TTDL-ZABTER-06-CHA-012

From Dudjom Wiki
Revision as of 09:45, 4 June 2024 by Jeremi (talk | contribs)

TTDL-ZABTER-06-CHA-012
Wylie title TTDL-ZABTER-06-CHA-012.pdf
Location bdud 'joms gling pa zab gter
Volume 6, Text 12, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དབུ་ཁྲིད་བརྡ་ཡིག༔ ༡༣༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་སྒྲུབ་སྡེ་དགུའི་གསང་སྒྲུབ་ཆུ་གཏེར་འདུས་པའི་སྨད་ལས་འཁོར་བ་ཡོངས་སྒྲོལ་གྱི་ཕུར་གདབ་གུད་སྦས་བཞུགས་སོ༔ ན་མོ་གུ་རུ་ཤྲཱི་བཛྲ་ཀྲོ་ཏ་ཡེ༔ ༠༠༠༠༠༠བརྡ་ཡིག༔ ༡༣༥གཟུང་འཛིན་གཉིས་རྟོག་དབུ་མར་རབ་སྒྲོལ་ཞིང་༔ ཡེ་ཤེས་ཐུགས་རྗེས་འགྲོ་ལ་ཕན་བདེ་སྤེལ༔ སྟོང་ཉིད་སྙིང་རྗེས་ཞེ་སྡང་དོང་ནས་སྤྲུགས༔ བཛྲ་ཀུ་མཱ་ར་ལ་ཕྱག་འཚལ་ལོ༔ མ་འོངས་ལས་ཅན་སྐལ་བཟང་ཕོ་མོ་ཡིས༔ སངས་རྒྱས་བསྟན་པའི་དགྲ་སྡེ་བརླག་བྱའི་ཕྱིར༔ དྲག་སྔགས་ནུས་མཐུ་སྲོག་གི་གཏའ་རུ་ཟུངས༔ སྙིང་རྗེ་ཆེན་པོ་དམ་ཚིག་འདོར་མི་རུང་༔ དེ་ཕྱིར་རྫོང་འཕྲང་སྲོག་གསུམ་གནད་ལྡན་པས༔ ལས་ཕུར་ཆེན་པོ་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ ང་ནི་དཔལ་ཆེན་སྒྲུབ་སྡེ་དགུ་ཡི་ལྷ༔ བདུན་བརྒྱ་ཉེར་ལྔའི་ཚོམ་བུའི་འདུ་འཕྲོ་འཁྲིགས༔ ཕྱོགས་རིས་བྲལ་བའི་ཡེ་ཤེས་ཉི་མ་ཤར༔ བརྩེ་ཆེན་ལྕགས་ཀྱུས་དགྲ་བགེགས་སྒྲོལ་བར་བརྩམས༔ ཧཱུྃ༔ བདག་ཉིད་དཔའ་བོ་ཧེ་རུ་ཀ་དཔལ་གྱི༔ ཕྱག་གཡས་ཐབས་ཀྱི་རང་བཞིན་ཟླ་བའི་དལ༔ རྩེ་སོར་ལྔ་པོ་རྒྱལ་བ་རིགས་ལྔའི་ཀློང་༔ གཡོན་པ་ཤེས་རབ་རང་བཞིན་ཉི་མའི་དལ༔ རྩེ་སོར་ལྔ་པོ་ཡུམ་ལྔའི་དཀྱིལ་འཁོར་ཏེ༔ རིགས་ལྔ་ཡབ་ཡུམ་སྦྱོར་ལས་བྱུང་བ་ཡི༔ སྲས་མཆོག་དཔལ་ཆེན་བཛྲ་ཀུ་མཱ་ར༔ སྐུ་སྟོད་ཁྲོ་རྒྱལ་འབར་བའི་རྣམ་འགྱུར་ཅན༔ སྨད་ནི་ལྕགས་ཕུར་མེ་ཡི་ཚྭ་ཚྭ་འཕྲོ༔ དབུ་ལ་བསྐལ་པ་བཟང་པོའི་སངས་རྒྱས་རྫོགས༔ སྐེད་པར་ཚོམ་བུ་དགུ་ཡི་འདུ་འཕྲོ་འཁྲིགས༔ སྨད་ལ་གནས་གསུམ་མཁའ་འགྲོའི་སྤྲོ་བསྡུ་འགྱེད༔ ཟུར་ལ་ལས་བྱེད་ཕོ་ཉ་ཉི་རྡུལ་བཞིན༔ ལོགས་ལས་ལྕེ་སྤྱང་མང་པོ་རླུང་ལྟར་འཚུབས༔ རང་འདྲའི་གནམ་ལྕགས་ཕུར་བུ་འདུ་འཕྲོ་འཁྲིགས༔ སྐུ་འགྱིང་གསུང་བསྒྲགས་ཐུགས་ནི་གཡོས་པ་ཡིས༔ ཁམས་གསུམ་འཁོར་བ་དབྱིངས་སུ་སྒྲོལ་བར་བྱེད༔ དེ་ནས་ཉེས་བསྒྲགས་བྱ་བ་ནི༔ ཧཱུྃ༔ ངན་སོང་གསུམ་གྱི་གཞི་ཚང་ལས་ངན་འདི༔ དང་པོ་ཞེ་སྡང་ཕ་ཡི་རྒྱུ་ལས་བསྐྱེད༔ བར་དུ་འདོད་ཆགས་མ་ཡི་མངལ་ལས་བྱུང་༔ ཐ་མ་གཏི་མུག་ལས་ཀྱི་གཟུགས་ཕུང་གྲུབ༔ ཉོན་མོངས་དུག་ལྔ་མེ་ལྟར་འབར་བ་ལས༔ སངས་རྒྱས་བསྟན་པ་གཉན་པོ་བཤིག་པར་བྱེད༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨ་ཕབ་ཅིང་༔ མཚན་ལྡན་བླ་མ་དམ་པའི་སྐུ་ལ་བསྡོས༔ རྒྱུ་འབྲས་བསླུ་མེད་དགེ་བཅུ་ཁྱད་དུ་བསད༔ དབང་གྲལ་ལ་འཚང་དམ་ཚིག་ཉམས་ཆག་བསགས༔ སྒྲུབ་པའི་སྒོ་གཏོར་བཤད་སྒྲུབ་མཁོན་འཛིན་བསླང་༔ རྣམ་ཤེས་ངན་སོང་གནས་སུ་ས་བོན་ཐེབས༔ བསྒྲལ་བའི་ཞིང་བཅུ་ཚང་བའི་བདུད་སྡེ་འདི༔ ཉམས་པ་བདུན་ལ་གཏོགས་པའི་རིགས་ཡིན་པས༔ ཐུགས་རྗེའི་ཐབས་ཀྱིས་བསྒྲལ་བར་མ་བྱས་ན༔ རྡོ་རྗེའི་དམ་ཚིག་ཟབ་མོ་ཉམས་པར་གྱུར༔ ཨེ་མ༔ ཁམས་གསུམ་འཁོར་བའི་སེམས་ཅན་རྣམས༔ མ་རྟོགས་འཁྲུལ་པ་སྙིང་རེ་རྗེ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེས་གཏམས་བྱས་ནས༔ རྣམ་པར་ཤེས་པ་ཆོས་སྐུར་བསྒོམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་རཱུ་ཏྲ་ཨཱཿཕཊ༔ དེ་ནས་ཚེ་ཁྲུས་གནས་གསུམ་ནི༔ ཕུར་པ་དགྲ་བགེགས་ཀྱི་སྙིང་གར་གདབ་པས་བླའི་ངོ་བོ་ཧྲཱིཿཡིག་དཀར་པོའི་རྣམ་པར་བྱུང་སྟེ་ཕུར་པ་ལ་ཐིམ་པས་ངང་མེར་གྱིས་སོང་བར་བསམ༔ ཡང་ཕུར་པ་དགྲ་བགེགས་ཀྱི་སྙིང་གར་བཏབ་པས་གཟས་པ་པོའི་ཚེ་བསོད་ནམས་ནྲྀཿཡིག་ལྗང་གུའི་རྣམ་པར་དྲངས་ཏེ་ཁོང་གསེང་ནས་མ་དག་པའི་དྲི་མ་ཉེས་སྐྱོན་ཐམས་ཅད་དག་པར་བྱས༔ བདག་ཧེ་རུ་ཀའི་ཐུགས་ཀར་ཐིམ་པས་ཚེ་བསོད་རབ་ཏུ་རྒྱས་པར་བསམ༔ ཡང་ཕུར་པ་དགྲ་བགེགས་ཀྱི་སྙིང་གར་གདབ་པས་གཟས་པ་པོའི་ལས་ཉོན་གྱི་དྲི་མ་ཐམས་ཅད་སྐད་ཅིག་ཉིད་ལ་དག་པར་བྱས་ཏེ༔ རྣམ་པར་ཤེས་པ་ཨ་དཀར་པོའི་རང་བཞིན་དུ་གནས་པ་ཕུར་པའི་རྩེ་མོར་འུབ་ཀྱིས་རྔུབས་ཏེ་ཁོང་གསེང་ནས་དྲངས་ལ༔ མདུན་བསྐྱེད་གཙོ་བོའི་ཐུགས་ཀར་བསྟིམ་པས་སྐུ་གསུམ་ཡེ་ཤེས་ཀྱི་དགོངས་ཀློང་ཆེན་པོར་སད་པར་བསམ༔ ཨཱཿཕཊ༔ ཨཱཿཕཊ༔ ཨཱཿཕཊ༔ དབྱིངས་རིག་གཉིས་མེད་ཆོས་སྐུའི་ལྷུམས་སུ་བསྲེ༔ ཕུང་པོར་རྡོ་རྗེའི་མཚོན་ཆས་ཆར་ཆེན་དབབ༔ བསྒྲལ་འདྲེན་དྲག་པོས་རང་གཞན་དོན་གཉིས་འགྲུབ༔ ཐེ་ཚོམ་མེད་དོ་རྡོ་རྗེ་པདྨའི་བཀའ༔ ཤིན་ཏུ་ཟབ་པ་ཡང་སྙིང་འདུས་པའི་སྐོར༔ མ་འོངས་སྙིགས་མ་སུམ་ཅུ་ཁ་རལ་དུས༔ ང་སྤྲུལ་བདུད་འཇོམས་རྡོ་རྗེའི་དཔལ་དུ་ཤོག༔ བཀའ་ལོག་ལག་ཏུ་མ་ཤོར་དམའ་རུ་རྩེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་ཆོས་ཀྱི་བདག་པོ་ཕུན་ཚོགས་བཀྲ་ཤིས་ཀྱིས་བསྐུལ་ངོར་བདག་འདྲ་དཔའ་བོ་བདུད་འཇོམས་རྡོ་རྗེས་ཟབ་གསང་མཁའ་འགྲོའི་བརྡ་རིས་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཡོངས་གྲུབ་རིག་པའི་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།