TTDL-ZABTER-06-CHA-004

From Dudjom Wiki
Revision as of 09:37, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-06-CHA-004
Wylie title TTDL-ZABTER-06-CHA-004.pdf
Location bdud 'joms gling pa zab gter
Volume 6, Text 4, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དབུ་ཁྲིད་བརྡ་ཡིག༔ ༥༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་གསང་བ་འདུས་པ་ཡི༔ གསང་སྒྲུབ་ཆུ་གཏེར་འདུས་པ་བཞུགས༔ དབུ་ཁྲིད་བརྡ་ཡིག༔ ༥༢༠༠༠༠༠༠༠༠༠༠བརྡ་ཡིག༔ ༥༢ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་བསྐལ་པ་རྩུབ་འགྱུར་དུས༔ པདྨ་བདག་གི་རྗེས་འཇུག་པའི༔ སྨོན་ལམ་ལས་འཕྲོ་འཛོམ་པ་ཡིས༔ སྐལ་བར་ལྡན་པའི་སྐྱེས་བུ་ལ༔ ངེས་གསང་ཟབ་མོའི་བཅུད་དྲིལ་བའི༔ ཡང་སྙིང་འདི་ནི་ཕ་ཕོག་གཏད༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀུན༔ ཆུ་རྣམས་རྒྱ་མཚོར་འདུས་པ་ལྟར༔ སྙིང་པོ་འདི་ལ་བཅུད་དུ་དྲིལ༔ སྒྲུབ་དང་དཀྱིལ་འཁོར་ལྷ་སྔགས་ཀུན༔ སྣོད་བཅུད་ནམ་མཁས་ཆིངས་པ་ལྟར༔ སྙིང་པོ་འདི་རུ་ཆུབ་ཅིང་ཆིངས༔ ཉམས་སུ་ལོངས་དང་སྐལ་བཟང་རྣམས༔ གསལ་དག་སྟོང་པའི་གནད་ལྡན་ནས༔ མི་ལོ་གསུམ་དུ་བསྒྲུབ་ནུས་ན༔ རྣམ་པར་སྨིན་པའི་རིག་འཛིན་ཐོབ༔ ཁམས་གསུམ་འཁོར་བའི་ས་བོན་སྟོང་༔ རྣམ་པར་གྲོལ་བའི་ས་ལ་རེག༔ ས་མ་ཡ༔ ཟབ་གསང་ཉམས་སུ་ལེན་པའི་བུས༔ རབ་དབེན་གངས་རི་ནགས་ཁྲོད་དང་༔ ཤིན་ཏུ་ཡིད་འོང་སྐྱེད་ཚལ་དུ༔ སྒྲུབ་པའི་ཆས་ཀུན་ལེགས་པར་བསགས༔ སྣང་དང་མི་སྣང་སའི་བདག་པོར༔ རིན་འཇལ་དཀར་དམར་གཏོར་སྐྱེམས་དང་༔ བགེགས་ལ་ཡས་ཀླུད་ལན་ཆགས་འཇལ༔ བསྒྲུབ་རྫས་དཀྱིལ་འཁོར་མཆོད་རྫས་བཀོད༔ བསྒྲུབ་རྫས་སྨན་དང་རིལ་བུ་དང་༔ རྟེན་གསུམ་འབྱོར་ཚོགས་གང་འོས་བཀོད༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ སྐུ་གསུམ་ཡོངས་འདུས་དཔལ་ཆེན་པོར༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ༔ དེ་ནས་སེམས་བསྐྱེད་པ་ནི༔ ཧོ༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ རྣམ་གྲོལ་ཆེན་པོར་དབུགས་དབྱུང་ཕྱིར༔ བདག་གིས་དྲག་པོའི་སྒོར་ཞུགས་ནས༔ གཞན་དོན་བསྒྲུབ་པར་སེམས་བསྐྱེད་དོ༔ དེ་ནས་ཡན་ལག་བདུན་པ་ནི༔ ན་མོ༔ སྤྱི་དཔལ་མཆོག་ལ་ཕྱག་འཚལ་ལོ༔ སྣང་སྲིད་འདོད་ཡོན་མཆོད་པ་འབུལ༔ དུས་གསུམ་བསགས་པའི་སྡིག་པ་བཤགས༔ རྣམ་དཀར་དགེ་ལ་རྗེས་ཡི་རང་༔ གང་འདུལ་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ༔ འགྲོ་ཀུན་རྫོགས་སངས་རྒྱས་གྱུར་ཅིག༔ དེ་ནས་བཀའ་བསྒོ་མཚམས་གཅོད་ནི༔ ཧཱུྃ༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ འཁོར་འདས་ཡོངས་ཀྱི་ཆེ་བཙན་མཆོག༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ གཏོར་མ་ལོངས་ལ་ཕྱིར་དེངས་ཤིག༔ བཀའ་འདས་ལུས་སེམས་རྡུལ་དུ་བརླག༔ མངོན་སྤྱོད་དྲག་པོས་ཚར་གཅོད་དོ༔ རྩ་སྔགས་ཧཱུྃ་བཞིའི་དྲག་སྔགས་བརྗོད༔ ཐུན་བྲབ་འདྲེ་འཇིགས་དུ་བས་བདུག༔ དེ་ནས་སྲུང་གུར་བསྒོམ་པ་ནི༔ ཧཱུྃ༔ བདག་ཉིད་དྲག་པོའི་སྤྲུལ་པའི་གར༔ སྣ་ཚོགས་ཁྲོ་བོ་ཁྱུང་སྡིག་དང་༔ མེ་རླུང་མཚོན་ཐུན་ཚུར་འདུས་པས༔ སྲུང་བའི་འཁོར་ལོར་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ བརྒྱུད་གསུམ་རིག་འཛིན་བླ་མ་དང་༔ ཡི་དམ་ཞི་ཁྲོ་བཀའ་བརྒྱད་ལྷ༔ བཀའ་སྡོད་དམ་ཅན་སྲུང་མར་བཅས༔ འདིར་གཤེགས་དབང་དང་བྱིན་ཆེན་ཕོབ༔ གུ་རུ་དྷེ་ཝ་ཌཱཀི་ནཱི་སརྦ་ས་མ་ཡ་ཛ་ཛ༔ ཨ་བེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ སྲིད་གསུམ་འདོད་ཡོན་ལོངས་སྤྱོད་དཔལ༔ འབྱོར་ཚོགས་བཤམས་པའི་ཡོ་བྱད་བཅས༔ ཏིང་འཛིན་ནམ་མཁའ་མཛོད་ཀྱི་འཕྲུལ༔ ཕྱི་ནང་གསང་མཆོད་ཕུན་ཚོགས་གྱུར༔ ཨོཾ་ཨཱཿཧཱུྃ་གྷ་ཎ་པཉྩ་པཱུ་ཛ་ཧོཿབཛྲ་སྥ་ར་ཎ་ཁཾ༔ དེ་ནས་རྟེན་དང་བརྟེན་བསྐྱེད་ནི༔ ཨ༔ འཁོར་འདས་དག་མཉམ་ཆེན་པོར་ཞིག༔ མཁྱེན་གཟིགས་ཡེ་ཤེས་ཀུན་ཏུ་སྣང་༔ རིག་པ་ཧཱུྃ་གིས་སྣོད་བཅུད་སྦྱངས༔ རྡོ་རྗེའི་ཁམས་སུ་རྡོ་རྗེའི་གདུགས༔ ཡོངས་གྱུར་རྒྱུ་ཡི་ཧེ་རུའི་འཕྲུལ༔ ཨེ་ཡཾ་རཾ་སུཾ་ཀེཾ་རཾ་བྷྲུྃ༔ ནམ་མཁའ་རླུང་དཀྱིལ་རཀྟའི་མཚོ༔ ཞིང་ཆེན་གཞི་སྟེང་རི་རབ་བྲག༔ མེ་དཔུང་འབར་ཀློང་གཞལ་ཡས་དབུས༔ འཁོར་ལོ་རྩིབས་བརྒྱད་ལྟེ་བ་རུ༔ བྱོལ་སོང་གཙོ་བརྒྱད་ཀྱིས་བཏེགས་ཁྲིར༔ པད་ཟླ་ཉི་མ་སྡེ་བརྒྱད་དང་༔ བདུད་བཞི་རཱུ་དྲ་ཕོ་མོའི་སྟེང་༔ རྒྱུ་ཡི་ཧེ་རུ་བབས་པ་ལས༔ བདེ་ཆེན་སྦྱོར་བའི་རཱ་གའི་སྒྲས༔ རྒྱལ་བ་མཆོད་ཅིང་འགྲོ་དོན་བྱས༔ ཡོངས་གྱུར་འབྲས་བུའི་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་ཞལ་དཀར་ལ་གཡོན་ཞལ་དམར༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨ་ར་སྨིན་མར་མེ་ཞགས་འཕྲོ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ གཡས་ཕྱག་གསུམ་པོས་རིམ་པ་བཞིན༔ གནམ་ལྕགས་རྡོ་རྗེ་རྩེ་དགུ་དང་༔ རྩེ་ལྔ་རྩེ་གསུམ་གཡོན་པ་ན༔ བྷནྡྷ་ར་རི་ཁྲག་བཀང་བསྣམས༔ དུག་གསུམ་སྐུ་གསུམ་རྡོ་རྗེས་བཅོམ༔ ཁམས་གསུམ་འཁོར་བ་ཁྲག་ཏུ་རོལ༔ ཞབས་བཞིས་སྐྱེ་བ་རྣམ་བཞི་གནོན༔ སྣང་བ་ཐབས་ཀྱི་རང་བཞིན་ལ༔ སྟོང་པས་རྒྱས་འདེབས་གནམ་ཞལ་མ༔ གཡས་པས་གཙོ་འཁྱུད་ཁ་ཊཱྃ་ཕྱར༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ རལ་པ་དམར་སེར་མཁའ་ལ་གཡེངས༔ གཟིག་ཤམ་སྨད་དཀྲིས་ཐོད་ཕྲེང་བརྒྱན༔ རབ་ཁྲོས་མཐིང་སྐྱ་གཟི་འོད་འབར༔ དུར་ཁྲོད་ཆས་བརྒྱད་དཔལ་ཆས་བཅུ༔ ཐབས་མཆོག་སྐུ་ཡི་རྒྱན་དུ་ཤར༔ སྤྱི་བོར་སྤྲུལ་པའི་ཁྱུང་ཆེན་ལྡིང་༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀའི༔ གཙུག་ཏོར་ཡེ་ཤེས་འཁོར་ལོ་རུ༔ རིག་འཛིན་རྒྱལ་པོ་རྡོ་རྗེ་ཆོས༔ མཐིང་ནག་རྡོར་དྲིལ་བསྣོལ་ཐབས་བཞེངས༔ རྡོ་རྗེ་རྣལ་འབྱོར་དཀར་མོས་སྦྱོར༔ རིག་འཛིན་སློབ་དཔོན་དཀྱིལ་འཁོར་རྫོགས༔ དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད༔ བེ་ཅོན་ཞགས་འཛིན་འདོར་སྟབས་བགྲད༔ བེ་ཏ་ཟ་བྱེད་ནག་མོས་འཁྱུད༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་རྫོགས༔ མགྲིན་པར་རྟ་མགྲིན་དབང་ཆེན་དམར༔ ཕྱག་གཉིས་རལ་གྲི་པདྨ་བསྣམས༔ པདྨ་གར་དབང་ཡུམ་གྱིས་འཁྱུད༔ པདྨ་གསུང་གི་དཀྱིལ་འཁོར་རྫོགས༔ ཐུགས་ཀར་ཡང་དག་རྡོ་རྗེ་མཐིང་༔ ཕྱག་གཉིས་རྡོ་རྗེ་བྷན་ཁྲག་བསྣམས༔ བཛྲ་ཀྲོ་དྷི་མཐིང་ནག་སྦྱོར༔ ཡང་དག་ཐུགས་ཀྱི་དཀྱིལ་འཁོར་རྫོགས༔ ལྟེ་བར་རྡོ་རྗེ་གཞོན་ནུ་མཐིང་༔ ཕྱག་གཉིས་རྡོ་རྗེ་ཕུར་པ་གདེངས༔ འཁོར་ལོ་རྒྱས་འདེབས་སྔོན་མོས་འཁྱུད༔ ཕུར་པ་ཕྲིན་ལས་དཀྱིལ་འཁོར་རྫོགས༔ གསང་བར་བླ་མེད་ཧེ་རུ་མཐིང་༔ ཕྱག་གཉིས་བྱ་ཁྱུང་ཞིང་དབྱུག་ཐོགས༔ ཉིད་ཞི་བདེ་མཆོག་དམར་མོས་འཁྱུད༔ རྦོད་གཏོང་མ་མོའི་དཀྱིལ་འཁོར་རྫོགས༔ བརླ་གཡས་དྲེགས་པ་ཀུན་འདུལ་མཐིང་༔ ཕྱག་གཉིས་ཐོ་ཆེན་མདུང་ཐུང་བསྣམས༔ ཁམས་གསུམ་སྲིད་པ་སྤྱི་འདུལ་ཡུམ༔ འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་རྫོགས༔ བརླ་གཡོན་སྟོབས་ལྡན་ནག་པོ་ཆེ༔ ཕྱག་གཉིས་ལྕགས་ཀྱུ་སྦྲུལ་ཞགས་བསྣམས༔ འབྱུང་བ་ལྔ་ཡི་བདག་མོ་ཡུམ༔ དམོད་པ་དྲག་སྔགས་དཀྱིལ་འཁོར་རྫོགས༔ ཡུམ་རྣམས་གྲི་གུག་ཐོད་ཁྲག་བསྣམས༔ དཔལ་ཆེན་དགུ་ཡི་དཀྱིལ་འཁོར་དུ༔ རིགས་བཞི་སྒྱུ་འཕྲུལ་འཁོར་བཅས་པ༔ ཉི་མ་འོད་ཟེར་བཞིན་དུ་གསལ༔ ཡན་ལག་བཞི་ལ་སྒོ་སྐྱོང་དང་༔ བ་སྤུའི་བུ་ག་བཀའ་སྡོད་ཚོགས༔ མ་འདྲེས་ཏིལ་གོང་ཕྱུར་བཞིན་གསལ༔ ཆེ་མཆོག་ཡབ་ཡུམ་ཐུགས་རྗེའི་འཕྲུལ༔ ཡེ་ཤེས་འོད་ཟེར་རྩེ་མོ་རུ༔ བཞི་བཅུ་རྩ་གཉིས་སངས་རྒྱས་ཤར༔ མདོར་ན་དུས་གསུམ་རྒྱལ་དང་སྲས༔ རྒྱ་མཚོའི་ནང་གི་གཟའ་སྐར་བཞིན༔ མ་ལུས་ཆེ་མཆོག་སྐུ་ལ་རྫོགས༔ དེ་ནས་དབང་བསྐུར་བ་ལ༔ ཧཱུྃ༔ རིགས་ལྔ་དང་ནི་ཡེ་ཤེས་ལྔ༔ དཀར་སེར་དམར་ལྗང་མཐིང་ནག་གི༔ འོད་ཀྱི་རྣམ་པར་གནས་ལྔར་ཐིམ༔ ལྷན་སྐྱེས་ཡེ་ཤེས་དབང་རྫོགས་སོ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ སླར་ཡང་དུས་གསུམ་རྒྱལ་རྣམས་ཀྱི༔ བྱིན་རླབས་ཆུ་རྒྱུན་སྤྱི་བོར་ཕབ༔ དབང་བསྐུར་སྐུ་གང་དྲི་མ་དག༔ ལྷག་མ་རྡོ་རྗེའི་གཙུག་རྒྱན་དང་༔ གདོད་མའི་མགོན་པོས་དབུ་རྒྱན་གྱུར༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཧཱུྃ༔ བུམ་གསང་ཤེས་རབ་བཞི་པའི་དབང་༔ སྒོ་གསུམ་བུམ་པའི་སྣོད་དུ་བབ༔ རྡོ་རྗེ་གསུམ་གྱི་དབང་རྫོགས་ཤིང་༔ དབང་བཞིའི་ཡེ་ཤེས་མངོན་དུ་བྱས༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨཱཿཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྒྱས་གདབ་པ་ནི༔ ཧཱུྃ༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལ༔ སྐུ་གསུམ་རྒྱལ་བ་རྒྱ་མཚོ་བསྟིམ༔ ཡོངས་གྱུར་སྤྱི་མགྲིན་སྙིང་ག་རུ༔ རྣམ་སྣང་མཐའ་ཡས་མི་བསྐྱོད་ཤར༔ མི་འགྱུར་རྡོ་རྗེས་རྒྱས་བཏབ་ནས༔ འཁོར་བ་ཡོངས་སྒྲོལ་མཐུ་ཐོབ་བོ༔ ཨོཾ་ཛི་ན་ཛིཀ྄་ས་མ་ཡ་ཛ་ཛཿཏིཥྛ་ལྷན༔ ཨཱཾཿཨ་རོ་ལིཀ྄་ས་མ་ཡ་ཛ་ཛཿཏིཥྛ་བཛྲ༔ ཧཱུྃ་བཛྲ་ས་མ་ཡ་ཏིཥྛ་བཛྲ༔ ཞེས་དབང་བསྐུར་ཞིང་རྒྱས་གདབ༔ སླར་ཡང་གནས་གསུམ་རྡོ་རྗེའི་སྙིང་པོ་ལས་འོད་ཟེར་འཕྲོས་པས་ཆེ་མཆོག་དཔལ་དགུ་ཡབ་ཡུམ་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་སྤྱན་དྲངས་ལ་བསྟིམ་མོ༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཞིང་ཁམས་ནས༔ སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀའི༔ སྒྱུ་འཕྲུལ་སྒྲུབ་པ་བཀའ་བརྒྱད་ཀྱི༔ ཞི་ཁྲོ་ཡོངས་རྫོགས་བཀའ་སྡོད་བཅས༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་སུ༔ མ་ཆགས་པདྨ་བམ་གྱི་སྟེང་༔ དབྱིངས་དང་ཡེ་ཤེས་དབྱེར་མེད་དུ༔ མི་འགྱུར་བདེ་བ་ཆེན་པོར་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ན་མོ༔ སྐྱེ་འགགས་འགྱུར་མེད་བཀོད་པ་རྫོགས༔ རང་བྱུང་ཡེ་ཤེས་བྱང་ཆུབ་སེམས༔ སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་ལ༔ གཉིས་མེད་རིག་པས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ དེ་ནས་མཆོད་པ་འབུལ་བ་ལ༔ ཧཱུྃ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་༔ བདུག་སྤོས་སྣང་གསལ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་ཕྱི་མཆོད་ཚོགས༔ སྒྲུབ་པ་བཀའ་བརྒྱད་ལྷ་ལ་འབུལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ཤཔྡ་པཱུ་ཛ་ཧོཿནང་མཆོད་འབུལ་བ་ནི༔ ཧཱུྃ༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་༔ རོ་མངར་རེག་བྱ་འཇམ་ལ་སོགས༔ འདོད་ཡོན་ནང་གི་མཆོད་སྤྲིན་ཚོགས༔ སྒྲུབ་པ་བཀའ་བརྒྱད་ལྷ་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔ རཱུ་པ་ཤཔྡ་སོགས་ནས་སྤཪྴེ་སརྦ་པཱུ་ཛ་ཧོཿདེ་ནས་གསང་བའི་མཆོད་པ་འབུལ་བ་ལ༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན༔ འཁོར་བ་དབྱིངས་སྒྲོལ་རཀྟ་ཁྲག༔ སྣོད་བཅུད་བཅུད་དྲིལ་གཏོར་མར་བཅས༔ སྒྲུབ་པ་བཀའ་རྒྱད་ལྷ་ལ་འབུལ༔ མ་ཧཱ་པཉྩ་རཀྟ་བ་ལིངྟ་སརྦ་པཱུ་ཛ་ཧོཿདེ་ནས་ཡང་གསང་མཆོད་པ་ནི༔ ཧཱུྃ༔ བདེ་སྟོང་ཐབས་ཤེས་སྒྱུ་མའི་འཕྲུལ༔ གསང་བ་མཆོག་གི་ལྷ་མོ་ལྔ༔ སྐུ་གསུང་ཐུགས་ཡོན་རྒྱས་ཕྱིར་འབུལ༔ མཆོག་གི་དངོས་གྲུབ་མྱུར་དུ་སྩོལ༔ དེ་ནས་སྦྱོར་བའི་མཆོད་པ་ནི༔ ཧཱུྃ༔ གདོད་ནས་དབྱིངས་ཡེ་མཉམ་སྦྱོར་བའི༔ ཐབས་ཤེས་བདེ་སྟོང་སྙོམས་ཞུགས་པའི༔ ཡང་བཅུད་བདུད་རྩི་བྱང་ཆུབ་སེམས༔ སྒྲུབ་ཆེན་བཀའ་བརྒྱད་ལྷ་ལ་འབུལ༔ མ་ཧཱ་བོ་དྷི་ཙིཏྟ་པཱུ་ཛ་ཧོ༔ དེ་ནས་སྒྲོལ་བའི་མཆོད་པ་ནི༔ ཧཱུྃ༔ ཤེས་རབ་སྟོང་ཉིད་ཡུམ་གྱི་མཁར༔ ཁམས་གསུམ་འཁོར་བ་དབྱིངས་སུ་བསྡུས༔ ཐབས་མཆོག་ཡབ་ཀྱི་རྡོ་རྗེས་བརྡུང༔ ཤ་ཁྲག་རུས་པའི་རི་མཚོ་གྲམ༔ སྒྲུབ་པ་བཀའ་བརྒྱད་ལྷ་ལ་འབུལ༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ཀིཾ་ནི་རི་ཏི་བ་སུ་ཏ་ལ་ཁཱ་ཧི༔ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ༔ གདོད་མའི་ཡེ་གཞི་ཀ་དག་སྤྲོས་མཐའ་བྲལ༔ ལྷུན་གྲུབ་རོལ་པ་བདེ་ཆེན་ལོངས་སྤྱོད་རྫོགས༔ གང་འདུལ་ཐབས་དང་ཐུགས་རྗེའི་སྐུར་སྣང་བ༔ སྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་བཤགས་པ་བྱ་བ་ལ༔ ཧོཿབདེ་གཤེགས་ཡོངས་རྫོགས་དགོངས་སུ་གསོལ༔ བདག་ནི་མ་རིག་དབང་གྱུར་ཏེ༔ ལས་ཉོན་བག་ཆགས་ཅི་མཆིས་པ༔ འགྱོད་པས་བཤགས་སོ་བྱང་བར་མཛོད༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ དེ་ནས་ཛཔྲ་དམིགས་ལ༔ ཧཱུྃ༔ རང་ཉིད་སྤྱི་དཔལ་ཧེ་རུ་ཀའི༔ ཐུགས་ཀར་མི་བསྐྱོད་རྡོ་རྗེ་ཡི༔ ཙིཏྟ་རིན་ཆེན་གཞལ་ཡས་སུ༔ པདྨ་ཟླ་རྒྱས་ལྟེ་བ་རུ༔ ཀུན་བཟང་ཡབ་ཡུམ་ཞལ་སྦྱོར་བའི༔ ཐུགས་ཀར་གནམ་ལྕགས་རྡོ་རྗེ་ཡི༔ ལྟེ་བར་དྭངས་མའི་ཐིག་ལེའི་སྦུབས༔ ཧཱུྃ་ཡིག་མཐིང་ནག་མཐར་སྔགས་འཁོར༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ གཙོ་བོའི་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་འཕྲོས་དཔལ་ཆེན་རྣམ་བརྒྱད་ཀྱི༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་ཡི༔ གསང་སྔགས་རིག་སྔགས་གཟུངས་སྔགས་ཀུན༔ གཙོ་བོའི་སྔགས་ཕྲེང་ཁོ་ནར་གྱུར༔ བཟླས་པས་འཁོར་འདས་ཡོངས་སྲོག་འདུས༔ ཨོཾ་བཛྲ་ཀྲོ་དྷ༴དེ་ནས་སླར་ཡང་འདི་བསྒོམ་བྱ༔ གཙོ་བོའི་ཧཱུྃ་གི་ཐིག་ལེ་ལས༔ སྔགས་ཕྲེང་ལུག་གུ་རྒྱུད་དུ་ཐོན༔ ཡབ་ནས་ཡུམ་གྱི་ཞལ་དུ་ཞུགས༔ པདྨོ་རྡོ་རྗེ་སྦུབས་སུ་བརྒྱུད༔ ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུར་བསྟིམ༔ དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་༔ དགའ་བ་བཞི་ཡི་བྱེད་ལས་ཀྱིས༔ ཡེ་ཤེས་ལྔ་ཡིས་བསྡུས་པ་ཡི༔ རིགས་ཀུན་རྒྱལ་བ་སྲས་དང་བཅས༔ མ་ལུས་འོད་ལྔའི་རྣམ་པར་འདུས༔ རང་ཉིད་དཔལ་ཆེན་ཐུགས་ཀར་ཐིམ༔ དབང་དང་དངོས་གྲུབ་ཡོངས་ཐོབ་བསམ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་སོགས་རང་ཉིད་དྲག་པོའི་ཐུགས་ཀ་ནས༔ འོད་འཕྲོས་སྣང་སྲིད་སྣོད་བཅུད་ཀུན༔ དག་པ་རབ་འབྱམས་རོལ་པར་གྱུར༔ ཨོཾ་བཛྲ་ཀྲོ་དྷ༴དཔལ་དགུའི་མཉམ་སྦྱོར་འོད་ཟེར་གྱིས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཀྲོ་དྷ༴ཧཱུྃ༔ དཔལ་དགུ་རྔམས་པའི་ཕྲིན་ལས་གར༔ ཕོ་ཉའི་མཚོན་ཐུན་བུ་ཡུག་འཚུབས༔ དགྲ་བགེགས་གདུག་པའི་སྡེ་དཔུང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན༔ རྗེས་ཤུལ་ཙམ་ཡང་མེད་པར་བརླག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ༔ དེ་ལྟར་བསྒོམ་བཟླས་མ་འཛོལ་བའི༔ གནད་དང་ལྡན་པས་རྣམ་པར་གྲོལ༔ འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེར༔ མངོན་སངས་རྒྱས་འགྱུར་ཐེ་ཚོམ་མེད༔ ཚེ་འདིར་ཚེ་རིང་ནད་མེད་ཅིང་༔ སྣང་ཞིང་སྲིད་པ་དབང་འདུས་འགྱུར༔ བཀའ་བརྒྱད་སྒྲུབ་ཐབས་མང་ལགས་ཀྱང་༔ འདི་ནི་སྙིང་པོའི་ཡང་བཅུད་ཡིན༔ ཉམས་སུ་ལེན་པའི་སྐྱེས་བུ་ཀུན༔ འབྲེལ་བ་ཙམ་གྱིས་སངས་རྒྱས་འགྱུར༔ མི་བསླུ་ངེས་པ་པདྨའི་བཀའ༔ བཀའ་སྲུང་དྲེགས་པ་སྡེ་དགུར་གཏད༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་ཉི་ཤུ་རྩ་དྲུག་གི་བར་དུ་བཀའ་རྒྱ་བྱས་མཐར་སྨོན་ལམ་གྱིས་འབྲེལ་བའི་སློབ་བུ་གང་ཤར་རང་གྲོལ་རེ་བཀོང་པ་བསོད་རྒྱལ་དང་ཀླུ་འབུམ་རྒྱལ་གཉིས་ཀྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།