་ཅོད་པན་མཛེས༔ ཉི་མ་ཟླ་བའི་སྙན་ཆ་དང་༔ ཐོད་རློན་ཕྲེང་བས་དོ་ཤལ་བྱས༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་འཁྲིལ༔ སྔོ་སྐྱ་ཨུཏྤལ་ཐོད་ཁྲག་སྟོབ༔ དམར་སེར་རལ་པ་སྐུ་རྒྱབ་གྲོལ༔ ཞབས་གཡོན་ཡབ་ཀྱི་སྐེད་ལ་འཁྲིལ༔ གཡས་པས་འཁོར་བའི་སྒོ་འཕར་གནོན༔ ཡབ་ཡུམ་སྤྱན་གསུམ་ཁྲོ་གཉེར་སྡུད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨ་ར་སྨིན་མར་མེ་ཞགས་འཕྱོ༔ ཞལ་སྦྱོར་དྲག་པོའི་གད་རྒྱངས་སྒྲོགས༔ པདྨ་ཉི་མའི་གདན་ལ་བཞུགས༔ བདེ་དང་སྟོང་པའི་ཆོ་འཕྲུལ་ལས༔ བསྐལ་པ་དུས་མཐའི་མེ་ལྟར་འབར༔ སྐུ་དབུས་དྲང་པོར་རྩ་དབུ་མ༔ ཕྱི་དཀར་ནང་དམར་བར་སྔོ་བ༔ ཡར་སྣེ་སྤྱི་བོར་ཐ་ལེ་ཧར༔ མར་སྣེ་གསང་བར་ཚིག་གི་འགགས༔ དྲངས་སྲབ་སྣུམ་གསལ་མཚན་ཉིད་རྫོགས༔ དཀར་དམར་མཐིང་གའི་ཁ་དོག་འཆར༔ གཡས་སུ་རོ་མ་ལོངས་སྤྱོད་རྫོགས༔ ཕྱི་དམར་ནང་དཀར་གསལ་ལ་འཚེར༔ གཡོན་དུ་རྐྱང་མ་སྤྲུལ་པའི་སྐུ༔ ཕྱི་དཀར་ནང་དམར་འོད་ཟེར་འབར༔ མར་སྣེ་དབུ་མར་ཚུད་པ་ལས༔ ཡར་སྣེ་རྣ་ལྟག་གཉིས་ནས་གུག༔ སྣ་བུག་གཉིས་སུ་ཧ་རེ་ཟུག༔ ཉོན་མོངས་དུག་ལྔ་དུག་གསུམ་དང་༔ འབྲེལ་བའི་ལས་རླུང་བག་ཆགས་ཀུན༔ རོ་རྐྱང་ལམ་བརྒྱུད་སྣ་སྒོར་ཐོན༔ རྟེན་མེད་ནམ་མཁའི་དབྱིངས་སུ་ཐིམ༔ རྩ་སྦུབས་སྐྱོན་དག་བྲལ་བར་བསམ༔ རླུང་རོ་ལན་དགུར་བསལ་བྱས་ཏེ༔ ཧཱུྃ༔ སྣ་རྩེའི་ཐད་ཀྱི་ནམ་མཁའ་རུ༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་བྱིན་དངོས་གྲུབ་ཡོངས་འདུས་པའི༔ ངོ་བོ་བྱིན་རླབས་ཡེ་ཤེས་རླུང་༔ མཐིང་ནག་ན་བུན་འཐིབ་བཞིན་གསལ༔ སྤོས་རེང་དུད་པ་ཇི་བཞིན་དུ༔ སྣ་བུག་ནས་དྲངས་རོ་རྐྱང་ལམ༔ བརྒྱུད་དེ་དབུ་མར་ཞུགས་པ་ཡི༔ དབང་བྱིན་དངོས་གྲུབ་ཀྱིས་གང་བསམ༔ རླུང་ཁུག་བརྒྱ་སོགས་ཅི་ནུས་འབད༔ དེ་ནི་མཉམ་བཞག་རླུང་ཡིན་ཏེ༔ རྗེས་ཐོབ་རླུང་ལ་དུས་རྟག་པར༔ སྟེང་རླུང་མནན་པའི་ཁ་གཡེར་བ༔ འོག་རླུང་ཡར་འཐེན་ཞབས་ཞུམ་པ༔ བར་རླུང་བརྒྱང་བའི་ལྟོ་ལྡིར་བ༔ བུམ་པའི་མཚན་ཉིད་ཚང་བ་སྟེ༔ བུམ་ཅན་གཞི་ཡི་རླུང་ཞེས་བྱ༔ འདི་ནི་རྗེས་ཐོབ་རླུང་ཡིན་ཏེ༔ མེད་ཐབས་མེད་པའི་གནད་མཆོག་ཡིན༔ རྩ་ཁམས་དག་པ་སྤྲུལ་པའི་སྐུ༔ རླུང་ཁམས་དག་པ་ལོངས་སྤྱོད་རྫོགས༔ ཐིག་ལེ་དག་པ་ཆོས་ཀྱི་སྐུ༔ དག་གསུམ་འཁོར་ལོ་ལྷུན་གྱིས་གྲུབ༔ བདེ་ཆེན་འཁོར་ལོ་ཆོས་ཀྱི་དབྱིངས༔ རྩ་འདབ་སུམ་ཅུ་རྩ་གཉིས་གྱེས༔ ལོངས་སྤྱོད་འཁོར་ལོ་སོར་རྟོག་དལ༔ རྩ་འདབ་བཅུ་དྲུག་གྱེས་པ་སྟེ༔ ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད༔ མེ་ལོང་ཡེ་ཤེས་དཀྱིལ་འཁོར་རོ༔ སྤྲུལ་པའི་འཁོར་ལོ་མཉམ་ཉིད་དལ༔ རྩ་འདབ་བཅུ་དྲུག་གྱེས་པ་ལ༔ བདེ་སྐྱོང་འཁོར་ལོ་བྱ་གྲུབ་དལ༔ རྩ་འདབ་དྲུག་ཅུ་རྩ་བཞི་སྟེ༔ ཡལ་ག་ལས་ནི་ལོ་མ་བཞིན༔ ལུས་ནི་རྩ་ཡི་པ་དྲྭ་སྟེ༔ རྩ་ཕྲན་བྱེ་བ་ས་ཡས་བསྐོར༔ བ་སྤུ་དེ་ལྟར་སྐྱེས་པ་སྟེ༔ ཁྲག་མེ་རླུང་གི་མདུད་པ་ཡིས༔ ལྟེ་འོག་ཐིག་ལེ་དཀར་དམར་ནི༔ དཔའ་བོ་ཡབ་ཡུམ་ཚུལ་དུ་གནས༔ རྩ་ཆེན་རླུང་གིས་འགེང་བ་ལས༔ རླུང་གི་མདུད་པ་རེ་གྲོལ་བཞིན༔ ཐིག་ལེ་དཀར་དམར་སྦྱོར་བའི་མོད༔ རྟོགས་པའི་ཡོན་ཏན་རེ་རེ་འཆར༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ཡི༔ རྩ་གསུམ་མདུད་ཆེན་གྲོལ་བའི་ཚེ༔ དང་པོ་ས་མཆོག་མངོན་དུ་གྱུར༔ དེ་བཞིན་གནས་མདུད་ཉེར་གཅིག་པོ༔ གྲོལ་ཚེ་ཡེ་ཤེས་རྩེ་མོ་རུ༔ ཡང་དག་རྫོགས་པའི་སངས་རྒྱས་འགྱུར༔ ས་མ་ཡ༔ དེ་ནས་གཏུམ་མོ་ཡས་འབར་དང་༔ བདུད་རྩི་མས་འཛག་རིམ་པ་ལ༔ རང་ཉིད་རྡོ་རྗེ་གཞོན་ནུ་ཡི༔ ཐུགས་ཀར་པདྨ་ཟླ་གདན་ལ༔ དགོངས་བརྡ་སྙན་བརྒྱུད་བླ་མ་རྣམས༔ ཡོངས་འདུས་ངོ་བོ་པདྨ་འབྱུང་༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་དང་༔ གཡོན་པས་བྷནྡྷ་ཚེ་བུམ་རྣམས༔ ཧེ་རུ་ཀ་པ་ཞི་མ་ཁྲོ༔ རྒྱལ་པོ་རོལ་པའི་སྟབས་སུ་འགྱིངས༔ རྣལ་འབྱོར་དམར་མོ་གྲི་ཐོད་ཅན༔ སྐུ་ལ་འཁྲིལ་ཞིང་སྦྱོར་བ་ལས༔ བདེ་ཆེན་འབར་བའི་ཟིལ་པ་འཁྲིགས༔ སྐུ་དབྱིངས་དྭངས་གསལ་ཆེན་པོའི་མཁར༔ རིག་འཛིན་ཆེན་པོ་བརྒྱད་དང་ནི༔ གྲུབ་ཆེན་བརྒྱ་རྩ་ལ་སོགས་པའི༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ༔ མཚོ་ལ་གཟའ་སྐར་བཀྲ་བཞིན་གསལ༔ སྤྱན་འདྲེན་བྱིན་འབེབས་གསོལ་བ་བཏབ༔ མཐར་ནི་དགྱེས་ཤིང་བརྩེ་ཉམས་ཀྱིས༔ འོད་ཕུང་དཀར་དམར་རྣམ་པར་ཞུ༔ དམར་ཆ་ལྟེ་འོག་ཨ་ཤད་དམར༔ དཀར་ཆ་སྤྱི་བོར་ཧཾ་ཡིག་དཀར༔ ཧཾ་ལས་འོད་ཟེར་དཔག་མེད་འཕྲོས༔ རྒྱལ་བ་མཆོད་ཅིང་དབང་བྱིན་བསྡུས༔ མར་འཕྲོས་འཁོར་བ་ཆོས་སྐུར་བསྒྲལ༔ ཚུར་འདུས་འཁོར་འདས་གཟི་བྱིན་དང་༔ དྭངས་བཅུད་ཚེ་བསོད་དཔལ་ཡོན་བསྡུས༔ སྤྱི་བོར་ཧཾ་ལ་བཅུད་དུ་དྲིལ༔ ཡེ་ཤེས་དབྱིངས་དང་དབྱིངས་ཞུགས་པའི༔ མ་དང་མཁའ་འགྲོ་ཐམས་ཅད་ཀུན༔ འོད་ཕུང་དམར་པོའི་རྣམ་པར་འདུས༔ ལྟེ་བའི་ཨ་ཤད་ཉིད་ལ་ཐིམ༔ དབང་བྱིན་དངོས་གྲུབ་འདུས་པའི་རླུང་༔ རྔུབས་པས་རོ་རྐྱང་ལམ་བརྒྱུད་དེ༔ ལྟེ་བའི་ཨ་ཤད་ལ་ཕོག་པས༔ གཏུམ་མོ་ཡེ་ཤེས་མེ་དཔུང་འབར༔ ཆེར་མཆེད་སྤྲུལ་པའི་འཁོར་ལོ་ཡི༔ རྩ་ཆེན་རྩ་ཕྲན་ཐམས་ཅད་ཀུན༔ ཁེངས་ཏེ་དེ་ལས་ཆེར་མཆེད་དེ༔ དབུ་མའི་ལམ་ནས་ཡར་མཆེད་དེ༔ ཆོས་ཀྱི་འཁོར་ལོའི་རྩ་འཁོར་ཁྱབ༔ ཆེར་མཆེད་ལོངས་སྤྱོད་འཁོར་ལོ་དང་༔ བདེ་ཆེན་འཁོར་ལོ་རིམ་བཞིན་མཆེད༔ སྤྱི་བོའི་ཧཾ་ཡིག་ལ་ཕོག་ཚེ༔ ཧཾ་ཡིག་ཡབ་ཀྱི་ངོ་བོ་ལ༔ མེ་ཉིད་ཡུམ་གྱི་ངོ་བོ་གཉིས༔ རེག་པ་འཕྲོད་པའི་ཆོ་འཕྲུལ་ལས༔ དགའ་བདེ་འབར་ཞིང་ཐིག་ལེ་ཞུ༔ བདེ་སྟོང་ཡེ་ཤེས་བདུད་རྩི་ནི༔ ཆུ་ཕྲན་བཞིན་དུ་བབས་པ་ཡིས༔ བདེ་ཆེན་འཁོར་ལོའི་རྩ་རྣམས་ཁྱབ༔ ཁྲག་འཐུང་རྡོ་རྗེ་དབྱིངས་ཀྱི་ལྷ༔ མཉེས་ཤིང་ཟག་མེད་བདེ་བས་མྱོས༔ གཏི་མུག་རྟོག་པ་དབྱིངས་སུ་གྲོལ༔ ཆོས་དབྱིངས་ཡེ་ཤེས་འབར་བར་བསམ༔ ལོངས་སྤྱོད་འཁོར་ལོར་བབས་པ་ལས༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ༔ མཉེས་ཤིང་འདོད་ཆགས་ས་བོན་སྟོང་༔ སོར་རྟོག་ཡེ་ཤེས་འབར་བར་བསྒོམ༔ ཆོས་ཀྱི་འཁོར་ལོ་ཡོངས་ཁེངས་ནས༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ མཉེས་ཤིང་ཞེ་སྡང་ས་བོན་སྟོང་༔ མེ་ལོང་ཡེ་ཤེས་འབར་བར་བསམ༔ སྤྲུལ་པའི་འཁོར་ལོ་ཡོངས་ཁེངས་ཚེ༔ སྐུ་གསུམ་མཁའ་འགྲོ་ཡོངས་མཉེས་ཤིང་༔ ང་རྒྱལ་འཁྲུལ་པའི་ས་བོན་སྟོང་༔ མཉམ་ཉིད་ཡེ་ཤེས་འབར་བར་བསམ༔ བདེ་སྐྱོང་འཁོར་ལོའི་རྩ་ཆེན་དང་༔ རྩ་ཕྲན་རྩ་ཆུང་ཐམས་ཅད་ཀུན༔ བྱིན་རླབས་ཡེ་ཤེས་རླུང་དང་ནི༔ གཏུམ་མོ་ཡེ་ཤེས་འབར་བར་བསམ༔ བདེ་སྟོང་ཡེ་ཤེས་བདུད་རྩི་ཡིས༔ གང་ཞིང་ཁྱབ་སྟེ་ཕྲིན་ལས་ཀྱིས༔ དཔའ་བོ་མཁའ་འགྲོ་ཡོངས་མཉེས་ཤིང་༔ ཕྲག་དོག་འཁྲུལ་པའི་ས་བོན་སྟོང་༔ བྱ་གྲུབ་ཡེ་ཤེས་འབར་བར་བསམ༔ ཡར་མཆེད་དགའ་བཞིའི་ཡེ་ཤེས་ཀུན༔ གཅིག་ཆར་ཉམས་སུ་མྱོང་བར་བསམ༔ དེ་ནས་དབུ་མ་མེ་དང་བཅས༔ ཆེར་མཆེད་སྣང་སྲིད་ཁམས་གང་ཁྱབ༔ བར་ཆད་གདོན་བགེགས་ནད་སྡུག་བསྔལ༔ སྒྲིབ་གཉིས་བག་ཆགས་དང་བཅས་པ༔ སྣོད་བཅུད་གཟུང་དང་འཛིན་པའི་ཆོས༔ ཡུལ་མེད་ཟང་ཐལ་ངང་དུ་བསྲེག༔ སླར་ཡང་ཇེ་ཆུང་སྤུ་ཙམ་དང་༔ དེ་བཞིན་ཆེར་མཆེད་གོང་བཞིན་དུ༔ ལན་གྲངས་དགུ་རྒྱུད་དཔག་བྱས་ཏེ༔ མཐར་ནི་ཆུང་ངུར་སོང་ནས་སུ༔ སྤྲོས་པ་བྲལ་བའི་ངང་དུ་བཞག༔ དེ་ལྟར་དབུ་མ་མེ་དང་བཅས༔ རྗེས་ཤེས་དོར་མེད་དྲན་པས་བཟུང་༔ ཡེ་ཤེས་རླུང་གི་བཅུད་ལོན་པས༔ འཆི་བ་མེད་པའི་ཚེ་དང་ལྡན༔ བདེ་སྟོང་བདུད་རྩིའི་བཅུད་ལོན་པས༔ ཟས་མི་དགོས་ཤིང་ཟོ་མདོག་རྒྱས༔ གཏུམ་མོ་ཡེ་ཤེས་མའི་བཅུད་ལེན༔ གོས་མི་དགོས་པའི་བདེ་དྲོད་འབར༔ རྩ་ཁམས་དཔའ་བོ་མཁའ་འགྲོ་དང་༔ རྒྱལ་དང་རྒྱལ་སྲས་མཉེས་མཆོད་པའི༔ ཚོགས་གཉིས་རྫོགས་ཤིང་སྒྲིབ་པ་དག༔ ཡེ་ཤེས་ལྔ་ཡི་ངང་མངོན་གྱུར༔ ཉེར་གཅིག་རྩ་ཡི་མདུད་པ་གྲོལ༔ ཀུན་ཏུ་འོད་ཀྱིས་ཆོས་སྐུ་རུ༔ ཡང་དག་རྫོགས་པའི་སངས་རྒྱས་ཐོབ༔ ཡེ་ཤེས་མཁའ་འགྲོ་འདུས་པ་ཡི༔ སྲོག་གི་ཡང་ཐིག་དམ་པ་འདི༔ བཀའ་སྲུང་གནོད་སྦྱིན་ཤན་དམར་དང་༔ གཟའ་བདུད་དུག་སྡོང་ཁྱོད་ལ་གཏད༔ དམ་ཉམས་ལག་ཏུ་མ་བཏངས་ཤིག༔ རྩེ་གཅིག་ཉམས་སུ་ལེན་པ་ཡི༔ དད་དམ་ལྡན་པའི་བུ་སློབ་སྐྱོངས༔ དམ་ཉམས་ལྟ་ལོག་སྲོག་ལ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་བྲག་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་རྩ་བདུན་བར་དུ་བཀའ་རྒྱ་བྱས་མཐར་ཟླ་རྒྱུད་ཕྱོགས་ཀྱི་བླ་མ་རིག་དགའ་ཞེས་པས་ནན་ཏུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ཡང་དེ་ཉིད་དོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།