TTDL-ZABTER-05-CA-038

From Dudjom Wiki
Revision as of 08:37, 8 August 2024 by Mort (talk | contribs)

TTDL-ZABTER-05-CA-038
Wylie title TTDL-ZABTER-05-CA-038.pdf
Location bdud 'joms gling pa zab gter
Volume 5, Text 38, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms phur pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
[edit]
༠༠༠༠བརྡ་ཡིག༣༣༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྡོ་རྗེ་གར་གྱིས་རྣམ་རོལ་འཁྲུལ་སྣང་བཙན་ཐབས་སུ་བཤིག་པའི་ཐབས་མཆོག་མྱུར་ལམ་སྙིང་པོ་བཞུགས་སོ༔ ༠༠༠༠བརྡ་ཡིག༣༤༠ན་མོ་གུ་རུ་པདྨ་ཀ་ར་བཾ་ཧ་རི་ནི་ས་སིདྡྷི་ཧཱུྃ༔ ༠༠༠༠བརྡ་ཡིག༣༤༠བདག་འདྲ་ཁྲག་འཐུང་རྡོ་རྗེ་གཤོག་རྒོད་ངས༔ མ་འོངས་ང་ཡི་བརྒྱུད་འཛིན་སྐལ་ལྡན་རྣམས༔ ངན་སོང་འཁོར་བའི་གཡང་ས་ལས་སྒྲོལ་ཏེ༔ རྣམ་མཁྱེན་སངས་རྒྱས་ས་རུ་སྦྱོར་བ་ཡི༔ རྡོ་རྗེའི་གར་བསྒྱུར་མྱུར་ལམ་སྙིང་པོ་བསྟན༔ འདི་ཉིད་ཉམས་སུ་ལེན་པའི་གང་ཟག་རྣམས༔ རབ་དབེན་གཞན་གྱིས་རྒྱུ་འགྲུལ་མེད་པ་ཡི༔ མི་མཐོང་མི་མེད་ལུང་སྟོང་ཞིག་ཏུ་ཕྱིན༔ གཞི་བདག་གནས་བདག་ས་བདག་ཀླུ་གཉན་ལ༔ དཀར་དམར་ཤ་ཁྲག་འབྲུ་སྣ་མང་བསགས་ཏེ༔ གཏོར་མ་འདོད་རྒུའི་གཏེར་དུ་བསྒྱུར་ཏེ་ཕུལ༔ ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ལ༔ ཀོ་ལོངས་སྤང་སྟེ་མཐུན་གྲོགས་བྱེད་པ་ཡི༔ ཕྲིན་ལས་བཅོལ་ཏེ་དམ་བསྒྲག་བྱ་བ་གནད༔ བདེ་ཞིང་ཁོད་སྙོམས་ཡངས་པའི་གནས་མཆོག་ཏུ༔ འབོལ་གདན་སྟེང་དུ་ཀོ་སྟན་མཉེན་ལྡན་འདིང་༔ ཨང་རག་མཛེས་ཤིང་རྒྱལ་མཚན་དབྱིབས་སུ་བྱ༔ འདི་ཉིད་ཉམས་སུ་ལེན་པའི་སྔ་ཐོག་ཏུ༔ བུམ་ཅན་དང་ནི་འབར་འཛག་ཟབ་མོའི་གནད༔ ཞག་གྲངས་བརྒྱད་ཅུ་བར་མེད་གནད་དུ་བསྣུན༔ དེ་མཐར་རྡོ་རྗེའི་རླུང་དང་བསྐྱེད་རིམ་གྱི༔ བྱེད་ལས་སྟོབས་ཀྱིས་རྩ་མདུད་གྲོལ་བའི་ཐབས༔ ལྷུར་ལེན་བྱས་ཏེ་ངལ་བ་ཁྱད་དུ་བསད༔ དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ གཞན་དོན་ཕྱིར་ན་དཀའ་བ་དང་དུ་ལེན༔ བསྐྱེད་དམིགས་གནད་ནི་དོན་གྱི་སྙིང་པོར་ཟུངས༔ ལུས་ཀྱི་འཁྲུལ་འཁོར་རྣམ་འགྱུར་སྣ་ཚོགས་པ༔ རླུང་དང་དག་དྲན་དམིགས་གསལ་གནད་མཆོག་གིས༔ ཡང་དག་ལམ་དུ་བསྒྱུར་ན་ངེས་པར་འགྱུར༔ དེ་ལྟར་གནད་དང་ལྡན་པར་མ་གྱུར་ན༔ ལུས་ཀྱི་བྱ་བྱེད་རྣམ་འགྱུར་མཛེས་མཛེས་ཀྱང་༔ རྨ་བྱས་གཤོག་འགྱུར་ལྟ་བུས་ཅི་ཞིག་བྱ༔ ཐུན་མོང་དངོས་གྲུབ་ཕྲ་མོ་འབྱུང་སྲིད་ཀྱང་༔ རྣམ་མཁྱེན་ཡང་དག་ལམ་ལ་ཉེ་བ་མིན༔ དེ་ཕྱིར་འཁྲུལ་འཁོར་རླུང་དང་བསྐྱེད་རིམ་གསུམ༔ ཡ་མ་བྲལ་བར་དྲིལ་ཏེ་གནད་དུ་བསྣུན༔ དང་པོ་སྣང་སྲིད་སྟུག་པོ་བཀོད་དང་ནི༔ རང་ཉིད་རྣམ་པར་སྣང་མཛད་སྐུར་བསྒོམས་ཏེ༔ རྐང་པ་རྡོ་རྗེ་སྐྱིལ་མོ་ཀྲུང་༔ ལག་གཉིས་རྡོ་རྗེ་ཁུ་ཚུར་གྱིས༔ མཉམ་བཞག་ཕོ་བ་རླུང་གིས་དགང་༔ མགྲིན་པ་ལྕགས་ཀྱུ་ལྟ་བུར་དགུགས༔ ལྕེ་ནི་ཡ་རྐན་ལ་སྦྱར་ཏེ༔ མིག་གཉིས་སྣ་རྩེའི་ནམ་མཁར་ལྟ༔ སྒལ་ཚིགས་མདའ་ལྟར་བསྲང་བར་བྱ༔ དེ་ནས་ཁུ་ཚུར་པུས་སྟེང་ནས༔ སྟ་ཟུར་གཡས་གཡོན་ནས་ཤད་དེ༔ ནུ་སྟེང་ནས་ནི་ལན་གསུམ་འཕེན༔ སྙིང་གར་བྱང་ཆུབ་ཕྱག་རྒྱ་བྱ༔ དེ་ལྟར་ལན་གསུམ་བསྐྱར་བར་བྱ༔ གཉིས་པ་ཕྱི་སྣོད་འཇིག་རྟེན་ཀུན༔ མངོན་པར་དགའ་བའི་ཞིང་དུ་གསལ༔ རང་ཉིད་རྡོ་རྗེ་སེམས་དཔར་བསྒོམ༔ ཁུ་ཚུར་པུས་སྟེང་གཡས་གཡོན་ནས༔ སྟ་ཟུར་ཤད་དེ་སྙིང་གར་བསྣོལ༔ ཕྱི་རུ་འཕེན་དང་ཆབ་གཅིག་ཏུ༔ སྐྱིལ་ཀྲུང་ཐར་གྱིས་བཤིག་བྱས་ཏེ༔ རྐང་པའི་མཐིལ་སྤྲད་པུས་མོ་བསྒྲད༔ ལག་གཉིས་མདུན་མཁར་འཕང་བྱས་ནས༔ བསྐོར་བསྣོལ་མཛུབ་རྩེ་སྤྲད་བྱས་ཏེ༔ ལག་གཉིས་ཕྱིར་བརྐྱང་རྐང་པ་བསྒྲེང་༔ སླར་ཡང་སྔར་བཞིན་རྡོ་རྗེའི་རྒྱ༔ དེ་ལྟར་ལན་གསུམ་བསྐྱར་བ་ཡིན༔ གསུམ་པ་སྣོད་བཅུད་སྣང་བ་ཀུན༔ དཔལ་དང་ལྡན་པའི་ཞིང་དུ་གསལ༔ རང་ཉིད་རིན་ཆེན་འབྱུང་ལྡན་བསྐྱེད༔ སླར་ཡང་སྐྱིལ་ཀྲུང་དང་བཅས་པའི༔ ལག་གཉིས་ཁུ་ཚུར་པུས་སྟེང་ནས༔ ཆུན་བཙལ་བསྲང་ནས་ཕྱི་རུ་འཕང་༔ མཆན་འོག་ཏུ་བཅུག་ལུས་གཡས་གཅུ༔ ཁུ་ཚུར་འཕང་ནས་ཡང་སྔར་བཞིན༔ གཡོན་དུ་ལན་གསུམ་གཅུས་བྱས་མཐར༔ ལག་གཉིས་མཉམ་བཞག་མཆོག་སྦྱིན་གྱི༔ ཕྱག་རྒྱ་བྱ་སྟེ་ལུས་ཡར་བསྲང་༔ རྩ་མདུད་ཁྲོལ་མར་ཞིག་པར་བསམ༔ བཞི་པ་སྣང་སྲིད་བདེ་བ་ཅན༔ རང་ཉིད་སྣང་བ་མཐའ་ཡས་ཀྱི༔ ལག་མཐིལ་ཉི་མའི་དཀྱིལ་འཁོར་བསྒོམ༔ རེག་པའི་གནད་ཀྱིས་གྲང་བ་དང་༔ ཆུ་སེར་རྒྱས་པ་ཐམས་ཅད་ཀུན༔ བ་མོར་ཉི་ཟེར་ཕོག་པ་ལྟར༔ བཅོམ་ཞིང་མེ་ཡི་རང་བཞིན་དུ༔ བསྒྱུར་བྱེད་ནུས་པ་དང་ལྡན་བསམ༔ དང་པོ་རྣམ་སྣང་ཆོས་བདུན་ནས༔ ཁུ་ཚུར་སྟ་ཟུར་ནས་ཤད་དེ༔ གདོང་ཐད་ནམ་མཁར་འཕང་བྱས་ནས༔ ཐལ་མོ་དྲག་ཏུ་མཉེ་ཞིང་བསྐོར༔ པད་སྐོར་བྱས་ཏེ་ཕོ་བ་མཉེ༔ སླར་ཡང་པད་སྐོར་བྱས་ནས་སུ༔ སྟོད་དང་མཆན་ཁུང་རེས་མོས་འཕུར༔ ལུས་དག་མགོ་བོ་ཁྱབ་པར་འཕུར༔ ལག་གཡས་མཐིལ་གྱིས་གཡོན་པ་དང་༔ གཡོན་པས་དེ་བཞིན་གཡས་པ་རུ༔ འཕུར་ཞིང་ཁྱད་པར་ཤད་པར་བྱ༔ དེ་ནས་བརླ་ཡང་གཡས་གཡོན་འཕུར༔ ཁུ་ཚུར་ནུ་སྟེང་ནས་སྒྲེང་བཞིན༔ འཕར་གྱིས་རྐང་གཡས་བསྒྲེང་བྱས་ཏེ༔ མར་བྱུག་ཡར་ཤད་ལན་གསུམ་བྱ༔ དེ་བཞིན་རྐང་གཡོན་ལ་ཡང་བྱ༔ ལྔ་པ་སྣང་སྲིད་ལས་རབ་ཞིང་༔ རང་ཉིད་དོན་ཡོད་གྲུབ་པར་བསྒོམ༔ ཁུ་ཚུར་གདོང་ཐད་ལན་གསུམ་འཕེན༔ དེར་སྦྲགས་པད་སྐོར་བྱ་བ་དང་༔ ཆབ་གཅིག་སྐྱབས་སྦྱིན་མཉམ་བཞག་བྱ༔ དཀྱིལ་འཁོར་ལུས་ནི་ལན་གསུམ་སྤྲུགས༔ དེ་མཐར་འབེབས་ཆུང་གསུམ་དང་ནི༔ དེ་བཞིན་བར་འབེབས་ལན་གསུམ་དང་༔ འབེབས་ཆེན་གསུམ་གྱིས་རྫོགས་པར་བྱ༔ དྲུག་པ་རྡོ་རྗེ་གཞོན་ནུ་ལ༔ སྣང་ཞིང་སྲིད་པ་ཐམས་ཅད་ཀུན༔ འོག་མིན་མེ་རི་འབར་བར་བསྒོམ༔ རང་ཉིད་རྡོ་རྗེ་གཞོན་ནུར་གསལ༔ སྣ་ཚོགས་གར་གྱི་རྣམ་འགྱུར་གྱིས༔ ལུས་ཀྱི་རྩ་མདུད་མ་ལུས་པ༔ ཁྲལ་མ་ཁྲོལ་མར་ཞིག་པར་བསམ༔ དང་པོ་སེམས་ཉིད་མ་བཅོས་པའི༔ སྤྲོས་མཐར་བྲལ་བར་ཡུན་གཅིག་བཞག༔ འདི་ནི་ཀུན་གྱི་སྤྱི་ཆིངས་ཡིན༔ དེ་ནས་རྐང་མཐིལ་ས་ལ་ཕབ༔ པུས་བྲང་སྦྱར་ཏེ་ཁུ་ཚུར་གྱིས༔ སྟ་ཟུར་ཤད་དེ་ལུས་ཡར་འཕེན༔ རྐང་པ་གྱད་ཀྱི་འདོར་སྟབས་ལ༔ ཁུ་ཚུར་གཡས་སུ་ཤུགས་ཀྱིས་འཕེན༔ གཡོན་པས་འདོམ་གང་ཚུལ་དུ་འཐེན༔ དེ་ལྟར་ལན་གསུམ་བསྐྱར་བྱས་ཏེ༔ སླར་ཡང་ལངས་སྟབས་པུས་བྲང་བསྲངས༔ སྡིགས་མཛུབ་སྟེང་གི་ནམ་མཁར་འཕེན༔ ལན་གསུམ་བསྐྱར་ཏེ་སླར་ཡང་ནི༔ རྐང་པ་གྱད་ཀྱི་འདོར་སྟབས་བསྒྲད༔ ལག་གཉིས་ནང་བསྐོར་ནུ་སྟེང་ནས༔ གཡས་གཡོན་ནམ་མཁར་ལན་གསུམ་འཐེན༔ ནང་བསྐོར་སྙིང་གར་ཐལ་མོ་སྦྱར༔ ལན་གསུམ་བསྐོར་ཏེ་འབེབས་ཆེན་གསུམ༔ བརྡབ་ཚེ་མ་དག་སྙིགས་མའི་ལུས༔ དྭངས་མ་འོད་ཀྱི་རང་བཞིན་དུ༔ ཞིག་པར་བསམ་ལ་མཉམ་པར་བཞག༔ བདུན་པ་དབྱིངས་ཀྱི་སྤྱི་རྗེ་མོའི༔ དང་པོ་བསམ་གཏན་ཆོས་བདུན་ནས༔ སྣང་སྲིད་དག་པ་མཁའ་སྤྱོད་ཞིང་༔ རང་ཉིད་དབྱིངས་ཀྱི་རྗེ་མོར་བསྒོམ༔ སྟོང་པའི་དབྱིངས་སུ་ཆམ་བརྡལ་ཡན༔ ཧར་གྱིས་ལངས་ཏེ་ཁུ་ཚུར་གཉིས༔ ཤེད་བསྐྱེད་སྦུབས་ལ་ལུས་ཡར་བསྲུང་༔ རྐང་བའི་བྲང་པ་སོ་སོ་ནས༔ ཤད་དེ་མཁའ་ལ་ལན་གསུམ་འཕེན༔ རྐང་པ་གཡས་བསྐུམ་གཡོན་བརྐྱང་བའི༔ གར་སྟབས་ལག་གཡས་སྡིགས་མཛུབ་ནི༔ གཡས་ཕྱོགས་ནམ་མཁར་ལན་གསུམ་འཕང་༔ དེ་བཞིན་གཡོན་བསྐུམ་གཡས་བརྐྱང་སྟེ༔ སྡིགས་མཛུབ་ཡོན་ཕྱོགས་མཁའ་རུ་འཕེན༔ རྩ་མདུད་ཐམས་ཅད་ཁྲལ་ཁྲོལ་དུ༔ ཞིག་པར་བསམ་ལ་རྒུར་འཐེན་ཏེ༔ འབེབས་གསུམ་བརྡབ་སྟེ་མཉམ་པར་བཞག༔ བརྒྱད་པ་རྡོ་རྗེ་ཀཱི་ལ་ཡ༔ སྣང་སྲིད་ཞི་བ་ལྷུན་གྲུབ་ལ༔ རང་ཉིད་བཛྲ་ཀཱི་ལར་གསལ༔ ཞེ་སྡང་འཁྲུལ་བ་བཤིགས་པའི་གར༔ བསྒྱུར་བས་སྙིང་གའི་རྩ་མདུད་གྲོལ༔ མེ་ལོང་ཡེ་ཤེས་མངོན་གྱུར་བསམ༔ ལངས་ཏེ་སྟ་ཟུར་གཡས་གཡོན་ནས༔ རྡོ་རྗེ་ཁུ་ཚུར་གྱིས་ཤད་དེ༔ གཡས་གཡོན་ཟུར་དུ་ལན་གསུམ་འཕེན༔ དེ་ནས་རྡོ་རྗེའི་ལུས་རྒྱ་བྱ༔ རྐང་པ་གྱད་ཀྱི་འདོར་ཐབས་བསྒྲད༔ ལྟ་སྟངས་གཡས་ཀྱི་ནམ་མཁའ་རུ༔ སྡང་མིག་བསྒྲད་ཅིང་ལག་གཡས་ཀྱི༔ སྡིགས་མཛུབ་ནམ་མཁར་ལན་གསུམ་འཕེན༔ གཡོན་དུའང་དེ་བཞིན་འཕང་བར་བྱ༔ འཕར་སྟངས་དང་ནི་བསྐོར་སྟངས་ཀྱི༔ རྣམ་འགྱུར་མཛེས་ཤིང་རྔམས་པར་བྱ༔ ཆོས་ཀྱི་འཁོར་ལོར་ཧཱུྃ་ཞིག་བསྒོམ༔ མི་བསྐྱོད་རྡོ་རྗེའི་ངོ་བོར་གསལ༔ མེ་ལས་མེ་སྟག་འཕྲོ་བ་བཞིན༔ འོད་ཀྱི་སྙིང་གའི་རྩ་འདབ་གང་༔ རྩ་ཡི་མདུད་པ་ཐམས་ཅད་ཀུན༔ བཙན་ཐབས་ཉིད་དུ་ཞིག་པར་བསམ༔ ལུས་ཀུན་འཐེན་སྟངས་གསུམ་གྱིས་མཐར༔ རྡོ་རྗེ་གཅུས་འབེབས་ལན་གསུམ་བརྡབ༔ དགུ་པ་སྣང་ཞིང་སྲིད་པ་ཀུན༔ མཉམ་ཉིད་ཡེ་ཤེས་རོལ་པ་དང་༔ རང་ཉིད་རཏྣ་ཀཱི་ལར་གསལ༔ མཉམ་ཉིད་གར་གྱིས་རྣམ་རོལ་པས༔ ལུས་ཀྱི་རྩ་རླུང་ཐིག་ལེའི་ཁམས༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ནག༔ རྣམས་སུ་གནས་འགྱུར་གོ་འཕོས་ཏེ༔ སྐུ་གསུམ་དང་ནི་གསང་གསུམ་གྱིས༔ ཡེ་ཤེས་འཁོར་ལོ་གནས་དག་བསམ༔ ལངས་ཏེ་སྡིགས་མཛུབ་ནམ་མཁའ་རུ༔ ཤེད་བསྐྱེད་ལན་གསུམ་འཕང་བྱས་ཏེ༔ ནོར་བུའི་ཕྱག་རྒྱ་གནས་ལྔར་གཏུག༔ དེ་ནས་ཁུ་ཚུར་མཆན་ཁུང་གཏད༔ ལུས་ནི་གཡས་གཡོན་གསུམ་གསུམ་གཅུ༔ དེ་ནས་ཁུ་ཚུར་བོལ་གོང་དུ༔ དལ་གྱིས་རྒུ་བཞིན་ཧ་ཡི་སྒྲས༔ རླུང་དུག་ཕྱི་རུ་དབྱུང་བྱས་ཏེ༔ ཧཱུྃ་ཞེས་བརྗོད་པའི་ཡེ་ཤེས་རླུང་༔ དལ་གྱིས་རྔུབས་བཞིན་ཁུར་ཚུར་བསྒྲིལ༔ རྐང་བའི་བར་ནས་ཡར་བརྒྱུད་དེ༔ བྲང་གི་སྟེང་ནས་ནམ་མཁའ་རུ༔ འཕེན་དང་ཆབ་གཅིག་དམིགས་པ་ནི༔ རྩ་ཆེན་རྩ་ཆུང་རྩ་ཕྲན་ཀུན༔ དབུ་མ་ཉིད་དུ་སྡུད་བསམ་ཞིང་༔ ཧཾ་ཞེས་སྟོང་འདྲེན་དྲག་པོ་ཡིས༔ རྩ་རླུང་ནང་དུ་ཤུགས་ཀྱིས་འཐེན༔ ལན་གསུམ་བསྐྱར་ཏེ་འཕར་སྟངས་ཀྱིས༔ བསྒྲད་ཆེན་ལན་གསུམ་བརྡབ་པར་བྱ༔ བཅུ་པ་སྣང་ཞིང་སྲིད་པ་ཀུན༔ སོར་རྟོག་ཡེ་ཤེས་དལ་དུ་བསྒོམ༔ ལུས་གནད་ཆོས་བདུན་དང་བཅས་པའི༔ རང་ཉིད་པདྨ་ཀཱི་ལར་བསྒོམ༔ སྙིང་གར་རྩ་མཆོག་དབུ་མའི་སྦུབས༔ ཡི་གེ་ཨོཾ་དཀར་ཨཱཿདམར་པོ༔ ཧཱུྃ་ཡིག་མཐིང་ནག་དང་བཅས་པ༔ བརྩེགས་མར་གནས་པའི་འོད་ཟེར་ནི༔ མེ་ལས་མེ་སྟག་ཆད་པ་ལྟར༔ རྩ་ཆེན་རྩ་ཆུང་རྩ་ཕྲན་ཀུན༔ རཾ་ཡིག་དམར་པོ་རྡུལ་ཕྲན་ཙམ༔ ཏིལ་གོང་ཕྱུར་བཞིན་གང་བར་བསྒོམ༔ སྣ་བུག་གཉིས་ནས་རླུང་རྔུབས་པས༔ རྩ་གནས་རཾ་ཡིག་ཀུན་ལ་ཕོག༔ མེ་རླུང་འཐབ་པའི་བྱེད་ལས་ཀྱིས༔ མ་དག་སྙིགས་མའི་རྩ་རླུང་ཐིག༔ དྭངས་མ་འོད་ཕུང་དཀར་དམར་མཐིང་༔ ཡེ་ཤེས་གསུམ་གྱི་རོལ་པར་བསྲེགས༔ རང་ལུས་འོད་ཀྱི་ཕུང་པོ་ལ༔ ཡེ་ཤེས་མེ་དཔུང་འབར་བར་བསྐྱེད༔ སྣ་ཚོགས་གར་གྱིས་རྣམ་རོལ་ལས༔ ཁམས་གསུམ་གནས་པའི་སེམས་ཅན་གྱི༔ སེམས་དང་སྣང་བ་དབང་བསྒྱུར་ཏེ༔ ཟག་མེད་ས་ལ་སྦྱོར་བར་དམིགས༔ ལངས་ཏེ་ཁུ་ཚུར་བསྐོར་བརྒྱང་གིས༔ ལག་གཉིས་སྙིང་ཁར་བསྣོལ་བྱས་ཏེ༔ རྐང་པའི་མཐིལ་སྤྲད་པུས་མོ་བསྒྲད༔ གཡས་དང་གཡོན་དུ་ལན་གསུམ་རྒུ༔ འཕར་སྟངས་ཀྱིས་ནི་འདོར་སྟབས་བསྒྲད༔ སྡིགས་མཛུབ་ནམ་མཁར་ལན་གསུམ་འཕེན༔ སླར་ཡང་འཕར་སྟངས་དང་སྦྲགས་ཏེ༔ རྐང་པ་གཉིས་པོ་ལངས་སྟབས་བསྡུས༔ དེ་བཞིན་འཕར་སྟངས་དང་བཅས་ཏེ༔ སྔར་བཞིན་འདོར་སྟབས་བསྒྲད་བྱས་ནས༔ སྡིགས་མཛུབ་བར་སྣང་ཁམས་སུ་འཕང་༔ པད་སྐོར་གྱིས་བསྐུམ་སྙིང་ཀ་རུ༔ ཐལ་མོ་ལན་གསུམ་སྦྱར་བྱས་ལ༔ སྒུར་ཏེ་མདུན་དུ་འགྲོ་སྟབས་ཀྱིས༔ ཕྱིར་ལ་སྒུར་ཆུང་འབེབས་གསུམ་བརྡབ༔ ཨོཾ་ཡིག་འོད་དཀར་རྩ་རུ་ཐིམ༔ ཨཱཿཡིག་འོད་དམར་རླུང་ལ་ཐིམ༔ ཧཱུྃ་ཡིག་འོད་མཐིང་ཐིག་ལེར་ཐིམ༔ རླུང་ལོག་རང་མལ་གསོད་པར་བསམ༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་གྱི༔ རོལ་པ་ཆིག་རྫོགས་ཉིད་དུ་གསལ༔ སེམས་ཉིད་མ་བཅོས་གཉུག་མའི་ངང་༔ མཉམ་པར་བཞག་སྟེ་ཆོས་བདུན་གྱི༔ ལུས་གནད་བྱ་བ་ཀུན་ལ་ཤེས༔ ཤེས་པ་གཏད་མེད་ནམ་མཁའི་ངང་༔ མ་བཅོས་དེ་བཞིན་ཉིད་དུ་བཞག༔ ངལ་གསོ་ལུས་སེམས་མལ་ཚུད་ཚེ༔ རླུང་གི་ཁུག་པ་ཆེན་པོ་ལ༔ འཁྲུལ་འཁོར་རེ་རེ་རྫོགས་པ་ནི༔ ལག་ལེན་གནད་ངེས་ཡིན་ནའང་༔ མི་ཐུབ་ཚེ་ན་རླུང་འདོར་ཏེ༔ ཁ་ནས་རླུང་དབྱུང་མི་རུང་སྟེ༔ ཁ་བསྡམ་ལྟེ་འོག་ཤུགས་ཀྱིས་མནན༔ དེ་རྗེས་སྣ་ནས་དལ་གྱིས་དབྱུང་༔ བཅུ་གཅིག་སྣང་ཞིང་སྲིད་པ་ཀུན༔ མེ་རི་འབར་བའི་ཞིང་དུ་གསལ༔ རང་ཉིད་ཀརྨ་ཀཱི་ལར་བསྒོམ༔ སྙིང་དབུས་རྩ་མཆོག་དབུ་མའི་སྦུབས༔ ཨོཾ་མཐར་ཧཱུྃ་དང་ཏྲཱུཾ་དང་ཧྲཱིཿདེ་བཞིན་གཡོན་ཕྱོགས་ཨཱཿཡིག་རྣམས༔ དབུས་མཐིང་ཤར་དཀར་ལྷོ་སེར་པོ༔ ནུབ་དམར་བྱང་ལྗང་ཁ་དོག་ཅན༔ གསལ་འཚེར་འོད་འབར་སྣུམ་ལ་འདྲིལ༔ དེ་ལས་འོད་ཕུང་ལྔ་མཆེད་པས༔ གནས་པ་རྩ་དང་གཡོ་བ་རླུང་༔ བཀོད་པ་བྱང་ཆུབ་སེམས་དང་བཅས༔ ལན་ཚྭ་ཆུ་རུ་ཞུ་བ་ལྟར༔ ཡེ་ཤེས་ལྔ་དང་སྐུ་ལྔ་རྣམས༔ གཅིག་དྲིལ་ངོ་བོར་གོ་འཕོས་ཏེ༔ རང་ཉིད་སྐུ་བཞིའི་ཡེ་ཤེས་ལྔའི༔ བདག་ཉིད་ཆེན་པོར་སངས་རྒྱས་བསམ༔ མ་དག་ལུས་ཀྱི་རྩ་ཐིག་རླུང་༔ དག་དབྱིངས་དྭངས་མའི་འཁོར་ལོ་རུ༔ དག་ཅིང་སྨིན་ཏེ་གྲོལ་བསམ་ཞིང་༔ ཡི་གེ་ལས་ནི་ཡི་གེ་མཆེད༔ དབུས་དང་མདུན་རྒྱབ་གཡས་གཡོན་གྱི༔ རྩ་ཁམས་ཡི་གེའི་འཁོར་ལོར་དག༔ ཨོཾ་གྱིས་རྔུབ་ཅིང་ཨཱཿཡིས་དགང་༔ ཧཱུྃ་གིས་རྩ་ཁམས་རྣམས་སུ་གཞིལ༔ རྡོ་རྗེའི་བཟླས་པ་ལན་དགུར་བསྐྱར༔ གཡས་སུ་ཉལ་ཏེ་རྩ་རྣམས་ཀྱི༔ མདུད་པ་ཁྲོལ་མར་ཞིག་བསམ་སྟེ༔ རྐང་ལག་གཡོན་ཟུང་ཤུགས་ཀྱིས་འཕེན༔ གཡོན་དུ་ཉལ་ཏེ་གཡས་ཕྱོགས་ཀྱི༔ རྩ་མདུད་དེ་བཞིན་གྲོལ་བསམ་འཕེན༔ དེ་ནས་རྐང་མཐིལ་ཁ་སྦྱོར་འདུག༔ ལག་གཉིས་པུས་མོའི་སྟེང་དུ་བཞག༔ ཧཾ་སྒྲས་ལུས་ཀྱི་ནང་རོལ་རྣམས༔ ལན་གསུམ་ཤུགས་ཀྱིས་འཐེན་པར་བྱ༔ སླར་ཡང་ལངས་བཞིན་ལུས་བསྲངས་ཏེ༔ གཡས་སུ་ཕུར་པ་འདྲིལ་ཚུལ་དང་༔ གཡོན་དང་མདུན་དུ་ཡང་དེ་བཞིན༔ ས་ལ་གདབ་དང་སྟེང་དུ་ཕྱར༔ ཁུ་ཚུར་འཕེན་དང་ལྷན་ཅིག་ཏུ༔ འཕར་སྟངས་རྡོ་རྗེའི་ལུས་རྒྱ་བྱ༔ ལུས་ཀུན་ཤུགས་ཀྱིས་ལན་གསུམ་འཐེན༔ རྡོ་རྗེ་ཐོག་འབེབས་ལན་གསུམ་བསྐྱར༔ བཅུ་གཉིས་སྣང་ཞིང་སྲིད་པ་ཀུན༔ ཆོས་དབྱིངས་ཡེ་ཤེས་དལ་དུ་བསྒོམ༔ རང་ཉིད་བུདྡྷ་ཀཱི་ལར་བསྒོམ༔ སྤྱི་བོ་བདེ་ཆེན་འཁོར་ལོ་རུ༔ ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི༔ ལྟེ་བར་ཐིག་ལེ་དཀར་པོ་ལས༔ ཐིག་ལེ་བཅུ་དྲུག་མགྲིན་པར་བབས༔ རླུང་ཁུག་གསུམ་གྱིས་དེའི་ཕྱེད་ཆ༔ ཆོས་ཀྱི་འཁོར་ལོར་བབ་བསམ་ལ༔ རླུང་ཁུག་གསུམ་གྱིས་དེ་བཞིན་ཕབ༔ དེ་ཡི་ཕྱེད་ཆ་ལྟེ་བ་རུ༔ གོང་བཞིན་རླུང་ཁུག་གསུམ་གྱིས་ཕབ༔ དེ་ཡི་ཕྱེད་ཆ་གསང་བར་བབས༔ གཅིག་ནི་ཨ་ཤད་ལ་ཕོག་པས༔ མེ་ཡི་ཤུགས་ཀྱིས་ལུགས་ལྡོག་སྟེ༔ སྤྲུལ་པའི་འཁོར་ལོར་ཡར་ལྡོག་པས༔ དགའ་བའི་ཡེ་ཤེས་སྐྱེས་པར་བསམ༔ ཆོས་ཀྱི་འཁོར་ལོར་ལྡོག་པ་ཡིས༔ མཆོག་ཏུ་དགའ་བའི་ཡེ་ཤེས་སྐྱེས༔ ལོངས་སྤྱོད་འཁོར་ལོར་ཡར་ལྡོག་པས༔ ཁྱད་པར་དགའ་བའི་ཡེ་ཤེས་སྐྱེས༔ བདེ་ཆེན་འཁོར་ལོའི་ཐིག་ལེར་ཐིམ༔ ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྐྱེས༔ དེ་ནས་མེ་དང་ཐིག་ལེ་ཟུང་༔ ཆེར་མཆེད་སྒོ་གསུམ་ཡོངས་ཁྱབ་སྟེ༔ བདེ་སྟོང་ཟག་པ་མེད་པ་ཡི༔ ཡེ་ཤེས་ཉམས་སུ་མྱོང་བསམ་ཞིང་༔ ལངས་ཏེ་ཁུ་ཚུར་སྐོར་རྒྱང་གིས༔ མདུན་མཁར་འཕེན་དང་ཆབ་གཅིག་ཏུ༔ ཐལ་བརྡབ་འཁོར་ལོའི་རྒྱ་བྱས་ཏེ༔ གཡས་ཕྱོགས་དང་ནི་གཡོན་ཕྱོགས་ཀྱིས༔ ཕྲག་པར་ལན་གསུམ་བསྐོར་བྱས་མཐར༔ རྐང་པ་མདུན་དུ་འཕང་ནས་སུ༔ སྡིགས་མཛུབ་ས་ལ་ལན་གསུམ་གཟིར༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གིས༔ ཀུན་ནས་བསླངས་པའི་བགེགས་གནོད་བྱེད༔ སྤྱན་མའི་མཁའ་རུ་ཕཊ་ཀྱིས་བཤིགས༔ གཡས་གཡོན་ལན་གསུམ་བསྐྱར་བྱས་མཐར༔ མདུན་གྱི་ནམ་མཁར་ལན་གསུམ་གྱིས༔ ཡུམ་ཆེན་མཁའ་ལ་ཕཊ་ཀྱིས་བཤིག༔ བསྒྲད་ཆུང་གསུམ་དང་བསྐོར་འབེབས་བརྡབ༔ བཅུ་གསུམ་སྣང་ཞིང་སྲིད་པ་ཀུན༔ ནམ་མཁའ་རྣམ་དག་དབྱིངས་ཕྱུག་གསལ༔ རང་ཉིད་རིགས་ཀུན་འཁོར་ལོའི་ཡུམ༔ བདེ་ཆེན་འཁོར་ལོ་རྒྱས་འདེབས་གསལ༔ རྩ་གསུམ་འཁོར་ལོ་ལྔ་ལྡན་ལ༔ རིགས་ལྔ་དབྱིངས་ཀྱི་ཡུམ་ལྔ་ཡི༔ སྐུ་དབྱིངས་དྭངས་གསལ་ཆེན་པོའི་མཁར༔ ཞིང་ཁམས་ལྔ་ཡི་བཀོད་པ་རྣམས༔ མཚོ་ལ་གཟའ་སྐར་བཀྲ་བཞིན་གསལ༔ ཁམས་གསུམ་བརྟན་གཡོ་ཐམས་ཅད་ཀུན༔ ཡེ་ཤེས་ལྔ་རུ་སྡུད་བསམ་ཞིང་༔ ལངས་ཏེ་ཁུ་ཚུར་བསྐོར་རྒྱང་མཐར༔ རྐང་གཡས་གར་སྟབས་གསང་བར་གཏད༔ གཡོན་པ་ས་ལ་བརྫིས་བྱས་ཏེ༔ ལག་གཡས་སྡིགས་མཛུབ་ནམ་མཁར་བསྒྲེང་༔ གཡོན་པས་ཐུགས་ཀར་ཐོད་འཛིན་གྱི༔ ཚུལ་བྱ་ལྟ་སྟངས་ནམ་མཁར་བལྟ༔ གཡོན་པས་དེ་ལྟར་ལན་གསུམ་བསྐྱར༔ མཐར་ནི་འཁོར་ལོའི་རྒྱ་བྱས་ཏེ༔ སྤྱི་བོར་གཏུག་ཅིང་འཕར་སྟངས་ཀྱིས༔ བཤིགས་ཏེ་པདྨའི་ཕྱག་རྒྱ་བྱ༔ མགྲིན་པར་གཏུག་སྟེ་ཕྱིར་བཤིགས་ཤིང་༔ རྡོ་རྗེའི་རྒྱ་བྱས་སྙིང་གར་བཞག༔ སླར་ཡང་ནོར་བུའི་རྒྱ་བྱས་ཏེ༔ ལྟེ་བར་ལན་གསུམ་གཏད་ཅིང་བཤིགས༔ དེ་ནས་རྒྱ་གྲམ་རྒྱ་བྱས་ཏེ༔ གསང་བར་ལན་གསུམ་གཏུག་བྱས་མཐར༔ ལག་གཉིས་སྟ་ཟུར་ལ་བརྐྱང་སྟེ༔ མདུན་དུ་རྒུ་ཞིང་རྒྱབ་ཏུ་དགྱེ༔ ལན་གསུམ་བསྐྱར་ཏེ་གན་རྐྱལ་ལོག༔ རྐང་ལག་རྣམ་བཞི་ཤུགས་ཀྱིས་བསྒྲེང་༔ དེ་ནས་རྡོ་རྗེ་སྐྱིལ་ཀྲུང་གིས༔ རྡོ་རྗེ་སྐྱིལ་ཀྲུང་སུམ་རྡབ་བརྡབ༔ འབེབ་ཆུང་གསུམ་མཐར་ཧ་སྤྲུགས་བྱ༔ དེ་མཐར་བསྔོ་བ་སྨོན་ལམ་གྱིས༔ རྒྱས་གདབ་པ་ཡིས་རྫོགས་པའོ༔ དེ་ལྟར་རྡོ་རྗེ་ལས་རྒྱ་ལ༔ བསྐྱེད་རིམ་གསལ་བའི་གནད་ལྡན་ན༔ སྲོག་རྩོལ་ལོག་པའི་གེགས་སེལ་ཏེ༔ རྩ་མདུད་གྲོལ་ཞིང་རྟོགས་པ་ཡི༔ ཡེ་ཤེས་ཡོན་ཏན་མངོན་དུ་གྱུར༔ མཆོག་ཐུན་དངོས་གྲུབ་ངེས་པར་ཐོབ༔ བཀའ་སྲུང་དབང་ཕྱུག་ཆེན་པོ་དང་༔ གཟའ་རྒོད་ཁྱབ་འཇུག་ཆེན་པོས་སྲུངས༔ སྣོད་ལྡན་སྐྱེས་བུའི་འདོད་དོན་སྒྲུབས༔ སྣོོད་མིན་རྣམས་ལ་སྦས་གསང་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨ་ཐམ་རྒྱ༔ ཞེས་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ས་མོ་ལུག་གི་ལོ་ཁྱིམ་དུ་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མཐར་ཟླ་རྒྱུད་ཕྱོགས་ཀྱི་རྣལ་འབྱོར་རིག་དགའ་ཞེས་བྱ་བས་ནན་ཆེར་ཡང་ཡང་བསྐུལ་ངོར་ཤིང་མོ་ལུག་གི་ལོ་ཁྱིམ་དུ་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།